Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

སྟོང་ལོ་གསུམ་པའི་ནང་གི་འགྲོ་བ་མིའི་ཤེས་ཡོན་ལྷན་ཚོགས་ཐོག་དབུ་བཞུགས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཐོག་ Human Education in the Third Millennium འམ་སྟོང་ལོ་གསུམ་པའི་ནང་གི་འགྲོ་བ་མིའི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་ཚོགས་པ་དང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་གི་སྔོན་འགྲོའི་བསླབ་གཞིའི་ནང་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་བསླབ་གཞི་འཇོག་དགོས་གལ་ཡིན་པའི་ལམ་སྟོན་བསྐྱར་ནན་མཛད་སོང་།དེ་རིང་རྒྱལ་ཁབ་མི་འདྲ་བ་བཅུ་ནས་ཚོགས་མི་བསྡུ་སྐོང་གནང་བའི་ལྷན་ཚོགས་ཐོག་ད་ལྟའི་ཤེས་ཡོན་སྲིད་བྱུས་དང་། མིའི་རང་བཞིན། མང་གཙོའི་ལམ་ལུགས། སློབ་ཁྲིད་ཐབས་ལམ་སོགས་ཀྱི་གླེང་གཞི་གཙོ་བོ་བཞིའི་ཐོག་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དང་ལམ་སྟོན་གསོལ་འདེབས་ཞུ་སྐབས་༸གོང་ས་མཆོག་གིས་གཞི་རྩའི་ཤེས་ཡོན་སློབ་གསོ་དེ་མི་ཚེ་སྐྱིད་པོ་དང་། སྤྱི་ཚོགས་སྐྱིད་པོ། འཛམ་གླིང་སྐྱིད་པོ་ཞིག་སྐྲུན་དགོས་ཀྱི་ཡོད་ཀྱང་། དེ་ལྟར་ལམ་ལྷོང་ལྡན་པ་ཞིག་ཡོང་གི་མེད་སྐོར་བཀའ་བསྩལ་བ་དང་འབྲེལ། ཉིན་རེའི་གསར་འགྱུར་ཁག་གི་ནང་མིས་བཟོས་པའི་དཀའ་ངལ་ཤ་སྟག་འཐོན་བཞིན་པ་ནི་སློབ་གྲྭའི་ནང་མིའི་བསམ་བློའི་རིན་ཐང་དང་འབྲེལ་བའི་བདེ་སྐྱིད་དང་ལྡན་པའི་བསམ་བློ་སྐྲུན་ཐབས་སྐོར་ལ་བཀའ་མོལ་མ་གནང་བའི་རྐྱེན་དང་། ཤེས་ཡོན་སློབ་གསོའི་ཁྲོད་དུ་ཕྱིའི་དངོས་པོ་ཡར་རྒྱས་དང་དཔལ་འབྱོར་ཡར་རྒྱལ་ལ་དམིགས་པའི་བསམ་བློ་ཡར་རྒྱས་གཏོང་རྒྱུ་ལས་ནང་སེམས་དང་འབྲེལ་བའི་སློབ་གསོ་མ་འདང་བའི་རྐྱེན་གྱིས་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག སློབ་གྲྭ་ཁག་གི་སྔོན་འགྲོའི་སློབ་གྲྭའི་བསླབ་གཞིའི་ནང་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་བསླབ་གཞི་འཇོག་དགོས་པའི་ལམ་སྟོན་བསྐྱར་ནན་མཛད་སོང་།༸གོང་མཆོག་གིས་དེ་སྔ་ནུབ་ཕྱོགས་སུ་བཟོ་ལས་དར་ཁྱབ་མ་འགྲོ་བའི་སྔ་རོལ་དུ་ཤེས་ཡོན་སློབ་གསོ་དེ་ཆོས་ལུགས་དང་འབྲེལ་ནས་དགོན་པ་དང་བཙུན་དགོན་སོགས་ནས་འགན་བཞེས་གནང་གི་ཡོད་ནའང་། ཕྱིིས་སུ་བཟོ་ལས་དར་ཁྱབ་བྱུང་བའི་དུས་ནས་ཤེས་ཡོན་སློབ་ཁྲིད་བྱ་ཐབས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། ད་ཆ་དུས་རབས་དེ་ནས་ཆས་པའི་མི་རིགས་དེ་དག་གི་ཁྲོད་ཁོང་ཁྲོ་དང་ཞེད་སྡང་ལ་བརྟེན་ནས་མ་སྐྱིད་པ་དང་དཀའ་ངལ་འཕྲད་སྐབས་ནང་སེམས་དེ་སྐྱིད་པོར་འཇོག་ཐབས་མ་ཤེས་པའི་དབང་གིས་སྨྱོ་རྫས་ལོངས་སུ་སྤྱོད་རྒྱུ་དང་། རང་ཤི་རྒྱག་རྒྱུ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་པར་བཀའ་བསྩལ་བ་དང་འབྲེལ། གནད་དོན་དེ་དག་ལ་གདོང་ལེན་གནང་རྒྱུར་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་ནང་སེམས་དང་འབྲེལ་བའི་སློབ་གསོ་ངེས་པར་དུ་འཇོག་དགོས་པ་དང་། ལྷག་པར་དུ་གཞན་ལ་བྱམས་བརྩེ་གོང་སྤེལ་གནང་བ་ལ་དང་ཐོག་རང་ཉིད་ཀྱིས་རང་ལ་བྱམས་པས་སྐྱོང་དགོས་པར་བཀའ་བསྩལ་འདུག མགོན་པོ་མཆོག་གིས་ཉེ་ལམ་ཧི་མཱ་ཅལ་གཙུག་ལག་སློབ་གྲྭ་དང་རྒྱལ་ས་ལྡི་ལིའི་ནང་ཆོས་ལུགས་ལ་མ་བརྟེན་པའི་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད་པ་དང་། ལྷག་པར་དུ་བློ་རིག་གི་རྣམ་གཞག་དང་འབྲེལ་ནས་འདི་ལོར་དགེ་རྒན་འོས་སྦྱོང་གནང་རྒྱུ་གོ་སྒྲིག་གནང་གི་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས། དུས་རབས་ཉེར་གཅིག་འདིའི་ཁྲོད་རྒྱ་གར་གྱི་ངོས་ནས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་སླར་གསོ་གནང་བ་བརྒྱུད་ནས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དང་འབྲེལ་ནས་ངེས་པར་དུ་འཛམ་གླིང་གི་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟེ་བདེ་སྐྱིད་དང་ལྡན་པའི་བསམ་བློ་སྐྲུན་ཐབས་ཐོག་ལེགས་སྐྱེས་ཕུལ་ཐུབ་ངེས་ཡིན་པ་དང་། དེང་རབས་ཀྱི་ཤེས་ཡོན་དང་རྒྱ་གར་གྱི་གནའ་བོའི་རིག་གནས་གཉིས་ཟུང་འབྲེལ་གྱིས་སླར་གསོ་གནང་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་ནང་གི་བཞི་པ་སྟེ་གསར་ཤོས་དེ་ཡིན་པ་བཀའ་བསྩལ་སོང་།སྐབས་དེར་ཚོགས་མི་ཞིག་གིས་རྒྱལ་ཁབ་གཅིག་གི་ནང་སྐྱབས་བཅོལ་བ་མ་ངག་དག་ཅིག་འབྱོར་བཞིན་ཡོད་པ་དང་བསྟུན། མི་རིགས་སྣ་ཚོགས་འཛོམས་པའི་ཕྲུ་གུ་དེ་དག་ལ་ཤེས་ཡོན་སློབ་གསོ་ཇི་ལྟར་སྤྲོད་དགོས་སྐོར་བཀའ་འདྲི་ཞུ་སྐབས་མགོན་པོ་མཆོག་གིས་སྐྱབས་བཅོལ་བ་གྲངས་འབོར་མང་དག་ཅིག་འབྱོར་བཞིན་པ་ནི་དཀའ་ངལ་ཞིག་ཡིན་ནའང་། སྐྱབས་བཅོལ་བ་དེ་དག་རྒྱལ་ཁབ་གཞན་ཞིག་གི་ནང་འཛུལ་བཞུགས་བྱ་རྒྱུར་བཀག་འགོག་བྱས་པ་ནི་བཟང་སྤྱོད་དང་འགལ་བ་ཞིག་ཡིན་པ་དང་། ཁོང་ཚོར་མཐུན་རྐྱེན་དང་ཤེས་ཡོན་སློབ་གསོ་སྤྲོད་དེ་མ་འོངས་པར་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ་མཁན་ཞིག་བཟོ་རྒྱུའི་དམིགས་ཚད་བཟུང་དགོས་པ་དང་མགོན་པོ་མཆོག་ནས་ཤེས་ཡོན་སློབ་གསོ་དང་འབྲེལ་ནས་དུས་རྟག་དུ་འཛམ་བུ་གླིང་ནང་མི་ཐེར་འབུམ་བདུན་པོ་དེ་དག་ཚང་མ་གཅིག་མཚུངས་ཡིན་པའི་བཀའ་བསྩལ་གྱི་ཡོད་སྐོར་དང་འབྲེལ། མི་ཐེར་འབུམ་བདུན་པོ་དེ་དག་གི་ངོས་ནས་འགྲོ་བ་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་དགོས་གལ་ཡིན་པར་ལམ་སྟོན་བསྩལ་སོང་།

རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་དང་དེ་མི་རབས་གསར་པར་བརྒྱུད་སྤེལ་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཏོང་ལེན་དགེ་རྩ་ཚོགས་པའི་རྒྱ་གར་ཉམ་ཐག་གི་དགེ་ལས་སློབ་ཕྲུག་ཚོར་དམིགས་བསལ་མཇལ་ཁ་དང་འབྲེལ་རྒྱ་གར་གནའ་བོའི་རིག་གཞུང་སླར་གསོ་གནང་རྒྱུ་ཐོག་ཧུར་བརྩོན་གནང་དགོས་པའི་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན། ཁ་སང་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པའི་རྒྱ་གར་ཉམ་ཐག་གི་དགེ་ལས་སློབ་ཕྲུག་ཚོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་བསྩལ་འདུག་པ་དང་། སྐབས་དེར་མགོན་པོ་མཆོག་གིས་གཏོང་ལེན་དགེ་རྩ་ཚོགས་པ་དེ་ཐོག་མ་འགོ་འཛུགས་བྱུང་སྟངས་དྲན་གསོ་མཛད་པ་དང་སྦྲགས། དེང་སྐབས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་མང་དག་ཅིག་ནི་རང་རྒྱལ་གཞན་ཕམ་དང་ཆགས་སྡང་གིས་གཞན་དབང་སོགས་ཀྱི་རྐྱེན་པས་བྱུང་གི་ཡོད་སྟབས། དཀའ་ངལ་དེ་དག་སེལ་ཐབས་སུ་ཤེས་ཡོན་སློབ་གསོའི་ཁྲོད་ན་གཞོན་རྣམས་ལ་ཕྱིའི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་སློབ་གསོ་གང་མང་སྤྲོད་གལ་ཆེ་བ་དང་། ལྷག་པར་དུ་ཤེས་ཡོན་སློབ་གསོ་དེ་མིའི་ཀླད་པ་རྒྱ་སྐྱེད་གཏང་རྒྱུ་ཁོ་ན་མིན་པར་འགྲོ་བ་མིའི་ནང་སེམས་ཀྱི་ཞི་བདེ་དང་བྱམས་སྙིང་རྗེ་བསམ་པ་གོང་མཐོར་གཏོང་རྒྱུ་བཅས་ལ་དོ་སྣང་ཆེ་བཞེས་གནང་དགོས་པའི་ལམ་སྟོན་མཛད་འདུགདེ་བཞིན་༸གང་ཉིད་མཆོག་གིས་རྒྱ་གར་འདི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་ཡུལ་ཞིག་ཡིན་པ་མ་ཟད། བྱམས་པ་དང་སྙིང་རྗེ་གཞི་རྩར་བཟུང་བའི་ཐོག་འཚེ་བ་མེད་པའི་ལྟ་སྤྱོད་ཉམས་ལེན་གནང་བཞིན་ཡོད་པ་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཁྱད་པར་བ་ཞིག་རེད་ཅེས་བཀའ་བསྩལ་བ་དེ་ལྟར་ཡང་། དེང་དུས་ཀྱི་རྒྱ་གར་སྤྱི་ཚོགས་ནང་ཨིན་ཇིས་དར་སྤེལ་བྱས་པའི་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ཕྱིའི་དངོས་པོ་འགྲེལ་བཤད་རྒྱག་པ་ཙམ་ལས་ནང་གི་བསམ་བློའི་སྐོར་ལ་འགྲེལ་བཤད་རྒྱག་པ་ཞིག་མེད་པ་དང་། འཛམ་གླིང་འདིའི་ནང་ནང་ཆོས་མ་དར་བའི་སྔ་རོལ་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཁྲོད་ནང་བསམ་བློའི་སློབ་གསོ་དེ་དར་སྤེལ་ཟིན་པ་ཞིག་ཡིན་སྟབས། རྒྱ་གར་བ་ཚོས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་ཤེས་ཡོན་དེ་དག་ལ་ཆེས་དོ་སྣང་གནང་དགོས་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུགམགོན་པོ་མཆོག་གིས་ད་དུང་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ཐུགས་འགན་གཙོ་བོ་བཞི་ཡོད་པའི་ནང་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རིག་གཞུང་སླར་གསོ་གནང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་ངོ་སྤྲོད་དང་སྦྲགས་ཏེ་ད་ཆ་མགོན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་མཚམས་འདིར་རྒྱ་གར་གྱི་གཞོན་སྐྱེས་ཚོས་༸གང་ཉིད་ཀྱི་དགོངས་པ་ཡིད་ལ་བཅངས་ནས་ཕྱག་ལས་གནང་དགོས་གལ་ཡིན་སྐོར་བཀའ་བསྩལ་བ་མ་ཟད། རང་ཉིད་ལ་ཡོད་པའི་གནའ་བོའི་རིག་གཞུང་དེ་དག་མི་རབས་གསར་པ་ཚོའི་ཁྲོད་དུ་བརྒྱུད་སྤེལ་གནང་དགོས་ཞེས་བཀའ་ནན་བསྩལ་འདུགཁྱད་པར་དུ་རྒྱ་གར་གྱི་གནའ་རབས་ནས་བྱུང་བའི་  Ahimsa  འམ་འཚེ་བ་མེད་པའི་ལྟ་གྲུབ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་འགྲེལ་བཤད་གནང་ཐུབ་པའི་གུ་ཡངས་དང་ཡ་རབས་བཟང་པོའི་བསླབ་བྱ་ཡིན་སྐོར་དང་འབྲེལ། འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་ཡོང་བར་དང་པོ་འགྲོ་བ་མིའི་ནང་སེམས་འཁྲུག་པའི་ཉོན་མོངས་དག་མེད་པ་བཟོ་རྒྱུ་དང་དེ་ནས་ཕྱི་ལ་ཡོད་པའི་གོ་མཚོན་དང་རྡུལ་ཕྲན་མཚོན་ཆ་སོགས་རྩ་མེད་བཟོ་རྒྱུ་ཐད་ཚང་མས་འགན་མཉམ་འཁུར་གནང་གལ་ཡིན་པར་ལམ་སྟོན་བསྩལ་འདུགགཏོང་ལེན་སློབ་གྲྭའི་སློབ་མ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པར་འཚམས་འདྲིའི་སྙན་རྩོམ་ཞིག་སྙན་སྒྲོན་ཞུས་ཏེ། ༸གོང་ས་མཆོག་གི་བླ་ན་མེད་པའི་དགོངས་བཞེས་དང་༸གང་ཉིད་ཀྱི་དགེ་རྩ་ཚོགས་པའི་རྒྱབ་སྐྱོར་འོག་གཏོང་ལེན་དགེ་རྩ་ཚོགས་པས་དྷ་སར་ཡོད་པའི་ང་ཚོ་རྒྱ་གར་གྲོང་གསེབ་ཀྱི་དབུལ་ཕོངས་ཉམ་ཐག་རྣམས་ཛ་དྲག་གི་དཀའ་ངལ་འོག་ནས་མྱུར་སྐྱོབ་གནང་སྟེ། ང་ཚོར་ཤེས་ཡོན་དང་འཕྲོད་བསྟེན། སྡོད་གནས་སོགས་ཀྱི་མཐུན་འགྱུར་གང་ལེགས་སྐྲུན་པ་བརྒྱུད་ནས་ང་ཚོར་རེ་བ་གསར་པ་གནང་བར་༸གང་ཉིད་མཆོག་དང་གཏོང་ལེན་དགེ་རྩ་ཚོགས་པ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་འདུགལྷག