Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ཟུར་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

དེ་རིང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ཟུར་པ་རྣམས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་སོང་བ་དང་། སྐབས་དེར་༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཤུལ་མེད་འགྲོ་བའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིའི་སྐབས་སུ་ད་ལྟའི་མི་རབས་རྣམས་ནས་༸མགོན་པོ་མཆོག་དང་ལྷན་དུ་སྐུ་ལས་བསྐྱོན་ཏེ། འཛམ་བུ་གླིང་འདིའི་སྟེང་ལ་ཁྱད་དུ་འཕགས་པའི་བོད་ཀྱི་ཆོས་དང་རིག་གཞུང་མངོན་ཐུབ་པ་ཞིག་བཟོས་ཡོད་པ་འདི་ང་ཚོའི་མི་རབས་འདིའི་བྱས་རྗེས་ཤིག་རེད་ཅེས་བཀའ་བསྩལ་འདུགདེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞབས་སོར་འཁོད་པ་དང་འབྲེལ་ནས་གཞུང་ཞབས་ཟུར་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ལས་རིམ་དེ་དབུ་འཛུགས་གནང་ཡོད་པ་དང་། བརྟན་བཞུགས་བསྟར་འབུལ་གྱི་ཚོགས་མགོན་དུ་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ཟུར་པ་ཁྱོན་ ༢༥༠ ཙམ་དང་དེ་དག་གི་ནང་མི་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ཆེད་ཕེབས་གནང་འདུགསྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ང་ཚོ་བོད་ནང་ཡོད་པའི་སྐབས་སུ་བོད་ཀྱི་ནང་པའི་ཆོས་དེ་བླ་མའི་ཆོས་ཞེས་སངས་རྒྱས་པའི་ཆོས་ལུགས་རྣམ་པར་དག་པ་ཞིག་ཡིན་མིན་ཐེ་ཚོམ་བྱེད་མཁན་ཡོད་ཀྱང་། ང་ཚོ་མི་ཐོག་དེས་བོད་མི་རིགས། རིག་གཞུང་དང་བཅས་པ་ཤུལ་མེད་འགྲོ་ཉན་ཡོད་པའི་དུས་རབས་འདིའི་ནང་། བཙན་བྱོལ་ནང་སླེབས་རྗེས་༸གོང་ས་མཆོག་དང་ལྷན་དུ་སྐུ་ལས་བསྐྱོན་ནས་རྒྱ་གར་མཁས་པའི་གནའ་རབས་ཀྱི་རིག་གཞུང་དེ་བསྐྱར་གསོ་བྱེད་པ་དང་། བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བོད་ཙམ་མ་ཡིན་པར་ནང་པའི་ཡུལ་གྲུ་ཁག་དང་བློ་ཟུ་བོར་གནས་མཁན་དེ་སྔ་ནང་པའི་ཆོས་དང་འབྲེལ་བ་མེད་མཁན་རྣམས་ཀྱིས་ཀྱང་དོ་སྣང་གསར་པ་སླེབས་པ་ཞིག་ཆགས་བསྡད་ཡོད་པ་བཅས་ད་ཆ་འཛམ་བུ་གླིང་འདིའི་ཐོག་བོད་མི་རིགས་རིག་གཞུང་དང་བཅས་པ་ཁྱད་དུ་འཕགས་པ་ཡོད་པ་འདི་མངོན་ཐུབ་པ་ཞིག་བཟོས་པ་འདི་ནི་ང་ཚོའི་མི་རབས་འདིའི་བྱས་རྗེས་རེད་ཅེས་བཀའ་བསྩལ་གནང་འདུགདེ་བཞིན་༸མགོན་པོ་མཆོག་གིས་བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞེས་ང་ཚོའི་བཤད་པ་བཞིན་དངོས་བྱུང་གི་ལོ་རྒྱུས་ནང་དུ་བལྟས་པ་ཡིན་ནའང་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོངས་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་པ་ལྟར། ༸མགོན་པོ་གང་ཉིད་མཆོག་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཐོག་ནས་ད་ལྟའི་གཞུང་ཞབས་རྒན་པའི་མི་རབས་ཚོའི་༸མགོན་པོ་མཆོག་དང་ལྷན་དུ་དུས་ཚོད་གཉན་འཕྲང་ཅན་དེར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ལས་བསྐྱོན་ཡོད་པའི་ལས་དབང་གི་ཐོག་ནས་ཚེ་རབས་ནས་ཚེ་རབས་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད་ཅེས་བཀའ་བསྩལ་འདུག ༸མགོན་པོ་མཆོག་གིས་ད་དུང་། བོད་མི་རྣམས་རིག་འབྲེལ་གྱི་རྒྱུན་འཛིན་པའི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་མཁན་ཡིན་སྟབས། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་མཁན་དེ་དག་ནས་གཙོ་བོ་སེམས་པ་བཟང་པོ་བྱེད་དགོས་པ་དང་། ད་དུང་ཐུབ་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཅས་ཀྱི་ཐོག་ལ་བསམ་བློ་བཏང་སྟེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཛམ་བུ་གླིང་འདིའི་ཐོག་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་བཞིན་ཚང་མས་འགྲོ་བ་མི་གཅིག་གྱུར་གྱི་བློ་བཟུང་པའི་ཐོག་ནས་ཞི་བདེ་བསྐྲུན་ཐབས་ཐོག་ལ་འབད་བརྩོན་ཧུར་ཐག་གནང་དགོས་པ་དང་། འཆི་ཁར་འགྱོད་པ་མེད་པ་ཞིག་གནང་དགོས་པའི་ལམ་སྟོན་བསྩལ་གནང་འདུགཡང་དེ་རིང་བསྐལ་བཟང་གི་གོ་སྐབས་དང་བསྟུན་གཞུང་ཞབས་ཟུར་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་གང་གི་མཛད་པར་བསྟོད་དབྱངས་ཀྱི་གཞས་ཞིག་གསར་རྩོམ་གནང་ཡོད་པ་ལྟར། དེ་རིང་བོད་གཞུང་ཟློས་གར་ཚོགས་པ་ནས་བོད་མདོ་དབུས་ཁམས་གསུམ་གྱི་ཆས་གོས་སྤྲས་པའི་ཐོག་༸གོང་ས་མཆོག་གིས་སྐུ་མདུན་དུ་གླུ་གཞས་གཟིགས་འབུལ་ཞུས་གནང་བ་དང་། དེའི་མཚམས་སུ་༸གོང་ས་མཆོག་གིས་དེ་རིང་བརྟན་བཞུགས་ཀྱི་གསོལ་འདེབས་དང་ཚིག་བཅད་ནང་དུ་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་སྨོན་ཚིག་ཡོད་པ་དེའི་བཀའ་ལན་དུ། སྤྱིར་༸གང་ཉིད་མཆོག་ནས་ཚེ་རབས་ནས་ཚེ་རབས་བར་དུ་བསྟན་པ་དང་འགྲོ་བར་ཕན་པ་བསྒྲུབ་ཐུབ་རྒྱུའི་སྨོན་ལམ་བསྐྱོན་གྱི་ཡོད་པ་དང་། སྨོན་ལམ་གཅིག་པོ་མ་ཡིན་པར་ད་ལྟ་ཁ་ཡོད་ལག་ཡོད་ཀྱི་དངོས་ཡོད་གནས་ཚུལ་ནང་དུའང་བསྟན་པ་དང་འགྲོ་བར་ཕན་ཐོག་བསྒྲུབ་རྒྱུའི་གོ་སྐབས་ཡོད་པ་བཞིན། ༸མགོན་པ་མཆོག་དགུང་ལོ་བརྒྱ་སྐོར་བར་དུ་ངེས་པར་དུ་བཞུགས་ཐུབ་རྒྱུའི་སྨོན་ལམ་དང་ཡིད་ཆེད་ཡོད་པ་བཀའ་བསྩལ་གནང་འདུགགཞི་རྩའི་ཐེངས་འདིའི་གཞུང་ཞབས་ཟུར་པའི་༸གོང་ས་མཆོག་ལ་བརྟན་བཞུགས་ཀྱི་་ལས་རིམ་འདིའི་ཐོག་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ལས་བྱེད་ཟུར་པ་ཡོངས་ཀྱི་ཐུགས་སྨོན་དང་། དངོས་སུ་བརྟན་བཞུགས་ཉིན་བཅར་ཐུབ་མཁན་ལས་བྱེད་ཟུར་པ་ ༢༥༠ ཙམ་དང་དེ་དག་གི་ནང་མི་བཅས་ཡོད་པ་དང་། ཁོང་རྣམས་ནས་ད་རེས་༸གོང་ས་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་ཀྱི་གཙོ་བོར་ཆོས་རྒྱལ་མེ་དབོན་རྣམས་གསུམ་གྱི་སྐུ་བརྙན་གཙོས་པའི་རྟེན་འབྲེལ་གྱི་འབུལ་རྫས་སྣ་འཛོམས་ཡོད་པ་མ་ཟད། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལོ་གཅིག་ཙམ་ནས་གྲ་སྒྲིག་དབུ་འཛུགས་གནང་བའི་ཁྲོད་རྒན་གསོ་ཁང་གང་སར་ཞབས་རིམ་གསོག་གྲུབ་གོ་སྒྲིག་གནང་བ་དང་། དེ་བཞིན་སོག་ཡུལ་དུ་ར་ལུག་ ༡༡༣ ལྷག་སྲོག་བླུ་ཚེ་ཐར་བཏང་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་ཁ་ས་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ངོས་ནས་ད་རེས་ཀྱི་བརྟན་བཞུགས་དེའི་ཐོག་བཅར་བའི་གཞུང་ཞབས་བགྲེས་ཡོལ་བ་རྣམ་པ་དང་། ལས་ཟུར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་མཛད་སྒོ་དང་འབྲེལ་དགོང་ཚིགས་རྒྱས་པ་ཞིག་འབུལ་ལམ་ཞུས་ཡོད་པ་རེད།

