Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

སུད་སི་ནང་སཱི་ཤེས་ཡོན་སློབ་གསོའི་ལས་རིམ་གཉེར་བ།

སུད་སིར་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་ལས་དང་དེ་བཞིན་བོད་མིའི་གཞུང་འབྲེལ་མིན་པའི་ལས་གནས་གཉེར་མཁན་སོགས་ཚོགས་བཅར་ ༤༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་ SEE Learning འམ་སཱི་ཤེས་ཡོན་སློབ་གསོའི་ལས་རིམ་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་ངོ་སྤྲོད་དང་ཟབ་ཁྲིད་ཀྱི་ལས་རིམ་ཞིག་གཉེར་སོང་། ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་སུད་སི་རི་ཀོན་ཆོས་འཁོར་དགོན་གྱིས་གོ་སྒྲིག་འོག་ཛུ་རིག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཛུ་རིག་དགེ་འོས་གཙུགས་ལག་སློབ་གཉེར་ཁང་དུ་ཚོགས་ཡོད་ཅིང། ཉིན་གཅིག་གི་ལས་རིམ་ཐོག་ཚོགས་བཅར་རྣམས་ལ་ཨ་རི་ཨེ་མོ་རིའི་སཱི་ཤེས་ཡོན་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་རྒྱབ་ལྗོངས་དང་། སྒྲོམ་གཞི། དེ་བཞིན་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བཟོ་སྐྲུན་ཞུས་པའི་དྲྭ་རྒྱ་བཀོལ་སྤྱོད་བྱེད་སྟངས་སོགས་ངོ་སྤྲོད་དང་ཟབ་ཁྲིད་གནང་བ་མ་ཟད། ལས་གཞི་དེའི་ཐོག་གོ་བསྡུར་སྦྱང་བཤད་སོགས་ཀྱང་གནང་ཡོད་པ་རེད། སྐབས་དེར་རླུང་འཕྲིན་ཁང་ནས་ལས་རིམ་གོ་སྒྲིག་ཞུ་མཁན་རི་ཀོན་ཆོས་འཁོར་དགོན་གྱི་ཚོགས་གཙོ་འབུམ་རམས་པ་ཀརྨ་པ་བློ་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གི་དགོངས་པ་གཏིང་ཟབ་དང་གལ་ཆེ་ཤེས་ཤིག་ལ་གཟིགས་ནས་མཛད་པའི་ཤེས་ཡོན་སློབ་གསོ་འདི་ སྤྱི་ཚོགས་ནང་འབད་བརྩོན་ལག་བསྟར་གནང་རྒྱུ་ནི་རི་ཀོན་ཆོས་འཁོར་དགོན་ནས་འོས་འགན་གལ་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་པ་ལྟར་ད་རེས་གོ་སྒྲིག་དེ་ལྟར་ཞུས་ཡོད་སྐོར་གསུངས་སོང་།   རྩ་བའི་འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གིས་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དང་དྲྭ་རྒྱ་དངོས་སུ་དབུ་འབྱེད་བཀྲིན་བསྐྱངས་ཡོད་ཅིང་།  དེ་བཞིན་ཤེས་ཡོན་སློབ་གསོ་དེ་དང་འབྲེལ་བའི་རྒྱུན་སྤྱོད་ལག་དེབ་ཅིག་ད་ཆ་འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་ ༡༢ ནང་ཕབ་སྒྱུར་གནང་ཡོད་པ་མ་ཟད་སཱི་ཤེས་ཡོན་སློབ་ལས་རིམ་དེ་ད་བར་ཨེ་ཤ་ཡ་དང་ཡོ་རོབ། ལྷོ་ཨ་མི་རི་ཀ་བཅས་རྒྱལ་ཁབ་ཁག་བརྒྱད་ནང་གི་ཤེས་ཡོན་སྡེ་ཁག་ཏུ་ངོ་སྤྲོད་དང་ཟབ་ཁྲིད་གནང་འདུག   