Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་འཛམ་གླིང་ཞི་བདེའི་མཆོད་རྟེན་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་གདན་ཞུ་ཕུལ་འདུག

བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Ram Nath Kovind མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ལ་མངའ་སྡེ་དེའི་རྒྱལ་པོའི་ཁབ་ཏུ་རྟེན་གཞི་བྱས་པའི་ Vishwa Shanti Stupa ཞེས་འཛམ་གླིང་ཞི་བདེའི་མཆོད་རྟེན་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་གདན་ཞུ་ཕུལ་འདུགཁ་ཉིན་ཕྱི་ཚེས་ ༤ ཉིན་ The Times of India དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༡༩༤༧ ལོར་ཉི་ཧོང་གི་ནང་པའི་བཙུན་པ་ Fujii Nichidatsu ལགས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་ཞི་བདེ་ཁྱབ་སྤེལ་གནང་སླད་དུ་འཛམ་གླིང་ཞི་བདེའི་མཆོད་རྟེན་ ༨༠ གསར་སྐྲུན་གྱི་རྐང་འགན་བཞེས་ཡོད་པ་ལྟར། ཕྱི་ལོ་ ༡༩༦༩ ལོར་ཁོང་གིས་རྒྱལ་པོའི་ཁབ་ཏུའང་འཛམ་གླིང་ཞི་བདེའི་མཆོད་རྟེན་གསར་བཞེངས་གནང་ཡོད་པ་དང་། ད་ཆ་མཆོད་རྟེན་དེ་དབུ་བརྙེས་ནས་མི་ལོ་ངོ་ ༥༠ འཁོར་བའི་ལྔ་བཅུའི་དུས་སྟོན་འཁེལ་གྱི་ཡོད་སྟབས། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་དྲུང་ཡིག་ཆེན་མོ་ Deepak Kumar ལགས་ལ་རིང་མིན་ཟླ་ ༡༠ ཚེས་ ༢༥ ཉིན་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Ram Nath Kovind མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ལ་ལྔ་བཅུའི་མཛད་སྟོན་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བཀྲིན་བསྐྱང་གནང་ཡོང་བའི་གདན་ཞུ་གསོལ་འདེབས་ཕུལ་དགོས་པར་བཀའ་མངགས་གནང་ཡོད་པ་རེད།རྩ་བའི་ Vishwa Shanti Stupa ཞེས་འཛམ་གླིང་ཞི་བདེའི་མཆོད་རྟེན་དེ་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་ལྟ་གྲུབ་ལས་བློ་འགུལ་ཐེབས་པའི་ཉི་ཧོང་གི་བཙུན་པ་  Nichidatsu Fujii ལགས་ཀྱིས་རྐང་འགན་བཞེས་ཐོག་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་ Hiroshima དང་། Nagasaki གྲོང་ཁྱེར་གཉིས་ནང་ལ་རྡུལ་ཕྲན་མཚོན་ཆ་སྤྱོད་པར་བརྟེན་མི་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བའི་གནས་སྟངས་ལ་གདོང་ལེན་གྱི་ཚུལ་དུ་འཛམ་གླིང་ས་ཕྱོགས་གང་སར་ཞི་བདེ་ཁྱབ་སྤེལ་གནང་ཕྱིར་འཛམ་གླིང་ཞི་བདེའི་མཆོད་རྟེན་ ༨༠ གསར་སྐྲུན་གྱི་རྐང་འགན་བཞེས་ཡོད་པ་ལྟར། རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ཁོངས་གཏོགས་རྒྱལ་པོའི་ཁབ་ཏུའང་འཛམ་གླིང་ཞི་བདེའི་མཆོད་རྟེན་གསར་སྐྲུན་གནང་ཡོད་པ་དང་། རྒྱ་གར་གྱི་སྲིད་འཛིན་བཞི་པ་སྐུ་ཞབས་ Varahagiri Venkata Giri མཆོག་གིས་ ༡༩༦༩ ལོར་དབུ་འབྱེད་གནང་བ་ཞིག་ཡིན་པ་རེད། སྐུ་ཞབས་ Nitish མཆོག་གིས་ད་དུང་རྒྱལ་པོའི་ཁབ་ཏུ་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་འཁྲུངས་སྐར་དང་བསྟུན་དེ་འབྲེལ་མཛད་སྒོའི་ཆེད་དུ་ད་ལྟ་ནས་གྲ་སྒྲིག་གི་ལས་རིམ་གནང་མུས་ཡིན་སྐོར་གསུངས་འདུག