ཕ་རན་སི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྔ་སྣུར་ཐོག་སྲུང་བརྩི།

ཁ་སང་ ༣ ཉིན་ཕ་རན་སི་ནང་བྷར་སེལ་བོད་ཀྱི་སྐུ་ཚབ་དོན་ཁང་གིས་རྐང་འགན་བཞེས་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུགམཛད་སྒོའི་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michal Raison ལགས་ཀྱིས་གཙོས་པའི་གྲོས་ཚོགས་གོང་མའི་འཐུས་གཉིས་དང་ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Elisabeth Toutut-Picard ལགས། དེ་བཞིན་ཡུལ་དེའི་གྲོས་ཚོགས་འོག་མའི་འཐུས་མི་གཅིག་དང་ཨ་རི་དང་ཐེ་ཝན་བཅས་ཀྱི་གཞུང་ཚབ་མི་སྣ། བོད་རིགས་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་སོགས་ཁྱོན་མི་གྲངས་  ༧༠ ལྷག་མཉམ་འཛོམས་གནང་འདུགསྐབས་དེར་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ Michal Raison ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མིན་པར་འགྲོ་བ་མི་རིགས་སྤྱི་ལ་བདེ་སྡུག་གི་ཐབས་ལམ་སྟོན་མཁན་ཞིག་ཡིན་སྟབས་ཕ་རན་སི་ནང་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་གསུངས་པ་དང་སྦྲགས་ཏེ་༸གོང་ས་མཆོག་༸སྐུ་ཁམས་གསལ་ཐང་ངང་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་འདུགད་ཆ་བོད་མི་རྣམས་གཙོ་གྱུར་རྒྱལ་སྤྱིའི་མི་མང་གི་ཁྲོད་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་སྦྲགས་ནས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་འདྲ་མིན་ཐོག་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་བཞིན་པའི་ཁྲོད་འདིར་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Mark DeSaulnier ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞིག་གནང་བའི་ནང་༸གོང་ས་མཆོག་ལ་དགའ་གུས་དད་གསུམ་ཡོད་པའི་ངང་ནས་མགོན་པོ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་གཤེགས་བསྐལ་བརྒྱར་བརྟན་ཅིང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་སོགས་ཞུས་འདུགལྷག་དོན་དུ་མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་བྱམས་བརྩེ་དང་ཞི་བདེ། དེ་བཞིན་ཆོས་ལུགས་མཐུན་འབྲེལ། གོ་ལ་གཅིག་གྱུར་གྱི་ཐུགས་འགན་བཞེས་མུས་ཀྱི་དགོངས་པ་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་བློ་སྤོབས་སྐྱེས་གཞི་ཡིན་པས་དེར་ཆེ་བསྟོད་ཞུས་པ་དང་། ཐེངས་འདིའི་༸སྐུའི་འཁྲུངས་དེ་དོན་སྙིང་ལྡན་པ་ཞིག་དང་༸གང་ཉིད་མཆོག་གི་དགོངས་གཞི་ཁག་བསྒྲུབ་ཐུབ་པའི་སྨོན་འདུན་ཞུས་འདུག༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ཁ་སང་ཞི་བདེ་ཀུན་ཁྱབ་གླིང་གིས་གོ་སྒྲིག་འོག་ཨ་རིའི་ནིའུ་ཡོག་དང་རྒྱ་གར། བལ་ཡུལ་བཅས་ཀྱི་དབུལ་ཕོངས་ཉམ་ཐག་ཚོར་ཟས་ཀྱི་སྦྱིན་གཏོང་བྱ་རྒྱུའི་ལས་གཞི་སྤེལ་འདུག ལས་གཞི་དེའི་ཁྲོད་རྒྱ་གར་ལ་མཚོན་ན་ལྷོ་ཕྱོགས་སྦེལ་ཀོབ་དང་ཀ་སྦུག བཞུགས་སྒར་དྷ་རྨ་ས་ལ་བཅས་ཀྱི་ནང་ཡོད་པའི་ཉམ་ཐག་དང་མཛེ་ནད་ཕོག་པ་རྣམས་ལ་འབྲས་དང་གྲོ་ཞིབ་སོགས་ཀྱི་ཟས་སྦྱིན་གནང་འདུག དེ་བཞིན་བལ་ཡུལ་ས་ཁུལ་དུ་ཡོད་པའི་ཇོར་པ་ཊི་དང་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་དུ་ཡོད་པའི་དབང་པོ་སྐྱོན་ཅན་དང་ཉམ་ཐག་རྣམས་ལ་མཁོ་གནད་ཆེ་བའི་ཟས་སྦྱིན་གནང་ཐོག་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུགརྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ དང་བོད་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་སྔ་སྣུར་གྱིས་སྲུང་བརྩི་ཞུས་ཞུ་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་ནང་གཟའ་འཁོར་འདིའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག

༸སྐུའི་ཡང་སྲིད་མཐོང་སྣང་དོད་པའི་བེུད་རྟེན་ཅན་དགོས་སྐོར་བཀའ་བསྩལ་བ་དེ་བེུད་ལ་ཁྱད་གསོད་མཛད་མེད་པའི་གསལ་བཤད།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསལ་བཤད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ཉེ་ཆར་བྷི་བྷི་སི་གསར་ཁང་ལ་༸སྐུའི་ཡང་སྲིད་བེུད་རྟེན་ཅན་དུ་ཕེབས་ཚེ་དེ་ Attractive འམ་མཐོང་སྣང་དོད་པོ་དགོས་ཞེས་བཀའ་བསྩལ་བ་དེ་བེུད་སྤྱིའི་ཆེ་མཐོང་ལ་ཁྱད་གསོད་དང་དམའ་འབེབ་མཛད་པ་ཞིག་རྩ་བ་ནས་མིན་པ་དང་། གལ་ཏེ་མང་ཚོགས་ལ་ཕོག་ཐུག་བྱུང་ཡོད་ཚེ་དེར་དགོངས་སེལ་ཞུ་ཡི་ཡོད་ཅེས་བཀའ་བསྩལ་འདུགཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་བྷི་བྷི་སི་བརྙན་འཕྲིན་ལས་ཁང་གི་ལྷོ་ཨ་ཤ་ཡའི་ས་གནས་གསར་འགོད་པ་ལྕམ་ Rajini Vaidyanathan ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པའི་སྐར་མ་གསུམ་དང་ཕྱེད་ཀ་ལྷག་ཙམ་ཡོད་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་ཨིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཕྱིར་འཐེན། བོད་དོན་དང་རྒྱ་ནག དེ་བཞིན་བེུད་རྟེན་ཅན་གྱི་ཏཱ་ལའི་བླ་མ་བཅས་གནད་དོན་ལྔའི་ཐོག་བཀའ་ལན་མཛད་སྐབས་སུ་གནད་དོན་ལྔ་པ་སྟེ་བེུད་རྟེན་ཅན་གྱི་ཏཱ་ལའི་བླ་མ་ཕེབས་སྲིད་མིན་སྐོར་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་མ་འོངས་པར་དགོས་དབང་ཡོད་ཚེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དེ་བེུད་རྟེན་ཅན་དུ་ཕེབས་སྲིད་པ་དང་བེུད་དེ་ Attractive འམ་མཐོང་སྣང་དོད་པོ་དགོས་གལ་གཟིགས་སྐོར་བཀའ་བསྩལ་ཡོད་པ་རེད། གནད་དོན་དེའི་ཐོག་ད་ཆ་ངོ་དེབ་དང་སྤྱི་ཚོགས་བརྒྱུད་ལམ་ Twitter དང་ Instagram ཁག་ཏུ་༸གོང་ས་མཆོག་ལ་བེུད་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ། དེ་བཞིན་སྒྱུ་རྩལ་བ་སོགས་ཧ་ཅང་མང་པོས་བློ་ཕམ་གྱི་རྣམ་འགྱུར་དང་བཅས་མགོན་པོ་༸གང་ཉིད་མཆོག་གི་ཞལ་སྔ་ནས་བཀའ་བསྩལ་བའི་བེུད་མཐོང་སྣང་དོད་པོ་ཞེས་པའི་ཚིག་དེ་ཐལ་དྲག་པར་སྐྱོན་བརྗོད་ཞུ་བཞིན་འདུག་པ་དང་། ལ་ལ་ཞིག་གིས་༸གོང་ས་མཆོག་གི་ Twitter དྲྭ་གནས་ནག་བསུབ་གཏོང་དགོས་པ་དང་ཡུལ་ལུང་ཁ་ཤས་ནང་མཐོང་མཆན་དབུལ་རྒྱུ་མེད་པར་ལས་འགུལ་སྤེལ་མཁན་དང་དཔྱད་བརྗོད་སྤེལ་མཁན་སོགས་བྱུང་ཡོད་སྟབས། བོད་མིའི་ཁྲོད་ཆེས་བློ་འཚབ་ཀྱིས་གླེང་སློང་དང་བྷི་བྷི་སི་གསར་འགོད་པ་དེའི་ངོས་ནས་༸རྒྱལ་བའི་དགོངས་པ་གང་ཡིན་གསལ་པོ་མ་རྟོགས་པར་སྐྱོན་བརྗོད་གནང་མཁན་མང་པོ་བྱུང་ཡོད་མ་ཟད། བོད་མི་མི་ཉུང་བ་ཞིག་གིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་གནད་དོན་དེའི་ཐད་ཐུགས་སྣང་སྔར་ལྷག་གནང་གནད་ཆེ་ཚུལ་གྱི་འབོད་སྐུལ་ཡང་ཞུས་འདུགགནད་དོན་དེའི་ཐད་དེ་རིང་ཉིན་རྒྱབ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་༸གོང་ས་མཆོག་གི་མཚན་ཐོག་ནས་གསལ་བཤད་ཅིག་འདོན་སྤེལ་བའི་ནང་༸གང་ཉིད་མཆོག་གིས་ཉེ་ཆར་བྷི་བྷི་སི་གསར་ཁང་ལ་༸སྐུའི་ཡང་སྲིད་བེུད་རྟེན་ཅན་དུ་ཕེབས་ཚེ་དེ་ Attractive