་པར་དུ་༸གོང་ས་མཆོག་གིས་༸སྐུ་ཚེ་ཧྲིལ་པོའོ་རིང་བྱམས་བརྩེ་དང་ཞི་བདེ། དེ་བཞིན་ཆོས་ལུགས་མཐུན་འབྲེལ་དང་གོ་ལ་གཅིག་གྱུར་གྱི་ཐུགས་འགན་བཞེས་མུས་ཀྱི་དགོངས་པ་དེ་ནི་གཏོང་ལེན་དགེ་རྩ་ཚོགས་པའི་སློབ་ཕྲུག་ཚོར་བློ་སྤོབས་སྐྱེས་གཞི་ཡིན་པས་དེར་ཆེ་བསྟོད་ཞུས་པ་དང་སྦྲགས། ༸གང་ཉིད་མཆོག་གི་རླབས་ཆེན་དགོངས་པ་དེ་དག་ཁྱབ་སྤེལ་ཡོང་སླད་རང་ཉིད་གནས་སྡོད་བྱ་ཡུལ་གྱི་ས་གནས་ཁག་ཏུ་ལས་གཞི་ཁག་གཅིག་སྤེལ་མུས་ཡིན་པ་སྙན་གསེང་ཞུས་པ་མ་ཟད། གཏོང་ལེན་ཚོགས་པའི་སློབ་ཕྲུག་ངོས་ནས་༸གང་ཉིད་མཆོག་གི་དགོངས་པ་སྒྲུབ་རྒྱུ་སླད་མུ་མཐུད་ཧུར་བརྩོན་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་དང་ཁྱད་པར་དུ་གཏོང་ལེན་ནང་སློབ་སྦྱོང་བྱས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་དེ་དག་སློབ་ཕྲུག་གཞན་ལ་སློབ་གསོ་ཞུ་རྒྱུ་དང་གཞན་ཕན་གྱི་བྱ་བ་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ། དེ་བཞིན་རང་ཉིད་ཀྱི་སེམས་ཞི་བདེ་ངང་གནས་རྒྱུ་སོགས་ཀྱི་དགེ་མཚན་ཆེན་པོ་བྱུང་སྐོར་ཞུས་ཏེ། ༸གོང་ས་མཆོག་ལ་དམིགས་བསལ་བཀྲིན་རྗེས་དྲན་མཚོན་ཆེད་ཀྱི་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུགགཞི་རྩའི་གཏོང་ལེན་དགེ་རྩ་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༤ ལོར་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་དྷ་ས་ཁུལ་དུ་ཡོད་པའི་རྒྱ་གར་དབུལ་ཕོངས་ཉམ་ཐག་ཕྲུ་གུ་ཚོར་ལྟ་སྐྱོང་སླད་དུ་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་།  འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ཚོགས་པའི་ངོས་ནས་ས་གནས་རྒྱ་གར་དབུལ་ཕོངས་ཉམ་ཐག་གི་ཕྲུ་གུ་དང་མི་སེར་ཚོར་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་སོགས་ཀྱི་ཐོག་རོགས་སྐྱོར་གནང་མུས་ཡིན་པ་རེད།  ཚོགས་པའི་དཔལ་འབྱོར་རྒྱབ་རྟེན་གཙོ་བོ་ནི་༸གོང་ས་མཆོག་གི་ཏཱ་ལའི་བླ་མའི་བདེ་རྩ་ཚོགས་པ་དབུས་པའི་ཨིན་ཡུལ་དང་ཕ་རན་སི་སོགས་ནང་ཡོད་པའི་ཡན་ལག་ཚོགས་པ་དང་རྒྱལ་སྤྱིའི་སྦྱིན་བདག་ཁག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་གཏོང་ལེན་དགེ་རྩ་ཚོགས་པ་ནི་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་སློབ་ཁྲིད་གནང་མཁན་རྒྱ་གར་ནང་གི་སློབ་གྲྭ་ཐོག་མའི་གྲས་ཡིན་པ་རེད།

༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་དེ་བཀའ་སྒྲུབ་རྒྱུ་རེད།

ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་རྒྱལ་སའི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་དང་འབྲེལ་ཡོད་རྒྱ་གར་གྱི་གནད་ཡོད་དཔོན་རིགས་བཅས་ལ་༸སྐུའི་འཁྲུངས་སྐར་དང་བསྟུན་དགོང་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུ་སྲོལ་ཡོད་པ་ལྟར། རེས་གཟའ་སྤེན་པའི་ཕྱི་དྲོ་རྒྱལ་ས་ལྡི་ལིའི་ India Habitat ལྟེ་གནས་ཁང་དུ་གོ་སྒྲིག་ཞུས་པའི་གསོལ་སྟོན་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་མ་ཟད། མགོན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ཡོད་པའི་ནང་ནས་ད་ལྟའི་གནས་སྐབས་གལ་གནད་ཆེ་ཤོས་དང་ཆེས་ཛ་དྲག་ཅན་ནི་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡྲའི་རིག་པའི་གཞུང་ལུགས་དེ་བསྐྱར་གསོ་གནང་ཐབས་ཡིན་པ་ལྟར། ཚང་མས་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུལ་ཞུས་པ་དང་། དེ་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ཤིག་དང་། ལྷག་པར་དུ་༸གོང་ས་མཆོག་ཐུགས་དགྱེས་པའི་མཆོད་པ་གནད་སྨིན་ཞིག་ཀྱང་ཡིན་སྐོར་སོགས་གསུངས་སོང་།   ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་གསོལ་སྟོན་དེའི་སྐབས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་པ་ཁག་གཅིག་དང་། ཡོ་རོབ་མཐུན་ཚོགས་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གི་སྐུ་ཚབ། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ། མཁས་དབང་། དེ་བཞིན་སྙན་གྲགས་ཅན་གྱི་ལས་འགུལ་བ་སོགས་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུགགཞི་རྩའི་རྒྱལ་ས་ལྡི་ལིའི་ཁུལ་གྱི་མི་མང་གི་གཞུང་འབྲེལ་མཛད་སྒོ་དེ་བོད་སྒར་བསམ་ཡས་གླིང་དུ་ཚོགས་ཡོད་པ་དང་། ༸སྐུའི་འཁྲུངས་སྐར་གྱི་མི་མང་མཛད་སྒོ་དེ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་པོ་ལས་ཆོས་ལུགས་མཐུན་འབྲེལ་གྱི་དགོངས་གཞི་གཞིར་བཟུང་ལྡི་ལི་ནང་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་གདན་ཞུ་དང་འབྲེལ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་རེད།མཛད་སྒོའི་ཐོག་ས་གནས་ཀྱི་སློབ་ཕྲུག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་མ་ཟད། ཆོས་ལུགས་སོ་སོའི་སྐུ་ཚབ་ཚོའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་སོགས་ཀྱང་གནང་ཡོད་པ་རེད།ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་དང་མི་མང་བཅས་ཁྱོན་མི་གྲངས་ལྔ་བརྒྱ་ལྷག་འདུ་འཛོམས་གནང་ཡོད་པ་རེད།  