སངས་རྒྱས་པའི་ཆོས་འདི་ནི་འཛམ་གླིང་ཤར་ཕྱོགས་ཀྱི་ཉི་མ་ལྟ་བུ་ཆགས་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་དབུ་འཛུགས་གནང་སོང་།དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། དེ་རིང་ཟླ་ ༦ ཚེས་ ༣ ཉིན་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང། བོད་སློབ་ཁག་གི་བོད་ཕྲུག་སློབ་མ་རྣམས་ཀྱིས་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་བཀྲིན་བསྐྱངས་གནང་སོང་།༸གོང་ས་མཆོག་གིས་སྐབས་དེར་གཞོན་སྐྱེས་ཁྱེད་རང་ཚོ་བོད་གངས་ཅན་ལྗོངས་ནས་ཤ་ཁྲག་རུས་གསུམ་ལས་ཆད་པ་ཞིག་རེད། འོན་ཀྱང་སྐྱེས་ས་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་ལུང་མང་པོ་ཞིག་ཆགས་ཀྱི་ཡོད་པ་རེད། གང་ལྟར་ང་རང་ཚོས་བོད་རིགས་ཞེས་པའི་མིང་འདི་ཁྱེར་ནས་འགྲོ་ཡི་ཡོད་སྟབས། ང་ཚོའི་མི་རིགས་འདི་ལོ་རྒྱུས་ལས་ལོ་སྟོང་ཕྲག་བཞི་བཅུ་ལྷག་སོང་བའི་ས་འོག་གི་རྡོ་ཆས་རྙེད་པའི་དཔང་རྟགས་ཡོད་ཀྱང་། མི་རིགས་འདི་མི་རིགས་རྙིང་གྲས་ཡིན་པ་ཙམ་གྱིས་མི་འགྲིག་པར་གསར་གཏོད་རིགས་གང་དང་གང་གནང་ཡོད་མེད་ཐད་ལ་བསམ་བློ་གཏོང་དགོས་གལ་ཡིན་པར་བཀའ་བསྩལ་སོང་བ་མ་ཟད། ཕྱི་ལོའི་དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་མཁས་པ་ཐུ་མི་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་བོད་ཀྱི་སྐད་ལུགས་གཞིར་བཞག་ནས་བོད་ཀྱི་ཡི་གེ་གསར་དུ་བཏོད་སྐོར་སོགས་ངོ་སྤྲོད་མཛད་སོང་།ད་དུང་༸གོང་ས་མཆོག་གིས་མཁན་ཆེན་ཞི་བ་འཚོས་དེ་སྔ་བོད་ལ་བོད་རང་གི་སྐད་ཡིག་ལོགས་སུ་ཡོད་པར་བརྟེན་ལེགས་སྦྱར་དང་པཱ་ལི་ནང་ཡོད་པའི་ནང་པའི་གཞུང་དེ་དག་བོད་སྒྱུར་གནང་དགོས་པར་ལམ་སྟོན་གནང་བ་ལྟར་སྔར་གྱི་ལོ་པཎ་ཚོས་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་ཡོངས་རྫོགས་བོད་ཡིག་རང་གི་ཐོག་ལ་ཕབ་བསྒྱུར་གནང་ཡོད་སྟབས། སངས་རྒྱས་པའི་ཆོས་ཚང་ལ་མ་ནོར་བ་བོད་ཡིག་ཁོ་ནས་འགྲེལ་བརྗོད་ཐུབ་པ་མ་ཟད་ཉམས་ལེན་ཡང་གནང་རྒྱུ་ཡོད་པར་བཀའ་བསྩལ་སོང་།ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་ལ་ནང་པ་སངས་རྒྱས་པའི་ཆོས་འདི་འཛམ་གླིང་ཤར་ཕྱོགས་ཀྱི་ཉི་མ་ལྟར་བསྟན་འགྲོ་ཡོངས་ལ་ཕན་ཐོགས་ཆེན་པོ་ཆགས་ཡོད་པ་མ་ཟད། དེའི་འབྱུང་ཁུངས་རྒྱ་གར་ལ་ཆ་མཚོན་ཆོས་བརྒྱུད་ཁྱད་མེད་ཀུན་འགྲོ་བ་མི་ལ་ཕན་ཐོགས་བྱུང་བཞིན་ཡོད་པ་ལྟར་ལོ་ངོ་སྟོང་ཕྲག་གོང་ནས་མཐུན་སྒྲིལ་ངང་ནས་གནས་ཡོད་པ་ཡི་རང་བསྔགས་བརྗོད་ཀྱང་མཛད་སོང་།༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆེད་དམིགས་ཀྱིས་བཀའ་བསྩལ་དོན། དེ་སྔ་ཕྱི་ལོ་ ༡༩༥༩ དང་ ༡༩༦༠ ནང་བོད་མི་གཞོས་སྐྱེས་ཚོ་མི་གཞན་དང་ཐུག་འཕྲད་བྱུང་སྐབས་རང་ཉིད་བོད་པ་ཡིན་ཞེས་བཤད་པར་ངོ་ཚ་བྱེད་ཀྱི་ཡོད་པ་རེད། རིམ་བཞིན་ལོ་བཅུ་དང་བཅོ་ལྔ་སོང་རྗེས་བོད་རིགས་གཞོན་སྐྱེས་ཁག་གཅིག་ནས་རང་ཉིད་བོད་པ་ཡིན་ཞེས་སྤོབས་པ་སླེབས་ཡོད་པ་རེད། དེ་འདྲ་སོང་ཙང་ང་ཚོའི་མི་རིགས་འདི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པས་དེར་སྤོབས་པ་བྱེད་དགོས་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།རྩ་བའི་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཚོགས་ཀྱི་ཡོད་པ་དང་། འདི་ལོའི་ནང་ཆོས་ངོ་སྤྲོད་ཐེངས་ ༡༣ ཐོག་འཛམ་གླིང་རྒྱལ་ཁབ་ ༦༡ གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ ༤༢༢༧ ལྷག་དང་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ། དེ་བཞིན་འཛིན་རིམ་བཅུ་པ་ནས་བཅིུས་བར་གྱི་བོད་རིགས་སློབ་མ་ཁྱོན་ ༣༠༠༠ བཅས་ཆོས་ཞུ་བ་ ༧༢༢༧ ལྷག་གིས་མཉམ་ཞུགས་གནང་འདུག༸གོང་ས་མཆོག་གིས་དེ་རིང་ཟླ་ ༦ ཚེས་ ༣ ཉིན་ཚོད་ ༩༌༣༠ ནས་ ༡༠༌༣༠ བར་བོད་རིགས་གཞོན་སྐྱེས་གཙོ་གྱུར་དོན་གཉེར་བ་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་མཛད་པ་དང་། དེ་རྗེས་༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་ནས་བཀའ་ཆོས་བསྐྱར་བཤད་གནང་ཡོད་པ་དང་། སང་ཉིན་ཚེས་ ༤ ཉིན་ ༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་ནས་བཀའ་ཆོས་བསྐྱར་བཤད་དང་བཀའ་འདྲིར་བཀའ་ལན་བསྩལ་གནང་གི་ཡོད་པ་རེད།བཀའ་ཆོས་དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱ་ Dalialama.com ཐོག་ཐད་གཏོང་གནང་གི་འདུག་པ་དང་། གསུང་ཆོས་རིང་བོད་སྐད་དང་། རྒྱ་སྐད། ཧིན་དྷི། དབྱིན་སྐད། ཉི་ཧོང་སྐད། ཀོ་རི་ཡའི་སྐད། ཝི་ཏི་ནམ་གྱི་སྐད། ཨི་ཊ་ལིའི་སྐད་བཅས་སུ་གསུང་བསྒྱུར་གནང་གི་ཡོད་པ་རེད།