ལས་གཞི་དེ་ཟབ་ཁྲིད་གནང་མཁནཨ་རི་ཨེ་མོ་རིའི་སཱི་ཤེས་ཡོན་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་ད་རེས་སུད་སི་ནང་སཱི་ཤེས་ཡོན་སློབ་གསོའི་ལས་གཞི་དེ་བོད་སྐད་རང་གི་ཐོག་ནས་ཟབ་ཁྲིད་གནང་བ་དེ་ཐོག་མ་ཆགས་ཀྱི་ཡོད་པ་དང་། ད་ཡོད་སཱི་ཤེས་ཡོན་སློབ་གསོ་ལས་རིམ་དེ་ཨ་རིའི་ཤེས་ཡོན་སློབ་གསོའི་སྒྲོམ་གཞིར་གཞི་བཅོལ་ནས་ཆེད་སྒྲིག་ཞུས་པ་ཞིག་ཡིན་སྟབས་རྒྱལ་ཁབ་གཞན་ཁག་ཏུ་བསླབ་གཞི་དེ་ངོ་སྤྲོད་དང་ཟབ་ཁྲིད་གནང་སྐབས་སུ་ས་གནས་སོ་སོའི་རིག་གཞུང་གི་རྒྱབ་ལྗོངས་དང་། ཤེས་ཡོན་གྱི་སྒྲོམ་གཞི། དེ་བཞིན་སྐད་ཡིག་བཅས་ཀྱི་ཆ་ནས་གདོང་ལེན་ཆེན་པོ་གནང་དགོས་པ་ཞིག་ཆགས་ཀྱི་འདུག་ཅེས་གསུངས་ཡོད། སུད་སི་ནང་བསྐོང་ཚོགས་གནང་བའི་སཱི་ཤེས་ཡོན་སློབ་གསོའི་ཟབ་ཁྲིད་ལས་རིམ་ཐོག་ས་གནས་སུ་ཡོད་པའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་དང་སུད་སི་སྐུ་ཚབ་དོན་ཁང་། སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་སྐུ་ཚབ། ཁྱབ་ཁོངས་ཀྱི་གཟའ་མཇུག་སློབ་ཁག་གི་དགེ་ལས་དང་། དེ་བཞིན་ཡོ་རོབ་བོད་རིགས་གཞོན་ནུ། རི་ཀོན་ཆོས་འཁོར་དགོན་བཅས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ནས་ཚོགས་བཅར་ཞུས་འདུག

བོད་རིགས་ན་གཞོན་ཚོ་བོད་པའི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་རྒྱུ་གལ་ཆེན་པོ་རེད།  

དེ་རིང་སྔ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྡེ་ཚན་འདྲ་མིན་ནང་དང་བླངས་ཞབས་ཞུ་ཞུ་བཞིན་པའི་བོད་པའི་གཞོན་སྐྱེས་ ༢༣ ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་མིས་ང་ཚོར་དབང་ཡོད་ག་ཚོད་བཤད་ཀྱང་བོད་མི་ཚོས་ད་བར་སེམས་ཤུགས་མ་ཆག་པར་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་ཞེན་ཁོག་བཅས་རྩ་བར་བཟུང་ནས་གྱོང་ཐག་ཆོད་ངང་བསྡད་ཡོད་པ་དང་། བོད་པའི་གཞོན་སྐྱེས་ཚོའི་ངོས་ནས་མུ་མཐུད་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་ནན་བསྩལ་འདུག  དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་རྒྱ་ནག་གི་དཔོན་རིགས་ཁྲོད་ལ་ད་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གྲུབ་འབྲས་ཐོན་གྱི་མེད་སྐོར་བརྗོད་མཁན་ཁག་གཅིག་འབྱུང་བཞིན་པ་བཀའ་འགྲེལ་དང་འབྲེལ། རིམ་པས་རྒྱ་ནག་ནང་ལའང་འགྱུར་བ་འགྲོ་བཞིན་ཡོད་སྟབས། བོད་མི་ཚོས་གཙོ་ཆེ་ཤོས་འཛམ་གླིང་ཐོག་ངོམས་སུ་ཆོག་པ་ཙམ་མ་ཟད། ཕན་ཐོགས་ཆེན་པོ་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཐོག་ཞེན་ཁོང་དང་སྤོབས་པ་བྱེད་འོས་པ་ཞིག་རེད་ཅེས་བཀའ་བསྩལ་འདུག      གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་དེ་ནི་ཕྱི་ལོ་ ༢༠༡༢ ལོར་གསར་འཛུགས་གནང་ཞིང་། ཚན་པ་དེས་རྒྱ་གར་གཙོ་གྱུར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཚོར་བོད་མིའི་སྒྲིག་འཛུགས་གཙོས་བོད་པའི་སློབ་གྲྭ་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལས་དོན་ནང་ཞབས་ཞུ་གནང་རྒྱུ་དང་བོད་པའི་གནས་སྟངས་རྒྱུས་ལོན་བྱེད་རྒྱུ་སོགས་ཀྱི་གོ་སྐབས་སྐྲུན་བཞིན་ཡོད་པ་རེད།