ཡོ་རོབ་ཁུལ་དུ་རྣམ་པ་འདྲ་མིན་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི།

ཕྱི་ཟླ་ ༧ ཚེས་ ༦ ཉིན་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་དྷ་རྨ་ས་ལ་གཙོ་གྱུར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་འབངས་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་ལྟར། ཉིན་དེར་འདི་ག་ཡོ་རོབ་རྒྱལ་ཁབ་ཁུལ་དུ་གནས་གནས་སྡོད་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་རྣམ་པ་འདྲ་མིན་བརྒྱུད་ནས་མགོན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།ཡོ་རོབ་རྒྱལ་ཁབ་བྷེལ་འཇམ་ཁུལ་དུ་བྷེལ་འཇམ་ས་གནས་བོད་རིགས་ཚོགས་པ་དང་ཤེས་རབ་སྣང་བྱེད་སློབ་གྲྭའི་དགེ་ལས་སློབ་མ་དང་ས་གནས་བོད་མི་ཐོུང་གིས་གོ་སྒྲིག་ཞུས་ཐོག་ཡུལ་དེའི་གནས་མང་ཚོགས་ལ་བོད་ཀྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་དང་། ཁ་ཟས་འགོད་འགྲེམས། ལྷག་པར་དུ་དུས་ཁྱད་དང་བསྟུན་ནས་བྷེལ་འཇམ་གཞུང་མང་གཉིས་ལ་ད་བར་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ལའང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ས་གནས་སུ་ཕྱི་ཚེས་ ༥ ནས་ཁ་སང་ཕྱི་ཚེས་ ༧ བར་ཉིན་གྲངས་གསུམ་གྱི་རིང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་གོ་སྒྲིག་གནང་སྟེ་ས་གནས་མང་ཚོགས་ལ་བོད་ཀྱི་ཐོུང་མ་ཡིན་པའི་གཞན་སྣ་འཁྲབ་སྟོན་གཟིགས་འབུལ་དང་། བོད་ཀྱི་ཁ་ཟས་ངོ་སྤྲོད། དེ་བཞིན་ཐང་བྲིས་སྒྱུ་རྩལ་བཤམ་སྟོན་སོགས་གནང་སྟེ་རྣམ་པ་འདྲ་མིན་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་འདུགདེ་དང་ཕྱོགས་མཚུངས་ཨི་ཊ་ལི་ནང་ཁ་སང་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁུལ་དེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་འབྲེལ་ནས་ཁུལ་དེར་རྟེན་གཞི་བྱས་པའི་བླ་མ་ཙོང་ཁ་པའི་ཆོས་ཚོགས་སུ་བོད་མི་དང་དད་ལྡན་མང་ཚོགས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུགཡོ་རོབ་རྒྱལ་ཁབ་སུད་སི་དང་འཇར་མ་ནི། ཨིན་ཡུལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་སོ་སོའི་ནང་གནས་སྡོད་བོད་མི་ཚོས་ཉིན་དེར་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཆོས་ཕྱོགས་ཀྱི་གནང་སྒོ་དང་། དེ་མིན་རིག་གཞུང་འཁྲབ་སྟོན། གསོལ་སྟོན། རྐང་རྩེད་སྤོ་ལོ་རྩེད་འགྲན་སོགས་རྣམ་པ་འདྲ་མིན་བརྒྱུད་ནས་དགའ་སྐྱིད་དཔལ་ལ་རོལ་བཞིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ་མ་ཟད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཉིན་དེར་རང་རང་སོ་སོའི་ཚོགས་པ་དང་སྒེར་ཀྱི་ངོ་དེབ་སོགས་ཀྱི་སྟེང་མགོན་པོ་མཆོག་གི་༸སྐུ་པར་འཇོག་པ་དང་འདི་བཞིན་བརྙན་པར་གྱི་ལམ་ནས་དགའ་བསུའི་བཀྲིས་པའི་སྨོན་ཚིག་འདྲ་མིན་ཆེད་བཀོད་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

བཞུགས་སྒར་དུ་༸གོང་ས་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་ཕྱི་ལུགས་ལྟར་དགུང་ལོ་ ༨༤ ལ་བཞེས་པའི་༸སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ་དང་འབྲེལ། བོད་ཀྱི་དུས་སྐབས་གཉན་འཕྲང་ཅན་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཁ་ཞེ་གཉིས་མེད་ཀྱིས་༸རྒྱལ་བའི་བཀའ་གསུང་ཅི་བསྒྲུབ་ཞུ་གལ་ཡིན་པ་གསུངས་ཡོད། དེ་རིང་སྔ་དྲོ་ཚོུད་ ༨ ཐོག་བཞུགས་སྒར་ལྷ་རྒྱལ་རིར་༸རྒྱལ་བའི་༸སྐུ་ཁམས་དང་མཐུན་པའི་༸སྐུ་རླུང་དར་འཛུགས་གྲུབ་བསྟུན། ཚོུད་ ༡༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་འཁྲུངས་སྐར་དུས་ཆེན་གྱི་སྐུ་མགྲོ་གཙོར་ཧི་མཱ་ཅལ་མངའ་སྡེའི་བཟའ་འབྲུ་བློན་ཆེན་སྐུ་ཞབས་ Kishan Kapoor མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཁྲིམས་ཞིབ་པ་ཆེ་མཆོག་སོགས་བོད་མིའི་མང་གཙོའི་མཛད་གཙོ་རྣམ་པ་དང་ཕྱི་ནང་གི་གནད་ཡོད་སྐུ་མགྲོན་ཁག དེ་བཞིན་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་མ་དང་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཐོག་མངར་ཟས་ Cake བགོད་འགྲེམས་དང་གཞནས་སྣ་ཁག་ཅིག་འཁྲབ་སྟོན་གནང་བའི་བརྒྱུད་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག

གལ་ཏེ་ང་ལ་དངོས་གནས་དགའ་མོས་བྱེད་ཀྱི་ཡོད་ན་ངོས་ཀྱི་འགན་ཁུར་གསུམ་པོ་ཡིད་ལ་བཅང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ བཞེས་ཀྱི་ཡོད་པ་ལྟར། མགོན་པོ་གང་ཉིད་ཀྱིས་རྒྱལ་བའི་ཕོ་བྲང་ནས་བརྙན་པར་བརྒྱུད་སིང་ག་པོར་དང་ཐེ་ཝན། དེ་བཞིན་མ་ལེ་ཤི་ཡ་བཅས་ཀྱི་དད་ལྡན་ཚོགས་ཁག་གཅིག་ལ་འཁྲུངས་སྐར་གྱི་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་བའི་ནང། གལ་ཏེ་ཁྱེད་ཚོས་ང་ལ་དངོས་གནས་དགའ་མོས་བྱེད་ཀྱི་ཡོད་ན། ངའི་འགན་ཁུར་གསུམ་པོ་ཡིད་ལ་བཅང་དགོས་ཞེས་བཀའ་སློབ་ལམ་སྟོན་མཛད་འདུག དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་འདོན་སྤེལ་གནང་བའི་སྐར་མ་གཅིག་ཙམ་གྱི་བརྙན་པར་དེའི་ནང། ༸གོང་ས་མཆོག་གིས་གང་ཉིད་ནས་སྐུ་ཚེ་ཧྲིལ་པོ་དེའི་རིང་ཐུགས་འགན་གཙོ་བོ་གསུམ་བཞེས་བཞིན་ཡོད་པ་ལྟར། དེ་རིང་གི་འཁྲུངས་སྐར་གྱི་ཉིན་མོ་དེའི་ཐོག་མང་ཚོགས་ནས་འཛམ་གླིང་གི་ས་ཕྱོགས་གང་དུ་གནས་ཀྱང་། བྱམས་རྩེ་ཅན་གྱི་ཁོར་ཡུག་དང་བྱམས་རྩེ་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་འབད་བརྩོན་གནང་དགོས་པ་མ་ཟད། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ཐོག་ཤུགས་སྣོན་སྐྱོན་དགོས་པའི་ལམ་སྟོན་མཛད་འདུག Photo : HHDL མ་ཟད་སྐུའི་ཐུགས་འགན་གསུམ་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དང་འབྲེལ། ཆོས་དད་ཡོད་མེད་ལ་མ་བལྟས་པར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཀྱི་རྣམ་བཞག་དག་ལ་དོ་སྣང་གིས་སློབ་ཚན་གྱི་ངོ་བོའི་ཐོག་བཞག་ནས་སློབ་སྦྱོང་བྱ་དགོས་པ་དང། གལ་ཏེ་དེ་ལྟར་བྱེད་ཐུབ་པ་ཡིན་ན། དེ་ནི་༸གོང་ས་མཆོག་ལ་སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ལེགས་ཤོས་ཞིག་ཆགས་ཀྱི་རེད་ཅེས་བཀའ་བསྩལ་འདུག Photo : HHDL གཞི་རྩའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་བཞུགས་སྒར་དུ་ཚོགས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀྲིན་མཛད་མེད་རུང། ཁ་སང་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་བགྲས་ཡོལ་དང་ཟུར་པ་རྣམས་ནས་༸མགོན་པོ་གང་ཉིད་ལ་བསྟན་བཞུགས་བསྟར་འབུལ་ཞུས་པ་ལྟར། མགོན་པོ་གང་ཉིད་ཀྱིས་སྐབས་དེར་ ༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཤུལ་མེད་འགྲོ་བའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིའི་སྐབས་སུ་ད་ལྟའི་མི་རབས་རྣམས་ནས་༸མགོན་པོ་མཆོག་དང་ལྷན་དུ་སྐུ་ལས་བསྐྱོན་ཏེ། འཛམ་བུ་གླིང་འདིའི་སྟེང་ལ་ཁྱད་དུ་འཕགས་པའི་བོད་ཀྱི་ཆོས་དང་རིག་གཞུང་མངོན་ཐུབ་པ་ཞིག་བཟོས་ཡོད་པ་འདི་ང་ཚོའི་མི་རབས་འདིའི་བྱས་རྗེས་ཤིག་རེད་ཅེས་བཀའ་བསྩལ་བ་མ་ཟད། བོད་མི་རྣམས་རིག་འབྲེལ་གྱི་རྒྱུན་འཛིན་པའི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་མཁན་ཡིན་སྟབས། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་མཁན་དེ་དག་ནས་གཙོ་བོ་སེམས་པ་བཟང་པོ་བྱེད་དགོས་པ་དང་། ད་དུང་ཐུབ་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཅས་ཀྱི་ཐོག་ལ་བསམ་བློ་བཏང་སྟེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཛམ་བུ་གླིང་འདིའི་ཐོག་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་བཞིན་ཚང་མས་འགྲོ་བ་མི་གཅིག་གྱུར་གྱི་བློ་བཟུང་པའི་ཐོག་ནས་ཞི་བདེ་བསྐྲུན་ཐབས་ཐོག་ལ་འབད་བརྩོན་ཧུར་ཐག་གནང་དགོས་པ་དང་། འཆི་ཁར་འགྱོད་པ་མེད་པ་ཞིག་གནང་དགོས་པའི་ལམ་སྟོན་བསྩལ་ཡོད་པ་རེད།

བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ཟུར་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

དེ་རིང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ཟུར་པ་རྣམས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་སོང་བ་དང་། སྐབས་དེར་༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཤུལ་མེད་འགྲོ་བའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིའི་སྐབས་སུ་ད་ལྟའི་མི་རབས་རྣམས་ནས་༸མགོན་པོ་མཆོག་དང་ལྷན་དུ་སྐུ་ལས་བསྐྱོན་ཏེ། འཛམ་བུ་གླིང་འདིའི་སྟེང་ལ་ཁྱད་དུ་འཕགས་པའི་བོད་ཀྱི་ཆོས་དང་རིག་གཞུང་མངོན་ཐུབ་པ་ཞིག་བཟོས་ཡོད་པ་འདི་ང་ཚོའི་མི་རབས་འདིའི་བྱས་རྗེས་ཤིག་རེད་ཅེས་བཀའ་བསྩལ་འདུགདེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞབས་སོར་འཁོད་པ་དང་འབྲེལ་ནས་གཞུང་ཞབས་ཟུར་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ལས་རིམ་དེ་དབུ་འཛུགས་གནང་ཡོད་པ་དང་། བརྟན་བཞུགས་བསྟར་འབུལ་གྱི་ཚོགས་མགོན་དུ་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ཟུར་པ་ཁྱོན་ ༢༥༠ ཙམ་དང་དེ་དག་གི་ནང་མི་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ཆེད་ཕེབས་གནང་འདུགསྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ང་ཚོ་བོད་ནང་ཡོད་པའི་སྐབས་སུ་བོད་ཀྱི་ནང་པའི་ཆོས་དེ་བླ་མའི་ཆོས་ཞེས་སངས་རྒྱས་པའི་ཆོས་ལུགས་རྣམ་པར་དག་པ་ཞིག་ཡིན་མིན་ཐེ་ཚོམ་བྱེད་མཁན་ཡོད་ཀྱང་། ང་ཚོ་མི་ཐོག་དེས་བོད་མི་རིགས། རིག་གཞུང་དང་བཅས་པ་ཤུལ་མེད་འགྲོ་ཉན་ཡོད་པའི་དུས་རབས་འདིའི་ནང་། བཙན་བྱོལ་ནང་སླེབས་རྗེས་༸གོང་ས་མཆོག་དང་ལྷན་དུ་སྐུ་ལས་བསྐྱོན་ནས་རྒྱ་གར་མཁས་པའི་གནའ་རབས་ཀྱི་རིག་གཞུང་དེ་བསྐྱར་གསོ་བྱེད་པ་དང་། བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བོད་ཙམ་མ་ཡིན་པར་ནང་པའི་ཡུལ་གྲུ་ཁག་དང་བློ་ཟུ་བོར་གནས་མཁན་དེ་སྔ་ནང་པའི་ཆོས་དང་འབྲེལ་བ་མེད་མཁན་རྣམས་ཀྱིས་ཀྱང་དོ་སྣང་གསར་པ་སླེབས་པ་ཞིག་ཆགས་བསྡད་ཡོད་པ་བཅས་ད་ཆ་འཛམ་བུ་གླིང་འདིའི་ཐོག་བོད་མི་རིགས་རིག་གཞུང་དང་བཅས་པ་ཁྱད་དུ་འཕགས་པ་ཡོད་པ་འདི་མངོན་ཐུབ་པ་ཞིག་བཟོས་པ་འདི་ནི་ང་ཚོའི་མི་རབས་འདིའི་བྱས་རྗེས་རེད་ཅེས་བཀའ་བསྩལ་གནང་འདུགདེ་བཞིན་༸མགོན་པོ་མཆོག་གིས་བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞེས་ང་ཚོའི་བཤད་པ་བཞིན་དངོས་བྱུང་གི་ལོ་རྒྱུས་ནང་དུ་བལྟས་པ་ཡིན་ནའང་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོངས་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་པ་ལྟར། ༸མགོན་པོ་གང་ཉིད་མཆོག་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཐོག་ནས་ད་ལྟའི་གཞུང་ཞབས་རྒན་པའི་མི་རབས་ཚོའི་༸མགོན་པོ་མཆོག་དང་ལྷན་དུ་དུས་ཚོད་གཉན་འཕྲང་ཅན་དེར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ལས་བསྐྱོན་ཡོད་པའི་ལས་དབང་གི་ཐོག་ནས་ཚེ་རབས་ནས་ཚེ་རབས་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད་ཅེས་བཀའ་བསྩལ་འདུག ༸མགོན་པོ་མཆོག་གིས་ད་དུང་། བོད་མི་རྣམས་རིག་འབྲེལ་གྱི་རྒྱུན་འཛིན་པའི་ཐོག་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་མཁན་ཡིན་སྟབས། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་མཁན་དེ་དག་ནས་གཙོ་བོ་སེམས་པ་བཟང་པོ་བྱེད་དགོས་པ་དང་། ད་དུང་ཐུབ་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཅས་ཀྱི་ཐོག་ལ་བསམ་བློ་བཏང་སྟེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཛམ་བུ་གླིང་འདིའི་ཐོག་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་བཞིན་ཚང་མས་འགྲོ་བ་མི་གཅིག་གྱུར་གྱི་བློ་བཟུང་པའི་ཐོག་ནས་ཞི་བདེ་བསྐྲུན་ཐབས་ཐོག་ལ་འབད་བརྩོན་ཧུར་ཐག་གནང་དགོས་པ་དང་། འཆི་ཁར་འགྱོད་པ་མེད་པ་ཞིག་གནང་དགོས་པའི་ལམ་སྟོན་བསྩལ་གནང་འདུགཡང་དེ་རིང་བསྐལ་བཟང་གི་གོ་སྐབས་དང་བསྟུན་གཞུང་ཞབས་ཟུར་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་གང་གི་མཛད་པར་བསྟོད་དབྱངས་ཀྱི་གཞས་ཞིག་གསར་རྩོམ་གནང་ཡོད་པ་ལྟར། དེ་རིང་བོད་གཞུང་ཟློས་གར་ཚོགས་པ་ནས་བོད་མདོ་དབུས་ཁམས་གསུམ་གྱི་ཆས་གོས་སྤྲས་པའི་ཐོག་༸གོང་ས་མཆོག་གིས་སྐུ་མདུན་དུ་གླུ་གཞས་གཟིགས་འབུལ་ཞུས་གནང་བ་དང་། དེའི་མཚམས་སུ་༸གོང་ས་མཆོག་གིས་དེ་རིང་བརྟན་བཞུགས་ཀྱི་གསོལ་འདེབས་དང་ཚིག་བཅད་ནང་དུ་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་སྨོན་ཚིག་ཡོད་པ་དེའི་བཀའ་ལན་དུ། སྤྱིར་༸གང་ཉིད་མཆོག་ནས་ཚེ་རབས་ནས་ཚེ་རབས་བར་དུ་བསྟན་པ་དང་འགྲོ་བར་ཕན་པ་བསྒྲུབ་ཐུབ་རྒྱུའི་སྨོན་ལམ་བསྐྱོན་གྱི་ཡོད་པ་དང་། སྨོན་ལམ་གཅིག་པོ་མ་ཡིན་པར་ད་ལྟ་ཁ་ཡོད་ལག་ཡོད་ཀྱི་དངོས་ཡོད་གནས་ཚུལ་ནང་དུའང་བསྟན་པ་དང་འགྲོ་བར་ཕན་ཐོག་བསྒྲུབ་རྒྱུའི་གོ་སྐབས་ཡོད་པ་བཞིན། ༸མགོན་པ་མཆོག་དགུང་ལོ་བརྒྱ་སྐོར་བར་དུ་ངེས་པར་དུ་བཞུགས་ཐུབ་རྒྱུའི་སྨོན་ལམ་དང་ཡིད་ཆེད་ཡོད་པ་བཀའ་བསྩལ་གནང་འདུགགཞི་རྩའི་ཐེངས་འདིའི་གཞུང་ཞབས་ཟུར་པའི་༸གོང་ས་མཆོག་ལ་བརྟན་བཞུགས་ཀྱི་་ལས་རིམ་འདིའི་ཐོག་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ལས་བྱེད་ཟུར་པ་ཡོངས་ཀྱི་ཐུགས་སྨོན་དང་། དངོས་སུ་བརྟན་བཞུགས་ཉིན་བཅར་ཐུབ་མཁན་ལས་བྱེད་ཟུར་པ་ ༢༥༠ ཙམ་དང་དེ་དག་གི་ནང་མི་བཅས་ཡོད་པ་དང་། ཁོང་རྣམས་ནས་ད་རེས་༸གོང་ས་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་ཀྱི་གཙོ་བོར་ཆོས་རྒྱལ་མེ་དབོན་རྣམས་གསུམ་གྱི་སྐུ་བརྙན་གཙོས་པའི་རྟེན་འབྲེལ་གྱི་འབུལ་རྫས་སྣ་འཛོམས་ཡོད་པ་མ་ཟད། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལོ་གཅིག་ཙམ་ནས་གྲ་སྒྲིག་དབུ་འཛུགས་གནང་བའི་ཁྲོད་རྒན་གསོ་ཁང་གང་སར་ཞབས་རིམ་གསོག་གྲུབ་གོ་སྒྲིག་གནང་བ་དང་། དེ་བཞིན་སོག་ཡུལ་དུ་ར་ལུག་ ༡༡༣ ལྷག་སྲོག་བླུ་ཚེ་ཐར་བཏང་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་ཁ་ས་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ངོས་ནས་ད་རེས་ཀྱི་བརྟན་བཞུགས་དེའི་ཐོག་བཅར་བའི་གཞུང་ཞབས་བགྲེས་ཡོལ་བ་རྣམ་པ་དང་། ལས་ཟུར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་མཛད་སྒོ་དང་འབྲེལ་དགོང་ཚིགས་རྒྱས་པ་ཞིག་འབུལ་ལམ་ཞུས་ཡོད་པ་རེད།

ཕ་རན་སི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྔ་སྣུར་ཐོག་སྲུང་བརྩི།