འམ་མཐོང་སྣང་དོད་པོ་དགོས་ཞེས་བཀའ་བསྩལ་བ་ནི་བེུད་སྤྱིའི་ཆེ་མཐོང་ལ་ཁྱད་གསོད་དང་དམའ་འབེབ་མཛད་པ་ཞིག་རྩ་བ་ནས་མིན་པ་དང་། གལ་ཏེ་མང་ཚོགས་ལ་ཕོག་ཐུག་བྱུང་ཡོད་ཚེ་དེར་དགོངས་སེལ་ཞུ་ཡི་ཡོད་ཅེས་བཀའ་བསྩལ་བ་དང་སྦྲགས། ༸གོང་ས་མཆོག་གིས་དུས་རྟག་ཏུ་མང་ཚོགས་ལ་ཕྱིའི་རྣམ་པ་ལས་འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཕན་ཚུན་འབྲེལ་ལམ་གནང་གལ་ཐོག་ལམ་སྟོན་ནན་པོ་མཛད་ཀྱི་ཡོད་པ་ལྟར། མགོན་པོ་མཆོག་དང་དངོས་སུ་ཞལ་མཇལ་མྱོང་མཁན་དང་ཐུགས་རྒྱུས་ཡོད་མཁན་རྣམས་ཀྱིས་༸གོང་ས་མཆོག་གི་དགོངས་པ་དེར་དམིགས་བསལ་ཞིག་ལ་ངོས་འཛིན་དང་མངོན་པར་བསྟོད་ཀྱི་ཡོད་པ་བཀོད་འདུག རྩ་བའི་༸གོང་ས་མཆོག་གིས་བེུད་རྟེན་ཅན་གྱི་ཏཱ་ལའི་བླ་མ་ཕེབས་སྲིད་མིན་སྐོར་དེ་སྔ་ཕྱི་ལོ་ ༡༩༩༢ ལོར་པེ་རིས་ཀྱི་ Vogue དུས་དེབ་ཀྱི་རྩོམ་སྒྲིག་པས་བཅར་འདྲི་ཞུས་པར་བཀའ་ལན་མཛད་སྐབས་སུ་དེང་དུས་དཔེ་གསར་གྱི་འཛམ་གླིང་འགྲོས་དང་མཐུན་ནས་ཞལ་ཤོབ་དང་འབྲེལ་ནས་དེའི་སྐོར་བཀའ་ལན་བསྩལ་བ་ཞིག་ཆགས་ཀྱི་ཡོད་པར་གསལ་བཤད་གནང་འདུག ལྷག་དོན་དགུང་ལོ་བརྒྱད་ཅུའི་ནང་ཕེབས་པའི་༸གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གང་སར་ཆིབས་བསྒྱུར་མཛད་སྐབས་དེང་སྐབས་ཀྱི་ཕྱི་དངོས་པོའི་ཡར་རྒྱས་དང་གོ་ལ་གཅིག་གྱུར་གྱི་ཁོར་ཡུག་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་ཐད་ལ་གཟིགས་ཚུལ་འདྲ་མིན་འཛིན་མཁན་ཡོང་གི་ཡོད་པ་མཁྱེན་རྟོགས་གཏིང་ཟབ་ཡོད་མཁན་ཞིག་ཡིན་ཀྱང་། སྐབས་རེར་ཞལ་ཤོབ་དང་འབྲེལ་ནས་བཀའ་བསྩལ་བའི་བཀའ་སློབ་ཁག་གཅིག་ལ་རྒྱབ་ལྗོངས་འདྲ་མིན་དབང་གིས་སྐད་ཡིག་དང་གསུང་སྒྱུར་གནང་སྐབས་གནས་ཚུལ་ལོག་འགྲེལ་འམ་གོ་ནོར་ཐེབས་པ་རིགས་ཡོང་གི་ཡོད་སྟབས། དེའི་བརྒྱུད་བློ་ཕམ་བྱུང་བའི་མང་ཚོགས་ལ་ཐུགས་ཕམ་ཡོད་ཅེས་བཀའ་བསྩལ་འདུགལྷག་པར་དུ་༸གང་ཉིད་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་བེུད་ལ་དམིགས་བསལ་ཆེ་མཐོང་གིས་བེུད་དག་གི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་བཅས་ཀྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཆོས་ཕྱོགས་ཀྱི་དབུ་ཁྲིད་གྲས་ཤིག་ཡིན་པ་མ་ཟད། མགོན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་ནང་ཆེས་ཐོག་མའི་དགེ་བཤེས་མའི་ལམ་སྲོལ་བྱུང་ཡོད་པ་དང་དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་འཛམ་གླིང་འདི་སྔར་ལས་ཞི་བདེ་བག་ཕེབས་ཡོང་བར་བེུད་འགོ་ཁྲིད་མང་ཙམ་དགོས་གལ་སྐོར་བཀའ་སློབ་མང་དག་ཅིག་ཕེབས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག བྷི་བྷི་སིའི་བཅར་འདྲིའི་ལས་རིམ་ཐོག་༸གོང་ས་མཆོག་གིས་སྐྱབས་བཅོལ་བའི་གནད་དོན་དང་འབྲེལ་༸གང་ཉིད་མཆོག་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་སྐྱབས་བཅོལ་བ་གཞན་གྱི་མྱོང་ཚོར་སོགས་གསལ་པོ་རྟོགས་ཐུབ་ཀྱི་ཡོད་སྟབས། རྒྱལ་ཁབ་གཞན་ཚོས་ངེས་པར་དུ་སྐྱབས་བཅོལ་བ་དེ་དག་དང་བཞེས་གནང་དགོས་པ་དང་ཁོང་ཚོར་ཤེས་ཡོན་སློབ་གསོ་སྤྲད་ནས་ཕྱིར་རང་ཡུལ་ལ་ལོག་ཐུབ་རྒྱུའི་དམིགས་ཚད་བཟུང་དགོས་པ་སོགས་ལམ་སྟོན་མཛད་ཡོད་པ་ཡང་གསལ་བཤད་གནང་འདུག་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་འཛམ་གླིང་ཐོག་དམག་འཁྲུག་དང་མི་བསད་ཁྲག་སྦྱོར་ལ་སོགས་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ནི་ང་ཚོ་དང་ཁོང་ཚོ་ཞེས་པའི་རིམ་པ་གཉིས་པའི་ཕྱོགས་རིས་ཀྱི་བསམ་བློ་དང་འགྲོ་བ་མི་ཕན་ཚུན་དབར་གཅིག་གྱུར་གྱི་འདུ་ཤེས་མེད་རྐྱེན་ཡིན་པར་བཀའ་བསྩལ་ཏེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་ཐོག་ནས་གོ་ལའི་ངལ་བ་རྣམས་སེལ་དགོས་གནད་ཡིན་པ་ལམ་སྟོན་རྒྱ་ཆེ་མཛད་འདུག