བོད་མི་ཚོས་རྒྱ་གར་གྱི་གནའ་བོའི་རིག་གནས་ཉར་ཚགས་གནང་བ་དེ་དོན་གོ་ཆོད་ཡོད།

ཁ་སང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཇིའི་རྒྱལ་ཁབ་ཀྱི་སློབ་ཕྲུག་དང་རྒྱ་གར་ཆེད་ལས་པ་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་དང་སྦྲགས། བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་རྒྱ་གར་གྱི་གནའ་བོའི་རིག་གནས་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཉར་ཚགས་བྱས་ཡོད་པ་དེ་དོན་གོ་ཆོད་འདུག་ཅེས་བཀའ་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་ང་ཚོ་འགྲོ་བ་མི་རྣམས་ཐོག་མར་ཨ་མས་བྱམས་པ་དང་བརྩེ་བས་བསྐྱངས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཀྱང་། རིམ་བཞིན་བྱིས་པ་དེ་དག་སྤྱི་ཚོགས་ནང་འཚར་ལོངས་བྱུང་སྐབས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས། ལྷག་དོན་ཁོང་རྣམ་པའི་འཚར་ལོངས་ཐོག་དངོས་སུ་ལག་བསྟར་གནང་བཞིན་པའི་ཤེས་ཡོན་སློབ་གསོ་ཁྲོད་མཐོང་ཆོས་སུ་ཡོད་པའི་ཕྱིའི་དངོས་པོ་གནད་དོན་ཙམ་ལས་འགྲོ་བ་མིའི་རང་བཞིན་ངོ་མ་བྱམས་སྙིང་རྗེ་དང་དེ་འབྲེལ་བཟང་སྤྱོད་ཐོག་རིན་ཐང་མ་གནང་བ་དེ་དེང་གི་ཤེས་ཡོན་སློབ་གསོའི་ཞན་ཆ་ཡིན་སྟབས། ང་ཚོས་ཤེས་ཡོན་སློབ་གསོ་ཁྲོད་འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་སྐོར་སློབ་ཁྲིད་གནང་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག ༸གོང་ས་མཆོག་གིས་བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་རྒྱ་གར་གྱི་གནའ་བོའི་རིག་གནས་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཉར་ཚགས་གནང་བ་དེས་ད་ཆ་འཛམ་གླིང་ཁྲོད་དུ་ནང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ལྟ་གྲུབ་སོགས་ལ་ཚན་རིག་པ་རྣམས་ཀྱིས་ཐུགས་སྣང་དང་ངོ་མཚར་སྐྱེས་གཞིར་གྱུར་ཡོད་སྐོར་བཀའ་བསྩལ་བ་མ་ཟད། ཁྱད་པར་དུ་བོད་ནང་ལ་མཚོན་ན་རྒྱ་གཞུང་གིས་འདས་པའི་ལོ་ངོ་ ༧༠ རིང་བོད་པའི་ནང་ཆོས་ལ་བཏང་འཛིན་དང་རྩ་མེད་གཏོང་ཐབས་སླད་དྲག་གནོན་ཇི་ཙམ་བྱས་དང་བྱེད་བཞིན་་ཡོད་ཀྱང་། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་མེད་པར་ཉར་ཚགས་འཐུས་ཚང་གནང་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག  ད་ཆ་བོད་པའི་ནང་ཆོས་དེ་ཚན་རིག་དང་དེ་བཞིན་དངོས་ཡོད་གནས་སྟངས་དང་མཐུན་པ་ཞིག་ཆགས་ཡོད་སྟབས་རྒྱ་རིགས་ནང་པ་ཚོས་དེར་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་བཀའ་བསྩལ་འདུག མགོན་པོ་མཆོག་གིས་ད་དུང་དེང་གི་འཛམ་གླིང་འདིའི་སྟེང་རྒྱ་ཁབ་ ༢༠༠ ལྷག་ཙམ་ཡོད་པའི་ཁོངས་ནས་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་ཐོག་ནས་སྐྱོད་ཐུབ་པའི་རྒྱལ་ཁབ་དེ་རྒྱ་གར་ཁོ་ན་རེད་ཅེས་བཀའ་ནན་མཛད་ཡོད་པ་དང་སྦྲགས། རྒྱ་གར་བ་ཚོས་རང་གི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་སྣང་མེད་དུ་མ་བཞག་པར་དོ་སྣང་དང་བྱེད་དགོས་པ་མ་ཟད། ཆོས་ཕྱོགས་ཀྱི་འདུ་ཤེས་ཁོ་ན་མིན་པར་ཤེས་བྱའི་ངོ་བོར་གཙོ་བཟུང་གིས་སློབ་གཉེར་བྱེད་དགོས་ཞེས་སྐུལ་མ་ནན་པོ་གནང་འདུག བཀའ་སློབ་གྲུབ་མཚམས་སུ་མཇལ་བཅར་བའི་ཁྲོད་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་གཅིག་ཞུས་དོན་ལྟར་ཨིན་ཇིའི་སློབ་གྲྭའི་དགེ་རྒན་ཞིག་ནས་༸གོང་ས་མཆོག་ལ་འགྲོ་བ་མི་ཕན་ཚུན་དབར་ལ་དབྱུལ་ཕྱུག་གི་ཁྱད་པར་དང་མི་རིགས་དང་རིགས་རུས་བཅས་ཀྱི་དབྱེ་བ་གང་ཡང་མེད་པའི་འདྲ་མཉམ་གྱི་དུས་ཚོད་ཅིག་ཤར་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ད་ལྟའི་དུས་རབས་ ༢༡ པ་འདིའི་ནང་ཆོས་ལུགས་དང་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་དེ་དག་མང་ཚོགས་ཁྲོད་ལ་སློབ་ཁྲིད་ཐུབ་ཚེ་མ་འོངས་པའི་མི་རབས་གསར་པ་ཚོ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་དང་དེ་བཞིན་འགྲོ་བ་མིའི་སྤྱི་ཚོགས་དེ་བདེ་སྐྱིད་དང་འདྲ་མཉམ་ལྡན་པ་ཞིག་བསྐྲུན་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་ལན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་དེང་གི་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ནི་བཟང་སྤྱོ་ཀྱི་ལྟ་གྲུབ་མ་འདང་བའི་དབང་གིས་ཡིན་སྟབས། རང་གཅེས་འཛིན་དང་ཁོང་ཁྲོ་སོགས་སེམས་ཚོར་དྲག་པོ་དེ་དག་གི་གཞན་དབང་དུ་སོང་བའི་འགྲོ་བ་གཞན་དག་ལ་སྙིང་རྗེས་ཀུན་སློང་ཐོག་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དང་། ཁྱད་པར་དུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེ་དག་གོང་འཕེལ་གནང་ནས་ཉོན་མོངས་པ་ལས་ཐར་ཐབས་གནང་གལ་ཡིན་པ་ལམ་སྟོན་མཛད་ཡོད།

༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུང་འཕྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༦ ཉིན་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕྱི་ནང་གི་དད་ལྡན་མང་ཚོགས་དུ་མས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པར་བརྟེན་ཕྱི་ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ནང་ཁྱེད་ཅག་ཚོས་ཕྱི་ཟླ་ ༧ ཚེས་ ༦ ཉིན་ངོས་ཀྱི་སྐྱེས་སྐར་ལ་མཛའ་བརྩེ་འཁོལ་པོས་འཚམས་འདྲི་གནང་བར་སྙིང་ཁོངས་ནས་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ད་ཆ་ངོས་རང་ལོ་ན་ ༨༤ རེད། འོན་ཀྱང་སླད་མར་ལོ་མང་རིང་ངོས་རང་ཁྱེད་ཅག་དང་མཉམ་དུ་སྐྱེས་སྐར་སྲུང་བརྩི་བྱེད་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་བཀའ་བསྩལ་བ་ལྟར། གལ་སྲིད་ཁྱེད་ཚོས་ངོས་ལ་སྐྱེས་སྐར་ཕྱག་རྟགས་ཤིག་སྤྲད་བློ་ཡོད་ཚེ་ཕྱག་རྟགས་ཡག་ཤོས་ནི་ངོས་ཀྱི་དམ་བཅའ་གསུམ་པོ་སྟེ་འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ། འགན་ཁུར་གསུམ་པ། དཔལ་ནཱ་ལེནྡཱ་ནས་བརྒྱུད་པའི་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་འབད་བརྩོན་བྱ་རྒྱུ་དེ་ཡིན། དམ་བཅའ་གསུམ་པོའི་སྟེང་དུ་ངོས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱ་རྒྱུ་དེ་གསར་པའམ་བཞི་པ་དེ་ཡིན། ལྷག་དོན་རྒྱ་གར་གྱི་དེང་དུས་གཞོན་སྐྱེས་ཁྲོད་ལེགས་བྱང་དེ་རྣམས་ལ་དོ་དབྱིངས་སླེབ་ཐུབ་པ་ཞིག་བཟོས་ནས་དེང་གི་ཤེས་ཡོན་ལམ་ལུགས་ནང་རྒྱ་གར་གནའ་བོའི་སེམས་ཁམས་རིག་པའི་རྣམ་གཞག་གཞིར་བཞག་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་ཐབས་ཀྱི་བསླབ་བྱ་དེ་དག་ཟུང་དུ་འབྲེལ་ཐུབ་ཚེ་ཤེས་ཡོན་འཐུས་ཚང་ཞིག་ཡོང་རྒྱུར་ཕན་ཐོགས་ཐུབ་ཀྱི་རེད། ང་ཚོའི་ངོས་ནས་འཛམ་གླིང་ཐོག་མཐོང་བཞིན་པའི་དཀའ་རྙོག་མང་དག་ཅིག་འཕྲད་མུས་དེ་དག་ཕལ་མོ་ཆེ་རང་ཉིད་ཀྱི་སེམས་རྒྱུད་འཁྲུག་ཅིང་མ་ཞི་བ་སོགས་ཀྱི་གཞན་དབང་དུ་སོང་རྐྱེན་ངལ་བ་ལས་ཐར་དཀའ་སྐོར་ལམ་སྟོན་བསྩལ་བ་དང་ཆབས་ཅིག རྒྱ་གར་གནའ་བོའི་དཔལ་ནཱ་ལེནྡཱའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་དེ་དག་མིའི་བསམ་བློ་དང་སེམས་ཚོར་གྱི་རྣམ་གཞག་དང་བྱེད་ལས་སྐོར་གཙོ་བོ་གསུངས་ཡོད་སྟབས་དེང་གི་དུས་རབས་འདིར་ཧ་ཅང་གི་དགོས་མཁོ་དང་འབྲེལ་བ་ཆགས་ཡོད་པ་བཀའ་བསྩལ་འདུག རིག་པའི་གཞུང་ལུགས་དེ་རྣམས་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་བྱ་ལྟ་བུར་ངོས་འཛིན་བྱེད་ཐུབ་ཚེ་རང་གཞན་ཀུན་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་ནི་ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མ་རེད། ང་ཚོས་ལུས་ཁམས་བདེ་ཐང་ཡོང་ཕྱིར་ཕྱིའི་ལུས་པོའི་འཕྲོད་བསྟེན་གནད་ཆེར་ངོས་འཛིན་པ་ལྟར། ནང་བསམ་བློའི་འཕྲོད་བསྟེན་དེའང་གཙོ་ཆེར་བརྩིས་ནས་ཉོན་མོངས་ཅན་གྱི་བློར་གཉེན་པོ་བསྟེན་ཐབས་ཐོག་དོ་སྣང་བྱེད་དགོས། དེ་ལྟར་བྱེད་ཐུབ་ཚེ་རང་ཉིད་ཀྱི་སེམས་ལ་ཞི་བདེ་བག་ཕེབས་ཡོང་ངེས་ཡིན་ཞེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག ༸གོང་ས་མཆོག་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་དོ་དབྱིངས་ཅན་ཚོར་དེ་འབྲེལ་དགོངས་ཚུལ་འགྲེལ་བརྗོད་མཛད་ཀྱི་ཡོད་པ་དང་། གལ་ཏེ་ཁྱེད་རྣམས་ནས་དེའི་ཐོག་ཕྱར་བ་གྲུ་འདེགས་གནང་ཐུབ་ཚེ་མགོན་པོ་༸གང་ཉིད་མཆོག་ལའང་དྲིན་ཆེན་པོ་ཞིག་ཡོང་བ་འདུག་ཅེས་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་འདུག  

ཏཱ་ལའི་བླ་མའི་སྒྲིག་འཛུགས་གནས་མིན་ལ་ལྟོས་མེད་བོད་འདི་མུ་མཐུད་གནས་ཀྱི་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ The Sunday Guardian ཞེས་པའི་གསར་འཕྲིན་ཁང་གི་དམིགས་བསལ་བཀའ་འདྲི་ཞིག་གི་ཐོག་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དང་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐད་བཀའ་ལན་བསྩལ་སྐབས་མ་འོངས་པར་ཏཱ་ལའི་བླ་མའི་སྒྲིག་འཛུགས་གནས་མིན་ལ་ལྟོས་མེད་བོད་འདི་མུ་མཐུད་གནས་ཀྱི་རེད་ཅེས་བཀའ་སྩལ་འདུག དམིགས་བསལ་བཅར་འདྲི་དེ་ནི་བོད་ཐོག་དཔྱད་གཏམ་རིགས་སྤེལ་མཁན་རྒྱ་གར་གྱི་གསར་འགོད་པ་རྒན་གྲས་སྐུ་ཞབས་ Vijay Kranti  ལགས་ནས་ཞུས་པ་ཞིག་ཡིན་པ་དང་། སྐབས་དེར་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་འདི་ད་ལྟ་ཡང་རྒྱ་ནག་གི་མངའ་འོག་ཏུ་ཡོད་སྟབས། རྒྱ་ནག་གིས་གཡོ་བྱུས་དང་ཐེ་བྱུས་འོག་མ་འོངས་པར་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་གང་འདྲ་ཆགས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་འདུག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་དཀའ་རྙོག་ཆེན་པོ་ཞིག་མིན་པ་དང་། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཁྲོད་ནས་རྒྱལ་དབང་སྐུ་ཕྲེང་བཞི་པ་མཆོག་སོག་ཡུལ་དུ་༸སྐུ་འཁྲུངས་ཡོད་སྟབས། ཏཱ་ལའི་བླ་མ་ངེས་པར་དུ་བོད་པ་ཞིག་ཏུ་འཁྲུངས་དགོས་པའི་ངེས་པ་མེད་པ་སོགས་བཀའ་འགྲེལ་དང་སྦྲགས། ད་ལྟའི་ཆར་འཛམ་བུ་གླིང་སྤྱི་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་ལྟར་བོད་ཀྱི་གོམས་སྲོལ་དང་སྒྲིག་འཛུགས། མི་མང་གི་འཚོ་བ་དང་དགོངས་པ་བཞེས་ཕྱོགས་སོགས་ཀྱི་ཐད་འགྱུར་བ་འགྲོ་ངེས་ཡིན་སྟབས། ད་ཡོད་བོད་མིའི་མཚོན་རྟགས་ལྟ་བུ་བྱེད་བཞིན་པའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་མ་འོངས་པར་མུ་མཐུད་གནས་མིན་ལ་ལྟོས་མེད་བོད་འདི་མུ་མཐུད་གནས་ཀྱི་རེད་ཅེས་བཀའ་སྩལ་འདུག སྐུ་ཞབས་ Vijay Kranti