ཁ་སང་ ༣ ཉིན་ཕ་རན་སི་ནང་བྷར་སེལ་བོད་ཀྱི་སྐུ་ཚབ་དོན་ཁང་གིས་རྐང་འགན་བཞེས་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུགམཛད་སྒོའི་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michal Raison ལགས་ཀྱིས་གཙོས་པའི་གྲོས་ཚོགས་གོང་མའི་འཐུས་གཉིས་དང་ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Elisabeth Toutut-Picard ལགས། དེ་བཞིན་ཡུལ་དེའི་གྲོས་ཚོགས་འོག་མའི་འཐུས་མི་གཅིག་དང་ཨ་རི་དང་ཐེ་ཝན་བཅས་ཀྱི་གཞུང་ཚབ་མི་སྣ། བོད་རིགས་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་སོགས་ཁྱོན་མི་གྲངས་  ༧༠ ལྷག་མཉམ་འཛོམས་གནང་འདུགསྐབས་དེར་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ Michal Raison ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མིན་པར་འགྲོ་བ་མི་རིགས་སྤྱི་ལ་བདེ་སྡུག་གི་ཐབས་ལམ་སྟོན་མཁན་ཞིག་ཡིན་སྟབས་ཕ་རན་སི་ནང་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་གསུངས་པ་དང་སྦྲགས་ཏེ་༸གོང་ས་མཆོག་༸སྐུ་ཁམས་གསལ་ཐང་ངང་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་འདུགད་ཆ་བོད་མི་རྣམས་གཙོ་གྱུར་རྒྱལ་སྤྱིའི་མི་མང་གི་ཁྲོད་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་སྦྲགས་ནས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་འདྲ་མིན་ཐོག་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་བཞིན་པའི་ཁྲོད་འདིར་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Mark DeSaulnier ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞིག་གནང་བའི་ནང་༸གོང་ས་མཆོག་ལ་དགའ་གུས་དད་གསུམ་ཡོད་པའི་ངང་ནས་མགོན་པོ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་གཤེགས་བསྐལ་བརྒྱར་བརྟན་ཅིང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་སོགས་ཞུས་འདུགལྷག་དོན་དུ་མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་བྱམས་བརྩེ་དང་ཞི་བདེ། དེ་བཞིན་ཆོས་ལུགས་མཐུན་འབྲེལ། གོ་ལ་གཅིག་གྱུར་གྱི་ཐུགས་འགན་བཞེས་མུས་ཀྱི་དགོངས་པ་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་བློ་སྤོབས་སྐྱེས་གཞི་ཡིན་པས་དེར་ཆེ་བསྟོད་ཞུས་པ་དང་། ཐེངས་འདིའི་༸སྐུའི་འཁྲུངས་དེ་དོན་སྙིང་ལྡན་པ་ཞིག་དང་༸གང་ཉིད་མཆོག་གི་དགོངས་གཞི་ཁག་བསྒྲུབ་ཐུབ་པའི་སྨོན་འདུན་ཞུས་འདུག༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ཁ་སང་ཞི་བདེ་ཀུན་ཁྱབ་གླིང་གིས་གོ་སྒྲིག་འོག་ཨ་རིའི་ནིའུ་ཡོག་དང་རྒྱ་གར། བལ་ཡུལ་བཅས་ཀྱི་དབུལ་ཕོངས་ཉམ་ཐག་ཚོར་ཟས་ཀྱི་སྦྱིན་གཏོང་བྱ་རྒྱུའི་ལས་གཞི་སྤེལ་འདུག ལས་གཞི་དེའི་ཁྲོད་རྒྱ་གར་ལ་མཚོན་ན་ལྷོ་ཕྱོགས་སྦེལ་ཀོབ་དང་ཀ་སྦུག བཞུགས་སྒར་དྷ་རྨ་ས་ལ་བཅས་ཀྱི་ནང་ཡོད་པའི་ཉམ་ཐག་དང་མཛེ་ནད་ཕོག་པ་རྣམས་ལ་འབྲས་དང་གྲོ་ཞིབ་སོགས་ཀྱི་ཟས་སྦྱིན་གནང་འདུག དེ་བཞིན་བལ་ཡུལ་ས་ཁུལ་དུ་ཡོད་པའི་ཇོར་པ་ཊི་དང་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་དུ་ཡོད་པའི་དབང་པོ་སྐྱོན་ཅན་དང་ཉམ་ཐག་རྣམས་ལ་མཁོ་གནད་ཆེ་བའི་ཟས་སྦྱིན་གནང་ཐོག་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུགརྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ དང་བོད་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་སྔ་སྣུར་གྱིས་སྲུང་བརྩི་ཞུས་ཞུ་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་ནང་གཟའ་འཁོར་འདིའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག

༸སྐུའི་ཡང་སྲིད་མཐོང་སྣང་དོད་པའི་བེུད་རྟེན་ཅན་དགོས་སྐོར་བཀའ་བསྩལ་བ་དེ་བེུད་ལ་ཁྱད་གསོད་མཛད་མེད་པའི་གསལ་བཤད།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསལ་བཤད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ཉེ་ཆར་བྷི་བྷི་སི་གསར་ཁང་ལ་༸སྐུའི་ཡང་སྲིད་བེུད་རྟེན་ཅན་དུ་ཕེབས་ཚེ་དེ་ Attractive འམ་མཐོང་སྣང་དོད་པོ་དགོས་ཞེས་བཀའ་བསྩལ་བ་དེ་བེུད་སྤྱིའི་ཆེ་མཐོང་ལ་ཁྱད་གསོད་དང་དམའ་འབེབ་མཛད་པ་ཞིག་རྩ་བ་ནས་མིན་པ་དང་། གལ་ཏེ་མང་ཚོགས་ལ་ཕོག་ཐུག་བྱུང་ཡོད་ཚེ་དེར་དགོངས་སེལ་ཞུ་ཡི་ཡོད་ཅེས་བཀའ་བསྩལ་འདུགཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་བྷི་བྷི་སི་བརྙན་འཕྲིན་ལས་ཁང་གི་ལྷོ་ཨ་ཤ་ཡའི་ས་གནས་གསར་འགོད་པ་ལྕམ་ Rajini Vaidyanathan ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པའི་སྐར་མ་གསུམ་དང་ཕྱེད་ཀ་ལྷག་ཙམ་ཡོད་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་ཨིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་ཕྱིར་འཐེན། བོད་དོན་དང་རྒྱ་ནག དེ་བཞིན་བེུད་རྟེན་ཅན་གྱི་ཏཱ་ལའི་བླ་མ་བཅས་གནད་དོན་ལྔའི་ཐོག་བཀའ་ལན་མཛད་སྐབས་སུ་གནད་དོན་ལྔ་པ་སྟེ་བེུད་རྟེན་ཅན་གྱི་ཏཱ་ལའི་བླ་མ་ཕེབས་སྲིད་མིན་སྐོར་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་མ་འོངས་པར་དགོས་དབང་ཡོད་ཚེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དེ་བེུད་རྟེན་ཅན་དུ་ཕེབས་སྲིད་པ་དང་བེུད་དེ་ Attractive འམ་མཐོང་སྣང་དོད་པོ་དགོས་གལ་གཟིགས་སྐོར་བཀའ་བསྩལ་ཡོད་པ་རེད། གནད་དོན་དེའི་ཐོག་ད་ཆ་ངོ་དེབ་དང་སྤྱི་ཚོགས་བརྒྱུད་ལམ་ Twitter དང་ Instagram