གཞུང་ཞབས་ཟུར་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༧ ཚེས་ ༥ སྟེ་༸སྐུའི་འཁྲུངས་སྐར་གྱི་ཉིན་གཅིག་གི་སྔོན་དུ་མགོན་པོ་༸གང་ཉིད་མཆོག་ཕྱི་ལུགས་ལྟར་གུང་གྲངས་ ༨༤ ཕེབས་པ་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་བ་ལྟར་ད་ལྟའི་ཆར་བརྟན་བཞུགས་ཀྱི་གྲ་སྒྲིག་ཚ་ཚ་འུར་འུར་ངང་ནས་གནང་བཞིན་འདུག གསར་འགོད་པས་གཞུང་ཞབས་ཟུར་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ལས་བྱེད་ཟུར་པ་ཡོངས་ནས་༸གོང་ས་མཆོག་༸སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྐབས་སུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་བཞིན་སྔ་ལོར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་པར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཐོག་རིང་མིན་ཟླ་ ༧ ཚེས་ ༥ ཉིན་མགོན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་གསུངས་སོང་།རྩ་བའི་གཞུང་ཞབས་ཟུར་པ་ ༤༥༠ ཡས་མས་ཤིག་ཡོད་པ་རྣམས་ནས་བརྟན་བཞུགས་དེར་རྒྱབ་སྐྱོར་གནང་གི་ཡོད་པའི་ཁོངས་ནས་དེ་སྔ་ཕྱི་ལོ་ ༡༩༥༩ སྔོན་ལ་གཞུང་ཞབས་གནང་མཁན་ ༨ གཙོས་ད་ལན་དངོས་སུ་བརྟན་བཞུགས་ཀྱི་ཉིན་མོར་ཆེད་བཅར་ཞུ་ཐུབ་མཁན་གཞུང་ཞབས་ཟུར་པ་མི་གྲངས་ ༢༥༠ ལྷག་དང་ཁོང་རྣམས་ཀྱི་ནང་མི་བུ་ཕྲུག་བཅས་ཡོད་པ་དང། དེའི་ཁོངས་སུ་དགུང་ལོ་བགྲེས་ཤོས་དེ་ཉེ་ཆར་དགུང་ལོ་ ༡༠༠ ལ་ཕེབས་པའི་སྐུ་ཞབས་རྒྱལ་མཚན་ཆོས་ལྡན་ལགས་རེད་འདུག བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྔ་ལོའི་ལོ་དཀྱིལ་ནས་གཞུང་ཞབས་ཟུར་པའི་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་བ་ལྟར་རྒྱ་བལ་འབྲུག་གསུམ་གཙོ་གྱུར་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་འཛམ་གླིང་ཁྱོན་ཡོངས་ནང་བཞུགས་པའི་གཞུང་ཞབས་ཟུར་པ་རྣམས་ཀྱིས་སོག་ཡུལ་ནང་ར་ལུགས་ ༡༡༣ ལྷག་སྲོག་བླུ་གནང་བ་དང། བརྟན་ཞུགས་སྐབས་སུ་ཆོས་རྫས་ཀྱི་གཙོ་བོར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་བརྙན་ཡིན་པ་རེད། ལས་རིམ་ལྟར་ན་གོ་སྒྲིག་ཚོགས་ཆུང་གིས་ཟླ་ ༧ ཚེས་ ༥ ཉིན་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གྲུབ་རྗེས་གཞུང་ཞབས་ཟུར་པ་ཚོ་ཟུར་དུ་ལྷན་འཛོམས་ཐོག་གསོལ་ཚིགས་འདེགས་འབུལ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ད་ཡོད་གཞུང་ཞབས་ཚོའི་ཕྱག་ལས་ལ་མངོན་བསྟོད་ཞུ་ཕྱིར་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་རེད་འདུག