ལགས་ནས་དེ་སྔ་༸གོང་ས་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་མཐའ་མ་དེ་ཡིན་སྲིད་སྐོར་གྱི་བཀའ་བསྩལ་དགོས་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས་རྒྱ་ནག་ཕྱོགས་ནས་ཆབ་སྲིད་ཀྱི་དགོས་དམིགས་མང་དག་ཅིག་གི་འོག་ནས་བོད་ཀྱི་གནད་དོན་དེ་བཞིན་༸གོང་ས་མཆོག་༸སྐུ་སྒེར་འམ་ཏཱ་ལའི་བླ་མའི་སྒྲིག་འཛུགས་རྐྱང་པ་ཞིག་གི་གནད་དོན་དུ་བཟུང་སྟེ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཁ་ལོ་འགྱུར་བཞིན་ཡོད་སྟབས། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་འདི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་མཐའ་མ་དེ་ཡིན་སྲིད་སྐོར་བཀའ་བསྩལ་ཡོད་པ་བཀའ་ལན་མཛད་པ་དང་སྦྲགས། དོན་ངོ་མའི་ཐོག་བོད་ཀྱི་གནད་དོན་ནི་༸གོང་ས་མཆོག་༸སྐུ་སྒེར་གྱི་གནད་ཞིག་རྩ་བ་ནས་མིན་པར་བོད་མི་ས་ཡ་དྲུག་གི་མ་འོངས་མདུན་ལམ་དང་བདེ་དོན། མི་རིགས་ཀྱི་ངོ་བོ། དེ་བཞིན་མི་མང་གི་བདེ་སྐྱིད་སོགས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བཀའ་བསྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གི་བཀའ་ལན་དེ་ལས་ཁྲོས་ཏེ་སྤྱིར་མ་འོངས་པར་ཏཱ་ལའི་བླ་མའི་སྒྲིག་འཛུགས་རྒྱུན་གནས་དགོས་མིན་དང་། ཏཱ་ལའི་བླ་མ་ཞེས་ཆེ་བསྟོད་ཀྱིས་བསྐོ་གཞག་བྱེད་མིན་སོགས་བོད་མི་མང་ཚོགས་ཀྱི་ཐུགས་ཐག་བཅད་རྒྱུ་ཞིག་ཡིན་པ་དེ་ལྟར་ཡང་། ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་དེ་ནི་ད་ལྟའི་གནས་སྐབས་ལ་གཞིགས་ན་ངེས་པར་དུ་འཁྲུངས་དགོས་པ་ཞིག་ཏུ་གཟིགས་ཀྱི་ཡོད་པ་དང་། དེ་ཡང་མགོན་པོ་༸གང་ཉིད་མཆོག་ནས་ཉིན་ལྟར་ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཅེས་ཐུགས་སྨོན་མཛད་བཞིན་པ་ལྟར་དགོས་པ་དམིགས་བསལ་བའི་སླད་དུ་འཁྲུངས་རྒྱུ་ཡིན་པ་དང་། སྐུའི་ཡང་སྲིད་དེ་བཞིན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་དཀའ་སྡུག་མང་པོ་མྱོང་བཅུག་མཁན་རྒྱ་ནག་གི་ལག་ཏུ་ནམ་ཡང་ཚུད་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་འདས་པའི་ལོ་ངོ་ ༦༠ རིང་བཙན་བྱོལ་ནང་གི་གནས་སྟངས་དང་འབྲེལ་བའི་བཀའ་འདྲིར་བཀའ་ལན་བསྩལ་བར་སྤྱིར་འདས་པའི་དུས་ཚོད་དེ་ནི་བོད་མི་རྣམས་ལ་མཚོན་ན་མུན་ནག་གི་དུས་ཚོད་ཞིག་ཡིན་ཡང་། དཀའ་སྡུག་ཅན་གྱི་དུས་ཚོད་དེའི་ཁྲོད་བོད་མི་རྣམས་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུ་སོགས་ཀྱི་ཁེ་ཕན་ཆེན་པོ་བྱུང་ཡོད་པ་མ་ཟད། ༸གོང་ས་མཆོག་༸སྐུ་སྒེར་ལ་མཚོན་ན། བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དེས་རྒྱལ་སྤྱིའི་ཐོག་༸རྒྱལ་དབང་སྐུ་གོང་མ་ཚོ་ལས་ལྷག་པའི་མཛད་འཕྲིན་བསྐྱངས་ཐུབ་ཡོད་ཀྱང་། ༸རྒྱལ་དབང་སྐུ་གོང་མ་ཚོ་དང་མི་འདྲ་བར་རང་ཡུལ་ནས་གཞན་ཡུལ་དུ་གྱར་ཏེ་བཞུགས་དགོས་བྱུང་བ་དེ་ནི་ཏཱ་ལའི་བླ་མ་ཐུགས་ཕམ་དགོས་པ་དེ་ངོས་རང་རེད་ཅེས་བཀའ་བསྩལ་འདུག