ཁག་ཏུ་༸གོང་ས་མཆོག་ལ་བེུད་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ། དེ་བཞིན་སྒྱུ་རྩལ་བ་སོགས་ཧ་ཅང་མང་པོས་བློ་ཕམ་གྱི་རྣམ་འགྱུར་དང་བཅས་མགོན་པོ་༸གང་ཉིད་མཆོག་གི་ཞལ་སྔ་ནས་བཀའ་བསྩལ་བའི་བེུད་མཐོང་སྣང་དོད་པོ་ཞེས་པའི་ཚིག་དེ་ཐལ་དྲག་པར་སྐྱོན་བརྗོད་ཞུ་བཞིན་འདུག་པ་དང་། ལ་ལ་ཞིག་གིས་༸གོང་ས་མཆོག་གི་ Twitter དྲྭ་གནས་ནག་བསུབ་གཏོང་དགོས་པ་དང་ཡུལ་ལུང་ཁ་ཤས་ནང་མཐོང་མཆན་དབུལ་རྒྱུ་མེད་པར་ལས་འགུལ་སྤེལ་མཁན་དང་དཔྱད་བརྗོད་སྤེལ་མཁན་སོགས་བྱུང་ཡོད་སྟབས། བོད་མིའི་ཁྲོད་ཆེས་བློ་འཚབ་ཀྱིས་གླེང་སློང་དང་བྷི་བྷི་སི་གསར་འགོད་པ་དེའི་ངོས་ནས་༸རྒྱལ་བའི་དགོངས་པ་གང་ཡིན་གསལ་པོ་མ་རྟོགས་པར་སྐྱོན་བརྗོད་གནང་མཁན་མང་པོ་བྱུང་ཡོད་མ་ཟད། བོད་མི་མི་ཉུང་བ་ཞིག་གིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་གནད་དོན་དེའི་ཐད་ཐུགས་སྣང་སྔར་ལྷག་གནང་གནད་ཆེ་ཚུལ་གྱི་འབོད་སྐུལ་ཡང་ཞུས་འདུགགནད་དོན་དེའི་ཐད་དེ་རིང་ཉིན་རྒྱབ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་༸གོང་ས་མཆོག་གི་མཚན་ཐོག་ནས་གསལ་བཤད་ཅིག་འདོན་སྤེལ་བའི་ནང་༸གང་ཉིད་མཆོག་གིས་ཉེ་ཆར་བྷི་བྷི་སི་གསར་ཁང་ལ་༸སྐུའི་ཡང་སྲིད་བེུད་རྟེན་ཅན་དུ་ཕེབས་ཚེ་དེ་ Attractive འམ་མཐོང་སྣང་དོད་པོ་དགོས་ཞེས་བཀའ་བསྩལ་བ་ནི་བེུད་སྤྱིའི་ཆེ་མཐོང་ལ་ཁྱད་གསོད་དང་དམའ་འབེབ་མཛད་པ་ཞིག་རྩ་བ་ནས་མིན་པ་དང་། གལ་ཏེ་མང་ཚོགས་ལ་ཕོག་ཐུག་བྱུང་ཡོད་ཚེ་དེར་དགོངས་སེལ་ཞུ་ཡི་ཡོད་ཅེས་བཀའ་བསྩལ་བ་དང་སྦྲགས། ༸གོང་ས་མཆོག་གིས་དུས་རྟག་ཏུ་མང་ཚོགས་ལ་ཕྱིའི་རྣམ་པ་ལས་འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཕན་ཚུན་འབྲེལ་ལམ་གནང་གལ་ཐོག་ལམ་སྟོན་ནན་པོ་མཛད་ཀྱི་ཡོད་པ་ལྟར། མགོན་པོ་མཆོག་དང་དངོས་སུ་ཞལ་མཇལ་མྱོང་མཁན་དང་ཐུགས་རྒྱུས་ཡོད་མཁན་རྣམས་ཀྱིས་༸གོང་ས་མཆོག་གི་དགོངས་པ་དེར་དམིགས་བསལ་ཞིག་ལ་ངོས་འཛིན་དང་མངོན་པར་བསྟོད་ཀྱི་ཡོད་པ་བཀོད་འདུག རྩ་བའི་༸གོང་ས་མཆོག་གིས་བེུད་རྟེན་ཅན་གྱི་ཏཱ་ལའི་བླ་མ་ཕེབས་སྲིད་མིན་སྐོར་དེ་སྔ་ཕྱི་ལོ་ ༡༩༩༢ ལོར་པེ་རིས་ཀྱི་ Vogue དུས་དེབ་ཀྱི་རྩོམ་སྒྲིག་པས་བཅར་འདྲི་ཞུས་པར་བཀའ་ལན་མཛད་སྐབས་སུ་དེང་དུས་དཔེ་གསར་གྱི་འཛམ་གླིང་འགྲོས་དང་མཐུན་ནས་ཞལ་ཤོབ་དང་འབྲེལ་ནས་དེའི་སྐོར་བཀའ་ལན་བསྩལ་བ་ཞིག་ཆགས་ཀྱི་ཡོད་པར་གསལ་བཤད་གནང་འདུག ལྷག་དོན་དགུང་ལོ་བརྒྱད་ཅུའི་ནང་ཕེབས་པའི་༸གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གང་སར་ཆིབས་བསྒྱུར་མཛད་སྐབས་དེང་སྐབས་ཀྱི་ཕྱི་དངོས་པོའི་ཡར་རྒྱས་དང་གོ་ལ་གཅིག་གྱུར་གྱི་ཁོར་ཡུག་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་ཐད་ལ་གཟིགས་ཚུལ་འདྲ་མིན་འཛིན་མཁན་ཡོང་གི་ཡོད་པ་མཁྱེན་རྟོགས་གཏིང་ཟབ་ཡོད་མཁན་ཞིག་ཡིན་ཀྱང་། སྐབས་རེར་ཞལ་ཤོབ་དང་འབྲེལ་ནས་བཀའ་བསྩལ་བའི་བཀའ་སློབ་ཁག་གཅིག་ལ་རྒྱབ་ལྗོངས་འདྲ་མིན་དབང་གིས་སྐད་ཡིག་དང་གསུང་སྒྱུར་གནང་སྐབས་གནས་ཚུལ་ལོག་འགྲེལ་འམ་གོ་ནོར་ཐེབས་པ་རིགས་ཡོང་གི་ཡོད་སྟབས། དེའི་བརྒྱུད་བློ་ཕམ་བྱུང་བའི་མང་ཚོགས་ལ་ཐུགས་ཕམ་ཡོད་ཅེས་བཀའ་བསྩལ་འདུགལྷག་པར་དུ་༸གང་ཉིད་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་བེུད་ལ་དམིགས་བསལ་ཆེ་མཐོང་གིས་བེུད་དག་གི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་བཅས་ཀྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཆོས་ཕྱོགས་ཀྱི་དབུ་ཁྲིད་གྲས་ཤིག་ཡིན་པ་མ་ཟད། མགོན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་ནང་ཆེས་ཐོག་མའི་དགེ་བཤེས་མའི་ལམ་སྲོལ་བྱུང་ཡོད་པ་དང་དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་འཛམ་གླིང་འདི་སྔར་ལས་ཞི་བདེ་བག་ཕེབས་ཡོང་བར་བེུད་འགོ་ཁྲིད་མང་ཙམ་དགོས་གལ་སྐོར་བཀའ་སློབ་མང་དག་ཅིག་ཕེབས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག བྷི་བྷི་སིའི་བཅར་འདྲིའི་ལས་རིམ་ཐོག་༸གོང་ས་མཆོག་གིས་སྐྱབས་བཅོལ་བའི་གནད་དོན་དང་འབྲེལ་༸གང་ཉིད་མཆོག་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་སྐྱབས་བཅོལ་བ་གཞན་གྱི་མྱོང་ཚོར་སོགས་གསལ་པོ་རྟོགས་ཐུབ་ཀྱི་ཡོད་སྟབས། རྒྱལ་ཁབ་གཞན་ཚོས་ངེས་པར་དུ་སྐྱབས་བཅོལ་བ་དེ་དག་དང་བཞེས་གནང་དགོས་པ་དང་ཁོང་ཚོར་ཤེས་ཡོན་སློབ་གསོ་སྤྲད་ནས་ཕྱིར་རང་ཡུལ་ལ་ལོག་ཐུབ་རྒྱུའི་དམིགས་ཚད་བཟུང་དགོས་པ་སོགས་ལམ་སྟོན་མཛད་ཡོད་པ་ཡང་གསལ་བཤད་གནང་འདུག་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་འཛམ་གླིང་ཐོག་དམག་འཁྲུག་དང་མི་བསད་ཁྲག་སྦྱོར་ལ་སོགས་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ནི་ང་ཚོ་དང་ཁོང་ཚོ་ཞེས་པའི་རིམ་པ་གཉིས་པའི་ཕྱོགས་རིས་ཀྱི་བསམ་བློ་དང་འགྲོ་བ་མི་ཕན་ཚུན་དབར་གཅིག་གྱུར་གྱི་འདུ་ཤེས་མེད་རྐྱེན་ཡིན་པར་བཀའ་བསྩལ་ཏེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་ཐོག་ནས་གོ་ལའི་ངལ་བ་རྣམས་སེལ་དགོས་གནད་ཡིན་པ་ལམ་སྟོན་རྒྱ་ཆེ་མཛད་འདུག

Latest news