བོད་ལ་ཕྱིར་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་ཆད་མེད་ཅེས་བཀའ་བསྩལ་བ།

ཁ་སང་ཟླ་ ༦ ཚེས་ ༢༦ ཉིན་  BBC གསར་ཁང་གི་ལྷོ་ཨེ་ཤ་ཡའི་ས་གནས་གསར་འགོད་པ་ལྕམ་ Rajini Vaidyanathan ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་པའི་སྐར་མ་གསུམ་དང་ཕྱེད་ཀ་ལྷག་ཙམ་ཡོད་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུགབཀར་འདྲིའི་ནང་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་བོད་ལ་ཕྱིར་ཕེབས་རྒྱུའི་ཐུགས་རེ་ཆད་པ་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ལྟར་ཆད་མེད་ཅེས་བཀའ་ལན་བསྩལ་བ་དང་འབྲེལ། གཞིས་ལུས་བོད་མི་ཚོས་ངོས་རང་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་རྒན་རྒོན་མང་པོས་མིག་ནས་མཆི་མ་ལྷུང་བཞིན་ངོས་རང་བོད་ལ་ཕེབས་རྒྱུའི་གསོལ་འདེབས་ཞུ་ཡི་འདུག་ཅེས་བཀའ་ལན་མཛད་འདུགགསར་ཁང་དེས་གཞིས་ལུས་བོད་མིའི་རེ་བ་བཞིན་དངོས་སུ་ཇི་ལྟར་གྲུབ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་རྒྱ་ནག་གཞུང་དེར་འགྱུར་བ་འགྲོ་བཞིན་ཡོད་པ་རེད་ཅེས་བཀའ་ལན་བསྩལ་འདུག  བྷི་བྷི་སི་བཀའ་འདྲིའི་ནང་ཨ་རིའི་སྲིད་འཛིན་ཊམ་དང་འབྲེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཊམ་ནི་དཀའ་རྙོག་ཅན་ཞིག་ཡོད་པ་ནི་བཟང་སྤྱོད་ཀྱི་ཆ་ནས་མ་འདང་བ་ཞིག་ཡིན་པ་དང་། དེ་སྔ་ཁོང་ཐོག་མར་སྲིད་འཛིན་ཆགས་པའི་སྐབས་སུ་ཨ་རིའི་རྒྱལ་ཁབ་དེ་ཨང་དང་པོར་བཟོ་རྒྱུའི་གཏམ་བཤད་གནང་ཡོད་པ་ནི་ནོར་འཁྲུལ་ཞིག་ཡིན་པ་དང་། ཨ་རིའི་ངོས་ནས་གོ་ལ་སྤྱིར་སྨན་པའི་ཐུགས་འཁུར་བཞེས་དགོས་པ་ལམ་སྟོན་བསྩལ་ཡོད་པ་རེད།གཞན་ཡང་སྐྱབས་བཅོལ་བའི་གནད་དོན་དང་འབྲེལ་༸གོང་ས་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་ཡི་རངས་བསྔགས་བརྗོད་དང་ཐུགས་མོས་གནང་བཞིན་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ཡོ་རོབ་ནང་གི་རྒྱལ་ཁབ་ཚོས་ངེས་པར་དུ་སྐྱབས་བཅོལ་བ་དེ་དག་དང་བཞེས་གནང་དགོས་པ་དང་ཁོང་ཚོར་ཤེས་ཡོན་སློབ་གསོ་སྤྲད་ནས་ཕྱིར་རང་ཡུལ་ལ་ལོག་ཐུབ་རྒྱུའི་དམིགས་ཚད་བཟུང་དགོས་པ་སོགས་ལམ་སྟོན་མཛད་འདུག

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་བཅར་ཐུབ་མེད་པ།

རྒྱ་གཞུང་གིས་གནོན་ཤུགས་འོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཁག་གཅིག་ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པའི་ཐོག་ཚོགས་བཅར་གནང་ཐུབ་མི་འདུགཟླ་བ་འདིའི་ཚེས་ ༢༡ ནས་དེ་རིང་བར་སོག་པོའི་རྒྱལ་ས་ Ulaanbaatar ནང་ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པ་འཚོགས་ཡོད་ཀྱང་རྒྱ་གཞུང་གིས་གནོན་ཤུགས་འོག་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཕྱག་རོགས་ལས་བྱེད་གཉིས་བཅས་ལྷན་ཚོགས་དེར་ཚོགས་བཅར་གནང་ཐུབ་མེད་པ་མ་ཟད་ཐོག་མར་བོད་མིའི་ཕྱི་སྐྱོད་ལག་དེབ་སེར་པོ་ཡོད་མཁན་ཚང་མ་ལྷན་ཚོགས་ཐོག་བཅར་མི་ཆོག་ཞེས་དང་ཕྱིས་སུ་ཉིན་གྲངས་ཁ་ཤས་རིང་ཞུ་གཏུག་གནང་བར་ཁོ་ཚོ་ནང་ཁུལ་བཀའ་མོལ་མང་པོ་གནང་སྟེ་ཕྱི་སྐྱོད་ལག་དེབ་སེར་པོ་ཡོད་མཁན་གཞན་རྣམས་ཕེབས་ཆོག་པ་བྱུང་བ་དེ་ལྟར་ཡང་། ཆོས་རིག་ལས་ཁུངས་དང་འབྲེལ་ཡོད་ཚོགས་མི་གསུམ་ལ་ཚོགས་འདུར་བཅར་མི་ཆོག་པ་བཟོས་ཡོད་པ་རེད།ཆོས་རིག་བཀའ་བློན་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་ད་ལན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཁག་གཅིག་ཨེ་ཤ་ཡའི་ནང་པའི་ཞེ་བདེའི་ལྷན་ཚོགས་ཐོག་བཅར་ཐུབ་མེད་ཀྱང་ཐེངས་འདིའི་ལྷན་ཚོགས་ཐོག་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་ཀུན་བདེ་གླིང་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག དེ་བཞིན་ཏེ་ལོ་རིན་པོ་ཆེ་མཆོག གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་མཆོག་སོགས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དེ་བཞིན་༸རྒྱལ་བ་ཇོ་ནང་པ་བཅས་ཀྱི་སྐུ་ཚབ་ཕེབས་ཐུབ་པ་བྱུང་བ་མ་ཟད་སོག་པོ་རང་ནས་བོད་པའི་བླ་མ་དང་མཁན་པོ་སོགས་ཀྱང་ཆེད་བཅར་གྱིས་ཁྱོན་བོད་པའི་སྐུ་ཚབ་མཚོན་ཐུབ་མཁན་གྱི་མི་གྲངས་ ༡༥ ནས་ ༢༠ བར་ཕེབས་ཐུབ་པ་དེ་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་སྐོར་གསུངས་འདུགགཞི་རྩའི་ Asian Buddhist Conference for Peace ཞེས་ཡོངས་གྲགས་སུ་ ABCP ཞེས་ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་དེ་ཐོག་མར་འཛམ་གླིང་ཕྱོགས་གཉིས་ཀྱི་གྲང་དམག་གི་དུས་རབས་སྐབས་བྱུང་བ་ཞིག་དང་གཙོ་བོ་ཨུ་རུ་སུའི་ཕྱོགས་སུ་ཡོད་པའི་ནང་པའི་རྒྱལ་ཁབ་ཁག་གིས་མཉམ་དུ་བསྡུས་པའི་པའི་ནང་པའི་ཆོས་ཚོགས་ཤིག་ ༡༩༧༩ ནས་ ༧༠ བར་གསར་འཛུགས་གནང་བ་ཞིག་ཡིན་པ་རེད། ལྷག་པར་དུ་ཆོས་ཚོགས་དེ་དང་ཆོས་རིག་ལས་ཁུངས་དབར་དེ་སྔ་ནས་འབྲེལ་བ་ཡོད་པ་ལྟར་ཕྱི་ལོ་ ༡༩༨༢ ལོར་ཆོས་ཚོགས་འདིའི་ཚོགས་མི་དངོས་ཆགས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༧༩ ལོར་སོག་ཡུལ་དུ་ཚོགས་པའི་ལྷན་ཚོགས་ཐོག་དངོས་སུ་ལྷན་ཞུགས་མཛད་ཡོད་པ་དང་དེ་བཞིན་ཉེ་ཆར་ སོག་པོའི་རྒྱལ་ས་ Ulaanbaatar ནང་ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་དངོས་སུ་དབུ་འཛུགས་གནང་བ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་གྱི་ཐོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འཕྲིན་བསྩལ་ཡོད་པ་རེད། ༸སྐུ་དཔར་རྣམས་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་ངོ་དེབ།

ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐོག་འཚམས་འཕྲིན་མཛད་པ།

དེ་རིང་ཕྱི་ཚེས་ ༢༡ ཉིན་སོག་པོའི་རྒྱལ་ས་ Ulaanbaatar ནང་ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་དངོས་སུ་དབུ་འཛུགས་གནང་བ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་གྱི་ཐོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འཕྲིན་བསྩལ་འདུགའཚམས་འཕྲིན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྔ་ཕྱི་ལོ་ ༡༩༧༩ ལོར་སོག་ཡུལ་དུ་ལྷན་ཚོགས་ཚོགས་སྐབས་མགོན་པོ་༸གང་ཉིད་མཆོག་དངོས་སུ་ལྷན་ཞུགས་མཛད་ཡོད་པ་དྲན་བསྐུལ་དང་། ད་རེས་སླར་ལྷན་ཚོགས་དེ་བསྐོང་ཚོགས་གནང་བར་ཐུགས་དགྱེས་ཚོར་ཆོན་པོས་འཚམས་འདྲི་བསྩལ་བ་མ་ཟད་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དད་པ་གཅིག་པོའི་སྐད་ཆ་མིན་པར་སྡུག་བསྔལ་གྱི་འབྱུང་ཁུངས་གཙོ་བོ་དེ་མ་རིག་པར་བརྟེན་ནས་ཡོང་གི་ཡོད་པ་དང་། མ་རིག་པའི་བློ་དེ་དག་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་ཐོག་ནས་སེལ་དགོས་སྟབས། གཞུང་ཆེན་དག་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་བཀའ་བསྩལ་འདུག   མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཆེན་པོ་ཧོར་གྱི་ཡུལ་ནས་ནང་པའི་གཞུང་ལུགས་ཐོག་མཁས་པ་དང་གྲུབ་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ཡོད་པ་སོགས་བཀའ་བསྩལ་དང་སྦྲགས། སོག་པོ་བ་ཚོས་ཆོས་ལ་དད་པ་གནང་དང་མི་གནང་སོ་སོའི་འདོད་མོས་རེད། འོན་ཀྱང་སངས་རྒྱས་པའི་ལྟ་གྲུབ་ཐོག་ལ་དེང་སྐབས་ཚན་རིག་མཁས་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་སྟབས། དེ་དག་གི་ཐོག་ལ་སློབ་གཉེར་གནང་རྒྱུ་ཆེས་གནད་ཆེར་ཆགས་ཡོད་པ་ལམ་སྟོན་མཛད་འདུགགཞི་རྩའི་ཨེ་ཤ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༡ པ་འདི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༤ བར་འཚོགས་གནང་གི་ཡོད་པ་རེད།

ཕྱི་གཟུགས་པོའི་ཆ་ནས་བོད་དེ་ངོས་ཀྱི་ཕ་ཡུལ་དང་ནང་བསམ་བློའི་ཆ་ནས་རྒྱ་གར་འདི་ངོས་ཀྱི་ཕ་ཡུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱིར་མཐོང་རྒྱུ་ཡོད་པའི་གཟུགས་པོའི་གནས་བབས་ཀྱི་ཆ་ནས་བོད་དེ་ངོས་ཀྱི་ཕ་ཡུལ་དང་ནང་བསམ་བློའི་ཆ་ནས་རྒྱ་གར་འདི་ངོས་ཀྱི་ཕ་ཡུལ་ཡིན་ཞེས་བཀའ་བསྩལ་འདུག ཁ་སང་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་ཀྱིས་རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་ཞེས་གཏན་འབེབས་གནང་བ་ལྟར་རྒྱལ་སྤྱིའི་ཁྱོན་ལ་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་ཨ་རི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པའི་བརྙན་ཐུང་ཞིག་སྤེལ་འདུག བརྙན་ཐུང་དེའི་ནང་གསར་འགོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ཕལ་མོ་ཆེ་རྒྱ་གར་ནང་སྐྱབས་བ་གནང་ནས་བཞུགས་ཡོད་སྟབས། ཕ་ཡུལ་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་བཞེས་མཛད་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཕྱིར་མཐོང་རྒྱུ་ཡོད་པའི་གཟུགས་པོའི་གནས་བབས་ཀྱི་ཆ་ནས་བོད་དེ་ངོས་ཀྱི་ཕ་ཡུལ་དང་། བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་ནམ་ཡང་རྩོད་ཀྱི་མེད་སྟབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེའང་ང་ཚོའི་ཕ་ཡུལ་རེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ཆོས་ཕྱོགས་ཀྱི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པའི་རིག་གཞུང་བཟང་པོ་དེ་དག་གི་བྱུང་རྩ་རྒྱ་གར་འཕགས་པའི་ཡུལ་ཡིན་སྟབས་སྐྱབས་བཅོལ་དུ་ཕེབས་པ་ནས་བཟུང་ཆོས་ཕྱོགས་དང་ནང་བསམ་བློའི་ཆ་ནས་རྒྱ་གར་འདི་ང་ཚོའི་ཕ་ཡུལ་ཡིན་ཞེས་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཉིན་རེ་ནས་ཉིན་རེ་བཞིན་དུ་སྐྱབས་བཅོལ་བ་མང་དུ་འགྲོ་བཞིན་སྐོར་བཀའ་འདྲིར་སྐྱབས་བཅོལ་བ་རྣམས་ས་གནས་གང་དུ་ཡོད་ཀྱང་། ང་ཚོ་སྐྱབས་བཅོལ་བ་ཡིན་པ་དང་ཁོ་ཚོ་ས་གནས་ཀྱི་མི་ཡིན་པ་སོགས་ཀྱི་དགོངས་པ་བཞེས་རྒྱུ་མེད་པ་དང་། དུས་རྟག་ཏུ་ང་ཚོ་ཚང་མ་འཛམ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་གཅིག་གྱུར་ཡིན་པ་མ་ཟད་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་རྣམས་གཅེན་གཅུང་ཡིན་པའི་འདུ་ཤེས་འཛིན་དགོས་གལ་ཡིན་པ་དང་། དེ་ལྟར་གནང་ཚེ་རང་ཉིད་གྲོགས་མེད་ཁོ་ན་ཡིན་པའི་བསམ་བློ་དང་དགོས་མེད་ཀྱི་སེམས་སྡུག་གི་ངལ་བ་ནས་གྲོལ་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་དེང་གི་འཛམ་གླིང་ཐོག་འཕྲད་བཞིན་པའི་ངལ་བ་མང་དག་ཅིག་ང་ཚོ་དང་ཁོ་ཚོ་ཞེས་དབྱེ་འབྱེད་ཀྱི་བློའི་ཐོག་ནས་ཡོང་གི་ཡོད་པ་བཀའ་བསྩལ་བ་དང་སྦྲགས། ང་ཚོ་ཚང་མ་མཉམ་མཐུན་གྱིས་འགྲོ་བ་མི་ཐེར་འབུམ་བདུན་པོ་སྤྱི་ལ་དབང་བའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་གནང་དགོས་པའི་ལམ་སྟོན་ནན་པོ་མཛད་འདུག གཞན་ཡང་༸གོང་ས་མཆོག་ནས་སྤྱིར་མགོན་པོ་༸གང་ཉིད་མཆོག་ནང་པ་ཞིག་ཡིན་པ་དང་ལྷག་པར་དུ་ཉིན་ལྟར་ཆད་མེད་ཀྱིས་བྱང་ཆུབ་སེམས་ཉམས་ལེན་མཛད་བཞིན་པ་དེས་སེམས་ཀྱི་ཞི་བདེ་དང་གཞན་ཕན་བསྒྲུབ་རྒྱུ་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པ་བཀའ་བསྩལ་དང་སྦྲགས། དོན་དམ་པའི་བདེ་བ་དང་བདེ་སྐྱེད་ཅེས་པ་དེ་དངུལ་དང་རྒྱུ་ནོར་དེ་བཞིན་མཚན་སྙན་གྲགས། དབང་ཐང་བཅས་ལ་བརྟེན་ནས་བསྒྲུབ་རྒྱུ་མེད་སྟབས། དང་ཐོག་དེར་ང་ཚོས་ཕྱི་དངོས་པོའི་གནས་ལུགས་གལ་ཆེར་ངོས་འཛིན་བཞིན་པའི་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ལ་བསྒྱུར་བཅོས་ཤིག་ངེས་པར་དུ་གནང་དགོས་པ་དང་། ཤེས་ཡོན་སློབ་གསོའི་ཁྲོད་དུ་མིའི་ལྷན་སྐྱེས་སུ་ཡོད་པའི་གཞན་ཕན་དང་བྱམས་བརྩེ། དེ་བཞིན་སེམས་ཁམས་ཀྱི་བྱེད་ལས་སོགས་ཀྱི་ཐོག་ལ་སློབ་ཁྲིད་གནང་དགོས་གལ་ཡིན་པ་བཀའ་བསྩལ་འདུག། གཞི་རྩའི་ད་ལྟའི་ཆར་སྐྱབས་བཅོལ་གྱི་གནད་དོན་དེ་ནི་རྒྱལ་སྤྱིའི་ཐོག་ལ་དཀའ་ངལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྡེ་ཚན་གྱི་སྙན་ཐོ་ལ་གཞིགས་ཚེ་འཛམ་གླིང་ཐོག་མི་ས་ཡ་ ༦༥ ལྷག་གཞན་ཡུལ་དུ་སྐྱབས་བཅོས་ནས་གནས་མུས་ཡིན་པ་དང་། དེ་དག་ཁྲོད་ནས་ཕྱེད་ཀ་ལྷག་ཙམ་རང་ལོ་ ༡༨ མན་ཆད་ཆགས་ཀྱི་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་ང་ཚོ་བོད་མི་རྣམས་བཙན་དབང་འོག་གྲོས་བྱོལ་དུ་ཡོང་བ་ཡིན་སྟབས་བཙན་བྱོལ་བ་རེད་ཅེས་བཀའ་བསྩལ་ཡོད་པ་རེད།

རྒྱ་གར་ནས་ཁ་ཆེ་ཡུལ་ལུང་གཞན་ནང་ཆོས་ལུགས་མཐུན་འབྲེལ་ཁྱབ་སྤེལ་གནང་དགོས།

དེ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ལ་དྭགས་ཁ་ཆེའི་ཤི་ཡ་དང་སུ་ནིས་གོ་སྒྲིག་འོག་ Celebrating the diversity in the Muslim World ཁ་ཆེའི་སྣ་མང་གི་རང་བཞིན་སྲུང་བརྩི་ཞེས་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་གྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཁབ་འདི་ལྟ་བུ་ནས་རྩོད་རྙོག་ཡོད་པའི་ཁ་ཆེ་ལུང་པ་གཞན་ཚོར་ཆོས་ལུགས་མཐུན་འབྲེལ་གོང་མཐོར་དང་ཁྱབ་སྤེལ་གནང་དགོས་པའི་བཀའ་བསྩལ་འདུག དེ་རིང་ཚེས་ ༡༥ ཉིན་གྱི་སྔོ་དྲོ་ཚོུད་ ༩༌༣༠ ཐོག་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལྟེ་གནས་ཁང་ IIC ནང་ཚོགས་པའི་ལྷན་ཚོགས་སྟེང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་རྒྱ་གར་སྲིད་འཛིན་གཞོན་པ་སྐུ་ཞབས་ Mohammad Hamid Ansari མཆོག བཀའ་ཁྲི་ཟུར་པ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག  དེ་བཞིན་ཤི་ཡ་དང་སུ་ནི། བྷོ་ར་སོགས་ཀྱི་ཁ་ཆེའི་ཆོས་དཔོན། ཤེས་ཡོན་མི་སྣ། ཆོས་ལུགས་མཐུན་འབྲེལ་གྱི་གནད་དོན་ཐད་ཐུགས་སྣང་ཡོད་མཁན་ཁྱོན་མི་གྲངས་ ༣༠༠ ལྷག་ནས་མཉམ་ཞུགས་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་བོད་ནང་ཡོད་པའི་ཁ་ཆེ་དང་བོད་མི་དབར་འཆམ་མཐུན་གྱི་འབྲེལ་ལམ་ལེགས་པོ་ཡོད་སྐར་བཀའ་བསྩལ་བ་དང་སྦྲགས། ད་ཆ་འཛམ་གླིང་ནང་ཁ་ཆེའི་ལུང་པ་ཁག་ཅིག་ནང་ཤི་ཡ་དང་སུ་ནིའི་དབར་རྩོད་རྙོག་བྱུང་བཞིན་ཡོད་པ་དང་། རྒྱ་གར་ལྟ་བུར་ཆ་མཚོན་ན་ཁ་ཆེས་གཙོས་པའི་ཆོས་ལུགས་གཞན་མང་དག་ཅིག་ཡོད་པ་རྣམས་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་སྟབས། དེ་འབྲེལ་ཆོས་ལུགས་དབར་འཆམ་མཐུན་དེ་རྒྱ་གར་ནས་དང་དུ་བླངས་ཐོག་ཁ་ཆེའི་ཡུལ་ལུང་གཞན་ནང་གོང་མཐོར་དང་ཁྱབ་སྤེལ་གནང་དགོས་པ་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་གི་མི་ཐེར་འབུམ་ ༧ ཡོད་པ་རྣམས་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་འདོད་པ་དེ་ལྟར་ཡང་། དེང་གི་ཤེས་ཡོན་ལམ་ལུགས་ཁྲོད་ཕྱིའི་དངོས་པོ་ཁོ་ནར་གཙོ་བོ་དམིགས་པ་ལས་ནང་སེམས་ཀྱི་རིན་ཐང་ལ་རྩིས་མེད་འགྲོ་ཡི་ཡོད་པ་བཀའ་བསྩལ་འདུག ༸གང་ཉིད་མཆོག་གིས་ཆོས་ལུགས་ཚང་མའི་ལྟ་གྲུབ་ཐ་དད་ཡིན་ཀྱང་བྱམས་དང་སྙིང་རྗེའི་ལམ་སྟོན་གཞི་རྩར་བཞག་ཡོད་སྟབས། ད་ཆ་ཆོས་ལུགས་ཀྱི་མིང་ཐོག་ནས་འཚེ་བ་དང་མི་གསོད་ཁྲག་སྦྱོར་བྱེད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་དང་། སྒོས་སུ་ཆོས་ལུགས་ཡོངས་ནས་ནང་སེམས་ཀྱི་ཞི་བདེ་སྐྲུན་པར་ནུས་པ་ཡོད་པས་ཆོས་ལུགས་མཐུན་འབྲེལ་ཡོང་རྒྱུར་འབད་རྩོན་གནང་ཚེ་ཆོས་ལུགས་མཐུན་འབྲེལ་ཉག་གཅིག་ཡོང་རྒྱུ་ཡིན་པ་བཀའ་བསྩལ་བ་དང་། ལྷག་དོན་བོད་ཀྱི་ཁོར་ཡུག་གི་གནས་བབ་དང་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོའི་ཐུགས་བསྐྱེད་སྐོར་བཀའ་བསྩལ་འདུག  ༸གོང་ས་མཆོག་གིས་ལ་དྭགས་ཁ་ཆེ་ནས་ཆོས་ལུགས་གོང་མཐོར་དང་འཆམ་མཐུན་སླད་ལྷན་ཚོགས་གོ་སྒྲིག་ཞུས་པར་བསྔགས་བརྗོད་དང་སླད་མར་དེ་འབྲེལ་ལྷན་ཚོགས་གནང་བར་མགོན་པོ་མཆོག་གི་ཡིག་ཚང་དང་དགེ་རྩ་ཚོགས་པ་ནས་མཐུན་འགྱུར་དགོས་ཚེ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་ལྷན་ཚོགས་སུ་བཅར་བའི་མི་མང་ཁག་ཅིག་ནས་རྒྱ་གར་ལྟ་བུ་ནས་ད་བར་སྐྱབས་བཅོལ་བར་སྣེ་ལེན་ཞུས་པས་དེ་འབྲེལ་སྣེ་ལེན་བྷར་མའི་ནང་གནས་བཞུགས་རོ་ཧིན་གྷ་ཡ་ཁ་ཆེའི་མི་རིགས་ཚོར་ཞུ་དགོས་སྐོར་དང་། ནང་སེམས་ཀྱི་ཞི་བདེ་ཇི་ལྟར་སྐྲུན་ཐབས། སྤྱི་ཚོགས་ཁྲོད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཇི་ལྟར་སྤེལ་དགོས་སྐོར་སོགས་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དྲི་བ་བཏང་བའི་ཁྲོད་༸གང་ཉིད་མཆོག་གིས་དེ་སྔ་རོ་ཧིན་གྷ་ཡ་ནང་ཆོས་ལུགས་ཀྱི་རྩོད་རྙོག་བྱུང་སྐབས་ Time’s བརྙན་དེབ་ཐོག་ནང་པའི་དགེ་འདུན་པ་ཞིག་གི་འདྲ་པར་བསྟན་པའི་ཐོག་ནང་པའི་འཇིགས་སྐུལ་བ་ཞེས་བྲིས་ཡོད་པ་གཟིགས་དུས་༸སྐུ་ཉིད་མཆོག་ཐུགས་ཧ་ཅང་ཕམ་པོ་བྱུང་སྐོར་དང་། ད་རེས་ལྷན་ཚོགས་འདི་ལྟ་བུ་ནས་འཛམ་གླིང་སྤྱི་ཡོངས་ནང་ཆོས་ལུགས་མཐུན་འབྲེལ་དང་རྩོད་རྙོག་དེ་རིགས་མི་ཡོང་བར་ཐུགས་ཕན་གསོས་སྐོར་དང་ཕྱོགས་མཚུངས་ནང་སེམས་ཀྱི་ཞི་བདེ་སྐྲུན་པར་འགྲོ་བ་མི་གཅིག་གྱུར་ལ་བྱམས་པ་དང་སྙིང་རྗེའི་བློ་སྒོམ་ཐོག་འདུ་ཤེས་འཛིན་དགོས་སྐོར་བཀའ་ལན་མཛད་འདུགརྒྱ་གར་སྲིད་འཛིན་གཞོན་པ་སྐུ་ཞབས་ཨན་ས་རི་མཆོག་གིས་འཛམ་བུ་གླིང་ནང་ཁ་ཆེ་མི་འབོར་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད་པ་རྣམས་རྒྱ་གར་དང་ཨིན་ཌོ་ནེ་ཤ་ཡ། དེ་བཞིན་དཀྱིལ་ཤར་ཨེ་ཤ་ཡ་གཙོས་པའི་ས་ཕྱོགས་གང་སར་ཁྱབ་གདལ་ཡོད་པ་དང་། སྒོས་འཛམ་གླིང་ས་ཕྱོགས་གཞན་དུ་ཆོས་ལུགས་ཀྱི་རྩོད་རྙོག་ཡོད་པའི་ཁྲོད་རྒྱ་གར་ལྟའི་བུ་ནང་ཆོས་ལུགས་ཕན་ཚུན་དབར་ཞི་མཐུན་གནས་ཐོག་ཁ་ཆེ་སྣ་མང་རང་བཞིན་སྲུང་བརྩི་བྱེད་པ་གཟིགས་སྐབས་དེར་དགའ་སྤོབས་བྱུང་སྐོར་གསུངས་འདུགཁ་ཆེའི་ཤི་ཡ་དང་སུ་ནི་སོགས་ཀྱི་ཆོས་དཔོན་རྣམ་པས་ཁ་ཆེ་ཆོས་ལུགས་ཀྱི་ངོ་བོ་དང་འབྲེལ། ཀུ་རན་ཞེས་ཁ་ཆེའི་གསུང་རབ་ནང་འཁོད་པའི་འགྲོ་བ་མི་རིགས་སྤྱི་ལ་ཞབས་འདེགས་ཞུ་རྒྱུ་དང་གཞན་ལ་འཚེ་བ་མི་བྱེད་རྒྱུ། དེ་བཞིན་ཕན་ཚུན་དབར་འཆམ་གནས་དགོས་སྐོར་དང་ Jihad དོན་སོགས་ལུང་འདྲེན་དང་སྦྲགས། ཁ་ཆེ་ནང་ཁུལ་དབར་འཆམ་མཐུན་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུགརྩ་བའི་༸གོང་ས་མཆོག་གིས་རྣམ་ཀུན་ལ་དྭགས་སུ་ཆིབས་བསྒྱུར་ཁྲོད་ཁུལ་དེའི་ཁ་ཆེ་ཡུལ་མི་ཚོ་དང་མཇལ་འཕྲད་མཛད་སྐབས་ལ་དྭགས་ནང་ཡོད་པའི་ཁ་ཆེ་ནང་ཁུལ་དང་དེ་བཞིན་ཁ་ཆེ་དང་ཆོས་ལུགས་གཞན་དབར་ལོ་རབས་ནས་ལོ་རབས་ཞི་མཐུན་ངང་མཉམ་གནས་སུ་གནས་སྟབས། ཞི་བདེ་ལྷིང་འཇགས་ངང་མཉམ་གནས་གནང་བའི་ཉམས་མྱོང་དེ་ས་གནས་གཞན་ནང་གནས་པའི་ཁ་ཆེ་ཚོ་དང་བརྗེ་རེས་དང་དེ་འབྲེལ་ཁྱབ་སྤེལ་གནང་དགོས་པ་གཞེན་བསྐུལ་ཡང་ཡང་མཛད་སྟབས།  ལ་དྭགས་ཁ་ཆེ་ཚོས་ཀྱང་༸གང་ཉིད་མཆོག་གི་ལམ་སྟོན་འོག་ད་རེས་ལྷན་ཚོགས་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།

Latest news