གོ་ལའི་གནམ་གཤིས་འགྱུར་ལྡོག་ལས་འགུལ་བ་ Greta Thunberg ལགས་ལ་བསྔགས་བརྗོད་མཛད་པ།

ཕྱི་ཚེས་ ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་གོ་རྟོགས་དང་། ཞུ་སྐུལ་སོགས་ཀྱི་ལས་འགུལ་སྤེལ་མཁན་བུ་མོ་ན་ཆུང་ Greta Thunberg ལགས་ཀྱི་ལས་དོན་ལ་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ཀྱང་རྣམ་ཀུན་ནས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་འཛམ་གླིང་འདི་གཏོར་བཤིག་གཏོང་རྒྱུའི་ནུས་པ་དེ་འགྲོ་བ་མི་གཅིག་པོར་ཡོད་པ་བཞིན། འཛམས་གླིང་འདི་སྲུང་སྐྱོབ་གནང་རྒྱུའི་ནུ་པ་དེ་འགྲོ་བ་མི་གཅིག་པོར་ཡོད་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་སོགས་བཀའ་འགྲེལ་དང་འབྲེལ་ཏེ་ན་ཆུང་བུ་མོ་ Greta Thunberg ལགས་ཀྱིས་ཚན་རིག་མཁས་པའི་གྲུབ་དོན་དང་མཐུན་པོའི་ཆེས་ཛ་དྲག་གི་གནས་སུ་འགྱུར་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཕྱག་ལས་གནང་མུས་ཡིན་པར་ཡི་རང་བསྔགས་བརྗོད་ཡོད་ཅེས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ Greta Thunberg ལགས་ཀྱིས་ད་བར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བ་དེས་རྒྱལ་སྤྱིའི་མང་ཚོགས་ཁྲོད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གལ་ཆེའི་རང་བཞིན་རྣམས་ཆེས་མངོན་གསལ་གནང་ཐུབ་ཡོད་པ་མ་ཟད། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་གོ་ལའི་གནམ་གཤིས་འགྱུར་ལྡོག་གྱི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱེད་རྒྱུར་སེམས་འགུལ་ཐེབས་འཇུག་པར་ཆེ་བསྟོད་དང་སྦྲགས། མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་སླད་མར་ལས་འགུལ་རྣམས་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུགགཞི་རྩའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལས་འགུལ་བ་ Greta Thunberg ལགས་ནི་ཡོ་རོབ་ Sweden རྒྱབ་ཁབ་ཀྱི་མི་སེར་དང་ད་ལྟའི་ཆར་རང་ལོ་ ༡༦ ཡིན་པ་རེད།  ཁོང་གིས་དེ་སྔ་ ༢༠༡༨ ལོར་ Sweden རྒྱབ་ཁབ་ཀྱི་གྲོས་ཚོགས་མདུན་དུ་འགོ་ཁྲིད་རྣམས་ཁོར་ཡུག་གྱི་གནད་དོན་ལ་དོ་སྣང་དགོས་པ་སོགས་ཀྱི་ཤོག་བྱང་བསྣམས་ཏེ་ཁེར་རྐྱང་གིས་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། ལོ་དེར་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་འདོད་པ་ཡོད་མེད་ལ་ལྟོས་མེད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་ནི་དངོས་འབྲེལ་ཡིན་སྟབས། ཞལ་ཞེ་གཉིས་མེད་ངང་ནས་ལས་འགུལ་སྤེལ་དགོས་པ་སོགས་ཞུ་སྐུལ་གསུང་བཤད་གནང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་གསུམ་པ་དང་ལྔ་པའི་ནང་ལ་ཁོང་གིས་དབུ་འཛུགས་གནང་བའི་ School strike for the climate ཞེས་ཁོར་ཡུལ་དོན་དུ་ངོ་རྒོལ་གྱི་ལས་འགུལ་དེར་རྒྱལ་སྤྱིའི་རྒྱལ་ཁབ་ ༡༢༥ འི་མང་ཚོགས་དང་སློབ་གྲྭར་སློབ་གཉེར་གནང་བཞིན་པའི་སློབ་མ་ས་ཡ་གཅིག་ལྷག་ནས་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་ཡོད་པ་རེད། ལྷག་དོན་རྒྱལ་སྤྱིའི་མང་ཚོགས་མང་དུ་མས་ཁོང་གི་ལས་འགུལ་དེར་ཡི་རང་བསྔགས་བརྗོད་ཞུ་མུས་ཡིན་པ་མ་ཟད། ནོར་ཝེ་གྲོས་ཚོགས་ནས་ཀྱད་ Greta Thunberg ལགས་ལ་ཆེ་བསྟོད་དང་སྦྲགས་ཏེ་འདི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་ཁོངས་སུ་མཚན་འདོན་གནང་ཡོད།

ཆོས་དད་རང་དབང་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་ངོས་རང་བཅར་མ་ཐུབ་པར་བློ་ཕམ་ཡོད།

ཁ་སང་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་ནུབ་ Taiwan གྱི་རྒྱལ་ས་ Hsinchu ནང་ International Conference on Religious Freedom ཞེས་ཆོས་དད་རང་དབང་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༤ པ་དེ་དབུ་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་གོ་སྒྲིག་ཚོགས་ཆུང་གིས་བོད་མིའི་བླ་ན་མེ་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གསོལ་འདེབས་ཞུས་ཡོད་ཀྱང་མགོན་པོ་༸གང་ཉིད་མཆོག་གིས་ཟླ་ ༥ ཚེས་ ༢༥ ཉིན་བསྩལ་བའི་གསུང་འཕྲིན་ནང་ད་རེས་ལྷན་ཚོགས་དེའི་ཐོག་ངོས་རང་གདན་ཞུ་གནང་ཡོད་ཀྱང་དེར་བཅར་མ་ཐུབ་པར་བློ་ཕམ་ཡོད་ཅེས་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ཐེ་ཝན་གྱི་རྒྱལ་ཁབ་ནི་མང་གཙོའི་ནུས་ཤུགས་རྒྱ་ཆེར་སྤེལ་མཁན་ཞིག་དང་། ལྷག་དོན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་གཟིགས་ཀྱི་ཡོད་པ་བཀའ་གནང་བ་དང་འབྲེལ། ཆོས་དད་རང་དབང་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པ་མ་ཟད། ཆོས་བྱེད་དང་མི་བྱེད་ནི་འཛམ་བུ་གླིང་འདིའི་ནང་དུ་ཡོད་པའི་སྐྱེ་བོ་ཚང་མར་རང་དབང་ཡོད་པ་དེ་ལྟར་ཡང་། རང་ཉིད་ཀྱི་ངོས་ནས་ཆོས་ཤིག་ཁས་བླངས་ཟིན་རྗེས་དེའི་ཐོག་བློ་སྦྱོང་བྱེད་དགོས་པ་དང་ཉིན་རེའི་འཚོ་བའི་ནང་དངོས་སུ་ཉམས་ལེན་བྱེད་དགོས་པ་ནི་གལ་ཆེར་དགོངས་བཞིན་ཡོད་ཅེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ཀྱི་གྲུབ་འབྲས་སུ་བྱམས་པ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་ཐོག་ནས་ཕན་ཚུན་དབར་མི་གཅིག་མཚུངས་ཡིན་པའི་གུས་བརྩིའི་བསམ་བློ་གོང་སྤེལ་ཡོང་བ་དང་། ལྷག་དོན་འགྲོ་བ་སྤྱིའི་འཕྲལ་ཕུགས་ཀྱི་བདེ་རྩར་དམིགས་ཏེ་ཞི་བདེ་གོང་སྤེལ་གནང་ཐུབ་པར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད།རྩ་བའི་ཉེ་ལམ་ཚེས་ ༢༣ ཉི་ཐེ་ཝན་གྱི་རྒྱལ་ས་ Taipei ནང་ཡུལ་དེའི་ National Congress organization ཆབ་སྲིད་ཚོགས་པའི་འཐུས་མི་སྐུ་ཞབས་ Ted Lau ལགས་དང་། Jerry Cheng ལགས། ཐེ་ཝན་ Jury Association ཚོགས་པའི་ངེས་སྟོན་པ་སྐུ་ཞབས་ Lin Ping-chuan ལགས་བཅས་ནས་གསར་འགོད་ལྷན་ཚོགས་ཤིག་གནང་ཐོག་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ Tsai Ing-wen ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་གདན་ཞུ་མ་གནང་བ་ནི་རྒྱ་ནག་གཞུང་ལ་སྐྲག་པ་ཞིག་ཡིན་ནམ་ཞེས་ཟུར་ཟའི་སྐྱོན་བརྗོད་གནང་ཡོད་པ་རེད།  སྲིད་འཛིན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་འཕྲིན་བསྩལ་ནས་ལྷན་ཚོགས་སུ་སྦྱིན་གྱིས་རླབས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་སྦྲགས། མགོན་པོ་མཆོག་གི་ཐུགས་རེ་ལྟར་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་གོང་སྤེལ་ཡོང་བའི་རེ་བ་ཡོད་ཅེས་གསུངས་འདུག གཞི་རྩའི་ཐེ་ཝན་ལ་ཆ་མཚོན་ན་དེ་སྔ་༸གོང་ས་མཆོག་ཐེངས་ཁ་ཤས་ཆིབས་བསྒྱུར་མཛད་མྱོང་ཡོད་ཀྱང་འདས་པའི་ལོ་ཤས་ནང་རྒྱ་ནག་གིས་གནོན་ཤུགས་དང་༸གང་ཉིད་མཆོག་གི་དགུང་ལོའི་བབས་ཀྱི་ཆ་ནས་མགོན་པོ་མཆོག་ཐེ་ཝན་དུ་དངོས་སུ་ཆིབས་བསྒྱུར་མཛད་ཐུབ་མེད་ནའང་། འདོ་ལོའི་ཕྱི་ཟླ་ ༣ པའི་ནང་ཡུལ་དེའི་དད་ལྡན་མང་ཚོགས་རྣམས་ལ་དྲྭ་རྒྱའི་ཐོག་ནས་བཀའ་ཆོས་བསྩལ་ཡོད་པ་དང་སྐབས་དེར་༸གོང་ས་མཆོག་གིས་༸གང་ཉིད་མཆོག་དགུང་ལོའི་བབས་དང་ཆབ་སྲིད་ཀྱི་གནད་དོན་སོགས་ཀྱི་རྐྱེན་པས་༸གང་ཉིད་མཆོག་ཐེ་ཝན་དུ་དངོས་སུ་ཆིབས་བསྒྱུར་མཛད་མ་ཐུབ་ནའང་ཐེ་ཝན་དད་ལྡན་རྣམས་ལ་འདི་ལྟ་བུའི་དུས་ནས་དུས་སུ་དྲྭ་ཐོག་བརྒྱུད་བཀའ་ཆོས་བསྩལ་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་ཡོད་པ་རེད།

ཨ་རིའི་གཞུང་ཚབ་པས་བོད་ཀྱི་གནད་དོན་ཐོག་གང་གསུངས་བར་ཕྱག་ལེན་དོན་འཁྱོལ་གནང་དགོས།

ཨ་རིར་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ལམ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Terry Branstad ལགས་ཀྱིས་བོད་ནང་གཞུང་འབྲེལ་འཚམས་གཟིགས་བརྒྱུད་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་གཞི་རྩའི་བཞེངས་ཕྱོགས་བསྐྱར་ནན་གནང་བར་སྔགས་བརྗོད་དང་འབྲེལ། གཞུང་ཚབ་པ་མཆོག་གིས་ད་ཆ་བོད་ཀྱི་གནད་དོན་ཐོག་གང་གསུངས་པ་དེའི་ཐོག་དོན་དམ་པས་ཕྱག་ལེན་དོན་འཁྱོལ་གནང་དགོས་ཞེས་གསུངས་འདུགལས་འགུལ་ཁང་གིས་ཁ་སང་སྐུ་ཞབས་ Terry Branstad ལགས་ནས་ཐེངས་འདིའི་བོད་ནང་གི་འཚམས་གཟིགས་བརྒྱུད་བོད་རྒྱ་གཉིས་ཀྱི་དཀའ་རྙོག་གྲོས་མོལ་བརྒྱུད་ནས་སེལ་རྒྱུ་དང་། བོད་མི་རྣམས་ལ་ཆོས་ལུགས་རང་དབང་སྤྲོད་དགོས་པ། ཕྱི་མི་བོད་ནང་རང་དབང་ཐོག་ནས་འགྲུལ་སྐྱོད་ཆོག་པ་བཅས་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་གཞི་རྩའི་བཞེངས་ཕྱོགས་གསུམ་ནན་གསུངས་ཀྱིས་བསྐྱར་ནན་གནང་ཡོད་སྟབས། ཁོང་གི་འཚམས་གཟིགས་དེ་ནི་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཡོད་པར་གསུངས་འདུག རྩ་བའི་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lu Kang ཡིས་སྐུ་ཞབས་ Branstad ལགས་ནས་བོད་ནང་གི་འཚམས་གཟིགས་ཁྲོད་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༦༠ སོང་བའི་ཁྲོད་བོད་མིའི་འཚོ་བ་དང་དཔལ་འབྱོར། སྤྱི་ཚོགས་སོགས་འཕེལ་རྒྱས་འགྲོ་བར་གཟིགས་རྒྱུ་དང་། དེའི་བརྒྱུད་ཁོང་ནས་དེ་འབྲེལ་ཕྱོགས་ལྷུང་མེད་པར་བོད་ཀྱི་དངོས་ཡོད་གནས་སྟངས་ལ་མཐའ་སྡོམ་གནང་བའི་རེ་བ་ཡོད་པར་བརྗོད་ཀྱང་། སྐུ་ཞབས་ Branstad ལགས་ཀྱིས་འཚམས་གཟིགས་ལེགས་གྲུབ་རྗེས་སུ་སྤྱི་བསྒྲགས་ཤིག་སྤེལ་བ་དང་སྦྲགས། རྒྱ་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་དང་ཡང་ན་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་སླད་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པ། དེ་བཞིན་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་དང་ལྷག་པར་དུ་བོད་ནང་ཕྱི་མི་རང་དབང་སྒོ་ནས་འདྲ་མཉམ་གྱི་འགྲུལ་སྐྱོད་ཆོག་པའི་གནད་དོན་བཅས་གླེང་སློང་གནང་ཡོད།   ཁ་སང་པེ་ཅིང་དུ་ཚོགས་པའི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་སྐབས་ Lu Kang ལ་ཨ་རིའི་གཞུང་ཚབ་མཆོག་གིས་གསུངས་པའི་བཀའ་མོལ་སྐོར་ལ་བཅར་འདྲི་ཞུ་སྐབས་ཁོང་གིས་ཨ་རིའི་གཞུང་ཚབ་མཆོག་ནས་བོད་རང་སྐྱོང་ལྗོངས་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་བཟང་ཕྱོགས་ཀྱི་བཀའ་མོལ་གནང་ཡོད་པ་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་ནས་ཡུལ་དེའི་ནང་སྲིད་ཀྱི་གནད་དོན་དང་ལྷག་པར་དུ་བོད་དོན་ཐད་ཀྱི་གནད་དོན་ལ་ཕྱི་ཕྱོགས་ནས་ཐེ་བྱུས་རིགས་བྱེད་པར་མཐའ་གཅིག་ཏུ་དགག་པ་ཡོད་པར་བསྐྱར་ནན་བྱས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཞབས་ Branstad ལགས་ནས་སྤྱིར་བསྒྲགས་ནང་འཚམས་གཟིགས་ཁྲོད་རྒྱ་གཞུང་ནས་ཁོང་ལ་ས་ཁུལ་གང་དུ་ཕེབས་རྒྱུ་དང་མི་སྣ་སུ་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་རང་དབང་ཇི་ཙམ་སྤྲོད་ཡོད་མེད་ཐད་ལ་གང་ཡང་གསུངས་མེད་པ་དང་། བརྒྱུད་ལམ་ཁག་གཅིག་གིས་ཨ་རི་གཞུང་ཚབ་པ་བོད་ནང་འཚམས་གཟིགས་གནང་སྐབས་བོད་མི་མང་ཚོགས་ནས་དེ་འབྲེལ་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་དང་། རྒྱ་གཞུང་ནས་ཁོང་གི་འཚམས་གཟིགས་ཀྱི་གནད་དོན་དེ་ཡང་ཆེས་དམ་དྲག་གི་གསང་བ་བྱས་སྟབས། སྐུ་ཞབས་ Branstad ལགས་སུ་འཚམས་གཟིགས་དེ་འབྲེལ་ཕྱོགས་ལྷུང་མེད་པར་ཞིབ་རྟོགས་གནང་རྒྱུའི་གོ་སྐབས་བྱུང་མེད་པར་གསུངས་འདུག ད་དུང་དེ་ལས་ནས་སྐུ་ཞབས་ Branstad ལགས་ཀྱིས་ཨ་རི་གཞུང་གི་བོད་ཐོག་འཛིན་པའི་བཞེངས་ཕྱོགས་རྣམས་བསྐྱར་ནན་གནང་བར་བསྔགས་བརྗོད་དང་ཆབས་ཅིག་ཏུ་ཨ་རི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་གཞུང་ལ་བོད་རྒྱ་གྲོས་མོལ་གནང་བར་སྐུལ་མ་དང་། བོད་ནང་ཕྱི་མི་རང་དབང་ཐོག་ནས་འགྲུལ་སྐྱོད་ཆོག་པའི་སྲིད་བྱུས་ཡོངས་ནས་ཕྱག་བསྟར། དེ་བཞིན་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་འབྲུ་དོན་ལས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་པར་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་ལ་རྒྱ་གཞུང་གི་མི་སྣ་ཨ་རི་ནང་དམ་དྲག་མེད་པར་འགྲུལ་སྐྱོད་ཆོག་པ་བཞིན་ཕྱི་མི་སྲིད་དོན་པ་དང་། གསར་འགོད་པ།  དེ་བཞིན་ཨ་རི་མི་སེར་རྣམས་བོད་ནང་འགོག་རྐྱེན་མེད་པར་འགྲུལ་སྐྱོད་ཆོག་དགོས་པ་དང་སྒོས་སུ་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་ཐད་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་བཏོན་གནང་བ་མ་ཟད། རྒྱ་གཞུང་ནས་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་གི་བོད་མིའི་གུས་བརྩི་དང་ཡིད་ཆེས་ཉོ་ཐུབ་ཀྱི་མེད་པས་དམར་ཤོག་ཚོགས་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ལམ་ལྷོང་བྱུང་མེད་པ་ཤེས་དགོས་པ་དང་། བོད་རྒྱ་གཉིས་ཞི་འགྲིག་ཡོང་བར་རྒྱ་གཞུང་ནས་ཡིན་གཅིག་༸གོང་ས་མཆོག་གམ་མགོན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་གནང་དགོས་སྐོར་གསུངས་ཡོད།

བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་དགོས།

ཁ་སང་ཕྱི་ཚེས་ ༢༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་གཟིམ་ཆུང་མཇལ་ཁར་ཕེབས་པའི་བོད་པ་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་རིན་ཐང་ངོ་སྤྲོད་སྦྲགས། བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་དང་བོད་ཡིག་ཐོག་དོ་སྣང་བྱེད་དགོས་གནད་ཡིན་པར་བཀའ་སློབ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེང་སང་འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་པོ་ཞིག་སེམས་འཁྲུགས་ཏེ་སེམས་པ་མ་སྐྱིད་པའི་ངང་གནས་བཞིན་པའི་དུས་སྐབས་དང་། ལྷག་པར་དུ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ཡིན་པ་ཕྱག་དཔེ་ཁག་ཏུ་གསུངས་པ་ཙམ་མ་ཟད། ཚན་རིག་མཁས་པ་ཚོས་ཀྱང་དེ་ལྟར་གསུང་བཞིན་ཡོད་ཀྱང་། མིའི་སྤྱི་ཚོགས་ཁྲོད་དུ་ང་དང་ཁྱོད་ཅེས་ཆགས་སྡང་གི་སྐད་ཆ་ཧ་ཅང་ཤུགས་ཆེན་པོ་ཤོད་པའི་དུས་སྐབས་འདིར་མཁན་ཆེན་ཞི་འཚོས་བོད་མི་ཚོར་རྩིས་སྤྲོད་གནང་བའི་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་ཉིད་རྟོགས་པའི་ལྟ་བ་རྩ་བར་བྱས་པའི་དཔལ་ནཱལེནྡཱའི་ཆོས་ཚུལ་དེ་ཧ་ཅང་གི་རིན་ཐང་ཆེན་པོ་ཡིན་པ་དང་། དེ་ལྟ་བུའི་རིན་ཐང་ཅན་གྱི་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་ཉིད་རྟོགས་པའི་ལྟ་བའི་སྐོར་འགྲེལ་བཤད་ཞིབ་ཚགས་པོ་དང་སྤུས་དག་པོ་བརྒྱབ་ཐུབ་མཁན་གྱི་སྐད་དེ་བོད་སྐད་ཁོ་ན་ཉིད་ཡིན་པ་སོགས་བཀའ་བསྩལ་དང་འབྲེལ། བོད་པ་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་རང་རེའི་ཕྲུ་གུ་ཚོར་བོད་སྐད་དང་བོད་ཡིག་སློབ་རྒྱུར་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས་པ་མ་ཟད། ལྷག་པར་དུ་གཞོན་སྐྱེས་ཚོ་སྡོད་ས་ཕྱིའི་རྒྱལ་ཁབ་ཡིན་ཀྱང་བོད་སྐད་དང་བོད་ཡིག་ཤེས་པ་ཞིག་བྱེད་རྒྱུར་དོ་སྣང་ཆེ་ཙམ་བྱེད་དགོས་ཞེས་ལམ་སྟོན་མཛད་འདུག  གཟིམ་ཆུང་མཇལ་ཁའི་ཐོག་ཕེབས་པའི་མི་རབས་རྒན་པ་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་ངང་ནས་ང་ཚོ་བོད་པ་ཚོས་དུས་རྒྱུན་ནས་ཚེ་རབས་ནས་ཚེ་རབས་བར་དུ་ཞེས་བཤད་སྲོལ་ཡོད་པ་ལྟར། ང་ཚོ་མི་ཚེ་གཅིག་གི་སྐད་ཆ་མིན་པར་ཚེ་རབས་ནས་ཚེ་རབས་བར་དུ་ངོ་ཤེས་སོགས་ཀྱི་འབྲེལ་བ་ཡོད་སྟབས། ཁྱེད་རྣམ་པ་འཆི་ཟིན་པའི་དུས་ཤིག་ཤར་ཤར་ཚེ་མགོན་པོ་༸གང་ཉིད་མཆོག་ནས་ཁ་བཏགས་ཤིག་བསྣམས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་བསྐལ་འཕགས་མཆོག་སྤྱན་རས་གཟིགས་ལ་མི་འདི་དང་འདི་ལ་ཚེ་རབས་ནས་ཚེ་རབས་བར་དུ་སྐྱབས་འཇུག་གནང་རོགས་ཞེས་ཐུགས་སྨོན་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་བ་དང་ཆབས་ཅིག ལོ་ན་རྒས་པོ་རྒས་མོར་ཕེབས་པ་རྣམས་བློ་བདེ་པོ་དང་ང་ཚོ་བོད་པའི་མི་རིགས་ལ་སྐྱེས་ཤིང་སངས་རྒྱས་ཀྱི་བསྟན་པ་དང་མཇལ་རྒྱུ་བྱུང་བ་འདི་ཤིན་ཏུ་སྐལ་བ་བཟང་པོ་ཡིན་སྙམ་ནས་འཆི་བའི་རིང་ལ་འགྱོད་པ་རྩ་བ་ནས་མེད་པ་ཞིག་དང་། ད་ལྟ་གསོན་པའི་རིང་ལ་མི་རབས་གསར་པ་ཚོར་ག་ཚོད་ཐུབ་ཐུབ་ཀྱིས་བོད་ཡིག་སློབ་ཡག་ཐོག་གཞེན་སྐུལ་དང་སློབ་གསོ་གནང་དགོས་ཞེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་སྤྱིར་ད་ལྟའི་ཆར་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་བོད་འདི་གནོན་ནས་བསྡད་ཡོད་ཀྱང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་རྒྱ་མི་རིགས་ཀྱི་ཆོས་དང་རིག་གཞུང་ལས་ལྷག་པ་མ་གཏོགས་སྐྱོ་བ་གཏན་ནས་མེད་པ་མ་ཟད། དེང་སྐབས་རྒྱ་མི་ས་ཡ་མང་པོ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཚུར་འཇུག་ཡོང་གི་ཡོད་པ་དང་། ལྷར་པར་དུ་བོད་ཀྱི་སངས་ཀྱི་ལྟ་གྲུབ་ཐོག་རྒྱལ་སྤྱིའི་ཚན་རིག་པ་ཚོས་ཀྱང་ངོ་མཚར་ཆེན་པོ་སྐྱེས་བཞིན་ཡོད་སྟབས། ང་ཚོ་བོད་པ་ཡིན་པའི་ཆ་ནས་སྤོབས་པ་བྱེད་འོས་པ་ཞིག་རེད་ཅེས་བཀའ་བསྩལ་འདུགགཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དང་དགུང་ནའི་བབས་ལ་གཞིགས་ཏེ་༸སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད་རྣམས་ནས་ཟླ་བ་སྔོན་མའི་མགོ་སྟོད་ནས་གང་ཟག་སྒེར་པར་གཟིམ་ཆུང་མཇལ་ཁ་གནང་རྒྱུ་མཚམས་འཇོག་གནང་ཡོད་པ་རེད།མཛད་འཆར་ལ་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རྨ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཚེས་ ༥  ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་བསྩལ་གཏན་ཁེལ་ཡོད་པ་རེད།

སྐུ་ཞབས་ Kailash Satyarthi མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ།

བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ Kailash Satyarthi མཆོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་སླད་བཞུགས་སྒར་དུ་ཆེད་ཕེབས་གནང་འདུག  སྐུ་ཞབས་ Kailash Satyarthi མཆོག་ནས་ཁ་སང་དང་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་ལྷན་དུ་དེང་དུས་ཀྱི་སྤྱི་ཚོགས་ནང་རྒྱ་གར་ནས་ཞབས་འདེགས་གང་ཞུ་ཐུབ་མིན་དང་། དེང་གི་འཛམ་གླིང་ནང་དཀའ་ངལ་གང་འཕྲད་མིན་སོགས་ཀྱི་གནད་དོན་ཐད་བཀའ་བསྡུར་གནང་དང་གནང་མུས་རེད་འདུག དེ་རིང་སྐུ་ཞབས་ Satyarthi མཆོག་སྔ་དྲོ་ཚོུད་ ༡༠༌༣༠ ཡོལ་ཙམ་ལ་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུས་རྗེས་གསར་འགོད་པས་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་༸གོང་ས་མཆོག་དང་མཇལ་འཕྲད་ནམ་བྱུང་ལ་རྟག་ཏུ་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ཀྱི་ཚོར་བ་ཤུགས་ཆེ་སྐྱེས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་དེ་བྱིས་པ་གཉིས་ཐུག་འཕྲད་བྱུང་བ་ལྟར་ཡིན་པ་དང་། ངོས་ནས་༸གོང་ས་མཆོག་ལ་ཆེས་གུས་བརྩི་ཡོད་པའི་ཁར་གྲོགས་པོ་ཞིག་གི་འདུ་ཤེས་ཐོག་ནས་བརྩེ་བ་ཡང་ཡོད་ཅེས་གསུངས་ཡོད།ལྷག་པར་དུ་ད་རེས་མགོན་པོ་༸གང་ཉིད་མཆོག་དང་ལྷན་དུ་འཛམ་གླིང་ནང་ལོ་ངོ་སྟོང་ཕྲག་རིང་འཕྲད་བཞིན་པའི་དཀའ་ངལ་དང་མ་འོངས་པར་དཀའ་ངལ་གསར་པ་གང་འཕྲད་སྲིད་མིན། དཀའ་ངལ་དེ་དག་གླེང་སློང་གནང་ཕྱོགས་ཐད་བཀའ་བསྡུར་གནང་བ་མ་ཟད། ༸གོང་ས་མཆོག་དང་ཁོང་ནས་འགྲོ་བ་མིའི་རང་བཞིན་བྱམས་བརྩེའི་ཐོག་ནས་སྙིང་རྗེ་དང་འཚེ་བ་མེད་པའི་འདུ་ཤེས་ལས་དཀའ་ངལ་དེ་དག་སེལ་ཐུབ་པར་ཡིད་ཆེས་གནང་གི་ཡོད་པ་དང་། ༸གོང་ས་མཆོག་དང་ཁོང་ནས་འདས་པའི་དུས་ཡུན་ནང་གནད་དོན་དེ་དག་ཐད་བཀའ་བསྡུར་རིམ་པ་གནང་སྟབས། འཛམ་བུ་གླིང་འདི་ཞི་བདེ་དང་བདེ་སྐྱིད། དེ་བཞིན་འཚེ་བ་མེད་པ་ཞིག་ཏུ་གཟིགས་འདོད་ཡོད་པས་དེ་འབྲེལ་བཀའ་བསྡུར་གནང་སྐོར་གསུངས་སོང་། ༸གོང་ས་མཆོག་ནས་འཆར་གཞི་ལྡན་པའི་སློབ་ཚན་གཏན་འབེབས་གནང་ཐུབ་ཚེ་རྒྱ་གར་ལ་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཐུན་མོང་ཐོག་འཛམ་གླིང་ཁྱོན་ལ་ཞི་བདེ་སྐྲུན་པར་ནུས་པ་ཡོད་སྐོར་བཀའ་བསྩལ་འདུགཤེས་རྟོགས་བྱུང་བར་༸གོང་ས་མཆོག་ནས་སྐུ་ཞབས་ Satyarthi མཆོག་དང་འབྲེལ་ཡོད་མི་སྣ་དང་ལྷན་དུ་སང་ཉིན་དགུང་ཚིགས་ལྷན་བཞེས་མཛད་རྒྱུ་དང་། དེ་བཞིན་མཛད་རིམ་ཁྲོད་བཀའ་བསྡུར་བྱུང་བའི་གནད་དོན་ཐོག་མུ་མཐུད་མཇུག་སྐྱོང་གནང་རྒྱུ་རེད་འདུག རྩ་བའི་ཉེ་ལམ་༸གོང་ས་མཆོག་གི་རྒྱ་གར་རྒྱལ་ས་ལྡི་ལི་ནང་ཆོས་ལུགས་ལ་མ་བརྟེན་བཟང་སྤྱོད་ཀྱི་བསླབ་གཞི་ SEE Learning ཞེས་པ་དབུ་འབྱེད་བཀྲིན་བསྩལ་སྐབས་སྐུ་ཞབས་ Kailash Satyarthi མཆོག་ནས་ཀྱང་ལྷན་ཞུགས་གནང་ཡོད་པ་མ་ཟད། དེ་སྔ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ Pranab Mukherjee  མཆོག་དང་ལྷན་རྒྱས་སྲིད་འཛིན་གྱི་ཕོ་བྲང་དུ་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་གནང་མྱོང་ཡོད་པ་རེད།

འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་ཟུར་པས་ད་བར་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན།

ད་བར་ལོ་ངོ་ ༢༤ རིང་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་ཡོད་པ་སྐུ་ཞབས་ Pawan Chamling མཆོག་གི་ཆབ་སྲིད་ཚོགས་པར་ཉེ་ལམ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཕམ་ཁ་བྱུང་བ་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བློན་ཆེན་མཆོག་ལ་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཏེ། ཁོང་གིས་ད་བར་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་དགོས་ངེས་ཀྱི་མཐུན་འགྱུར་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་ཆབས་ཅིག ཁོང་གི་ཆབ་སྲིད་ཚོགས་པར་ད་ལན་གཞུང་འཛིན་གནང་རྒྱུའི་གོ་སྐབས་བྲལ་ཡང་། རྒྱལ་ཁབ་ཆེན་པོ་འདི་ཡང་དག་པའི་མང་གཙོའི་ལམ་ལུགས་ཀྱི་བརྒྱུད་རིམ་ཐོག་ནས་མང་མོས་ཀྱིས་བདེན་དཔང་འཕེལ་བར་སྐྱོང་བ་ལ་ལེགས་གསོའི་བསྔགས་བརྗོད་མཛད་འདུག༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་སྤྱི་ཁྱབ་བློན་ཆེན་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ལོ་ཤས་གོང་དུ་འབྲས་ལྗོངས་ནང་ཆིབས་བསྒྱུར་མཛད་སྐབས་ཕེབས་བསུའི་སྣེ་ལེན་གང་གཟབ་དང་བློ་ཐག་ཉེ་བའི་མཛའ་བརྩེའི་རྣམ་འགྱུར་ཆེད་འདོན་གནང་བར་ཡི་རང་བསྔགས་བརྗོད་ཀྱི་བཀའ་བསྩལ་བ་མ་ཟད། ལྷག་དོན་སྤྱི་ཁྱབ་བློན་ཆེན་མཆོག་ནས་རང་ཉིད་ཀྱི་མངའ་སྡེའི་མང་ཚོགས་རྣམས་ཀྱི་བདེ་སྡུག་དང་འཚོ་བའི་སླད་དུ་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་འབད་པ་ཆེན་པོས་ཞབས་ཕྱི་ཞུས་ཡོད་སྐོར་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ད་དུང་ཟླ་བ་སྔོན་མའི་ནང་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། འབྲས་ལྗོངས་མངའ་སྡེའི་གཞུང་མང་གཉིས་ཀྱིས་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་བྱམས་བརྩེ་དང་སྙིང་རྗེ་འདི་བཞིན་དགོངས་བཞེས་བཅས་ཀྱི་ཐོག་ནས་ད་བར་མཐུན་འགྱུར་གང་ཐུབ་གནང་བར་བརྟེན་ས་གནས་ཀྱི་བོད་མི་རྣམས་ཀྱི་གནས་བབས་གང་ལེགས་ཆགས་ཡོད་སྟབས་ད་རེས་ཀྱི་གོ་སྐབས་དེའི་ཐོག་ནས་བློན་ཆེན་མཆོག་ལ་བཀྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་གི་མ་འོངས་ཕྱག་ལས་རྣམས་ལམ་ལྷོང་ཡོང་བར་ཐུགས་སྨོན་བཅས་མཛད་འདུག རྩ་བའི་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Pawan Chamling མཆོག་ནི་༸གོང་ས་མཆོག་ལ་དད་གུས་ཤུགས་ཆེ་ཡོད་མཁན་ཞིག་དང་། ལྷག་དོན་ཁོང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ སྟེ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་༸སྐུའི་འཁྲུངས་སྐར་ཉིན་༸གང་ཉིད་མཆོག་ལ་ཆེ་བསྟོད་ཚུལ་དུ་འབྲས་ལྗོངས་མངའ་སྡེ་གཞུང་འབྲེལ་གྱི་གུང་སེང་གཏན་འབེབས་གནང་ཡོད་པ་རེད།གཞན་ཡང་སྐུ་ཞབས་ Pawan Kumar Chamling མཆོག་ནས་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་ནང་ཆིབས་བསྒྱུར་མཛད་ཕྱིར་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་ Sushma Swaraj མཆོག་ལ་རིན་པོ་ཆེ་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱང་རྒྱུའི་མཐུན་འགྱུར་གང་ཐུབ་གནང་དགོས་པའི་ཞབས་སྐུལ་ཡང་ཞུས་མྱོང་ཡོད་པ་རེད། སྐུ་ཞབས་ Chamling མཆོག་ནི་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྔ་པ་དེ་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༡༩༩༤ ཟླ་ ༡༢ ཚེས་ ༡༢ ནས་ཕྱི་ལོ་ ༢༡༠༩ ཟླ་ ༥ ཚེས་ ༢༣ བར་ཁྱོན་ལོ་ངོ་ ༢༤ ལྷག་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་ཡོད་སྟབས་རྒྱ་གར་གྱི་མངའ་སྡེའི་བློན་ཆེན་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་མངའ་སྡེ་གསུམ་གྱི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ཁྲོད་ཨ་རུ་ནཱ་ཅལ་དང་ཨོ་ཌི་ཤ་དེ་བཞིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གསུམ་གྱི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འཕྲིན་བསྩལ་འདུག ༸གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ། སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གང་ཉིད་མཆོག་ལ་ཐུགས་འདྲིས་ཆེན་པོ་གནང་བ་དང་ལྷག་པར་དུ་མངའ་སྡེ་མི་མང་ནས་༸གོང་ས་མཆོག་ཁུལ་དེར་ཐེངས་མང་ཆིབས་བསྒྱུར་གནང་སྐབས་སུ་སེམས་ཐག་ཉེ་བའི་མཛའ་བརྩེའི་རྣམ་འགྱུར་ཆེད་འདོན་གནང་བཞིན་པར་ཡི་རང་བསྔགས་བརྗོད་མཛད་ཀྱི་བཀའ་བསྩལ་བ་མ་ཟད། ཟླ་བ་སྔོན་མའི་ནང་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་གོ་སྐབས་འདིའི་བརྒྱུད་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱིས་ས་གནས་བོད་མི་རྣམས་ལ་ད་ཕན་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་འདུག དེ་དང་ཕྱོགས་མཚུངས་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shri Naveen Patnaik མཆོག་ལ་མགོན་པོ་༸གང་ཉིད་མཆོག་འདས་པའི་ལོ་ཤས་ནང་ཨོ་ཌི་ཤ་མངའ་སྡེའི་ནང་ཐེངས་འགའ་ཤས་ཕེབས་མྱོང་ཡོད་པ་མ་ཟད། སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་མཛད་ཀྱང་ཐེངས་འགའ་ཤས་གནང་ཡོད་པ་དང་། ཁྱད་པར་དུ་ཨོ་ཌི་ཤ་མངའ་སྡེའི་ Gajapati རྫོང་ནང་དུ་ Chandragiri ས་གནས་སུ་བོད་མི་བཙན་བྱོལ་བ་རྣམས་ཀྱི་སྡོད་གནས་གཞིས་ཆགས་ཤིག་ཡོད་པ་དང་། བོད་མི་དེ་དག་ལ་ད་བར་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་འདུག དེ་བཞིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག་ལ་འཚམས་འཕྲིན་བསྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་ད་བར་འབྲས་ལྗོངས་ནང་ཆིབས་བསྒྱུར་གནང་བའི་དུས་ཡུན་ཚང་མའི་ནང་ཡུལ་དེའི་མང་ཚོགས་ནས་༸གོང་ས་མཆོག་ལ་སེམས་ཐག་ཉེ་བའི་མཛའ་བརྩེའི་རྣམ་འགྱུར་ཆེད་བཏོན་གནང་བར་ཡི་རང་བསྔགས་བརྗོད་དང་སྦྲགས། སྐུ་ཞབས་ Prem Singh Tamang མཆོག་གི་དབུ་ཁྲིད་ལམ་སྟོན་འོག་འབྲས་ལྗོངས་དེ་མུ་མཐུད་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་མདུན་སྐྱོད་ཐུབ་པ་མ་ཟད། སྤྱི་ཚོགས་ཁྲོད་ཆེས་ཉམ་ཐག་རྣམས་ཀྱི་འཚོ་བར་དོན་འབྲས་སོན་པའི་ཡར་རྒྱས་ཐུབ་པར་ཐུགས་རེ་མཛད་བཞིན་ཡོད་པར་བཀའ་བསྩལ་འདུག ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་དང་ཨོ་ཌི་ཤ་མངའ་སྡེ་གཉིས་ནང་ཉེ་ལམ་ནས་བཟུང་དབུལ་ཕོངས་ཉམ་ཐག་རྣམས་ཀྱིས་གཙོས་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་པ་དེར་ཡི་རང་བསྔགས་བརྗོད་རྒྱ་ཆེ་མཛད་པ་དང་སྦྲགས། སྐུ་ཞབས་རྣམ་གཉིས་ཀྱིས་སྤྱི་ཁྱབ་བློན་ཆེན་གནང་བའི་དུས་ཡུན་དེའི་རིང་ངལ་བ་དག་ལ་གདོང་ལེན་གནང་སྟེ་མང་ཚོགས་ཀྱི་མངོན་འདོད་དང་རེ་བ་ལྟར་ཕྱག་ལས་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག སྲིད་སྐྱོང་མཆོག་གིས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཞུས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམ་འདྲི་གནང་བ་དང་ལྷག་དོན་བློན་ཆེན་མཆོག་གིས་ཨ་རུ་ནཱ་ཅལ་ནང་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་གནང་རྒྱུའི་ཆོད་སེམས་ལ་རྗེས་སུ་ཡི་རང་དང་ཆོད་སེམས་དེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། མངའ་སྡེའི་གཞུང་མང་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་མེད་ཞུ་བཞིན་ཡོད་པ་དང་། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༦༠ རིང་རྒྱབ་སྐྱོར་གནང་དང་གནང་མུས་ཁག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུས་འདུག ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་སྐུ་ཉིད་ཀྱི་ཡབ་ཞིང་གཤེགས་དམ་པ་དེ་ཉིད་ལ་གུས་འདུད་དང་འབྲེལ། དམ་པ་དེ་ཉིད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་དང་། བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དྲན་གསོ་དང་འབྲེལ་ཏེ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག འབྱུང་འགྱུར་སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་ཡུན་ནང་བྱ་བ་ལམ་ལྷོང་ཡོང་བར་སྨོན་འདུན་ཤུགས་དྲག་ཡོད་ཅེས་གསུངས་འདུག

Latest news