གཞན་ཡང་གསར་འགོད་པ་སྐུ་ཞབས་ Vijay Kranti  ལགས་ནས་གལ་སྲིད་༸གོང་ས་མཆོག་གི་༸སྐུ་ཚེའི་རིང་བོད་ལ་རང་དབང་ཐོབ་ན་ཐུགས་འགན་གཙོ་བོ་ག་རེ་བཞེས་གནང་གི་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས་མ་འོངས་བོད་མིའི་ལས་དོན་ཐམས་བཅད་མང་གཙོའི་ལམ་སྲོལ་ཡང་དག་པའི་ཐོག་ནས་འགྲོ་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་ཆབ་སྲིད་སོགས་ཀྱི་༸སྐུ་དབང་གང་ཡང་མེད་པར་བཞུགས་རྒྱུ་ཡིན་ཞེས་བཀའ་བསྩལ་བ་དང་ཆབས་ཅིག དེ་སྔ་ཕྱི་ ༡༩༦༠ འགོ་སྟོད་ལ་བོད་ཀྱི་གནད་དོན་དེ་རིམ་པས་བརླག་གི་རེད་དགོངས་མཁན་བྱུང་ཡོད་ཀྱང་། བོད་ཀྱི་གནད་དོན་དེ་ད་ལྟ་ཡང་རྒྱུན་གནས་ཐུབ་པ་ཙམ་མ་ཟད་རྒྱ་ནག་གྱི་སྡུག་སྦྱོང་འོག་བོད་མིའི་སེམས་ཤུགས་དེ་སྔར་ལས་ལྷག་པ་ཆགས་ཡོད་ཅེས་བཀའ་བསྩལ་འདུག དེ་བཞིན་གལ་སྲིད་རིམ་བཞིན་བོད་པའི་གཞོན་སྐྱེས་ཚོས་འཚེ་བའི་ལམ་ལ་ཕྱིན་པ་ཡིན་ན་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བའི་ལམ་ནས་སེལ་རྒྱུར་ཡིད་ཆེས་དང་འབད་བརྩོན་གནང་བཞིན་ཡོད་པ་དང་། གལ་སྲིད་མ་འོངས་པར་བོད་མི་ཚོས་འཚེ་བའི་ལམ་ལ་ཕྱིན་པའི་ཉིན་མོ་དེ་ནས་ངོས་རང་བོད་པའི་འཐབ་རྩོད་ནས་དགོངས་པ་ཞུ་རྒྱུ་རེད་ཅེས་བཀའ་ལན་མཛད་འདུག གཞི་རྩའི་གསར་འགོད་པ་རྒན་གྲས་སྐུ་ཞབས་ Vijay Kranti  ལགས་ཀྱི་བཅར་འདྲི་དེའི་ཐོག་༸གོང་ས་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ་བཙན་བྱོལ་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་པར་བློ་འགྱོད་མེད་པ་དང་། འདས་པའི་དུས་ཡུན་དེའི་རིང་ལ་རྒྱ་གར་གཞུང་མང་ནས་བོད་ཐོག་རོགས་རམ་གང་ཐུབ་གནང་ཡོད་པ་སོགས་བཀའ་ལན་མཛད་འདུག་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་མུ་མཐུད་༸གོང་ས་མཆོག་རྒྱ་གར་ནས་ཕྱིར་ཕེབས་ཏེ་རྒྱ་ནག་གི་རྒྱལ་ས་ Bejing ལ་བཞུགས་ཆོག་གི་རེད་ཅེས་བརྗོད་བཞིན་པ་དང་འབྲེལ། རྒྱ་ནག་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་གི་བརྗོད་པ་ལྟར་གནང་ཚེ་བོད་ཀྱི་གནད་དོན་སེལ་ཐུབ་ཀྱི་རེད་དགོངས་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེ་ལྟར་མིན་སྟབས་ངོས་རང་རང་དབང་མེད་པར་རྒྱ་ནག་ནང་རྒྱ་མིའི་ཨ་ལད་པད་ཀོ་ལྟར་བཞུགས་པ་ལས་རྒྱ་གར་རང་དབང་ལུང་པའི་ནང་བཙན་བྱོལ་བ་དཀྱུས་བ་མ་ཞིག་གནང་སྟེ་བཞུགས་རྒྱུ་དེ་འདམ་ག་བཟང་བ་འདུག་ཅེས་བཀའ་བསྩལ་འདུག

སྟོང་ལོ་གསུམ་པའི་ནང་གི་འགྲོ་བ་མིའི་ཤེས་ཡོན་ལྷན་ཚོགས་ཐོག་དབུ་བཞུགས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཐོག་ Human Education in the Third Millennium འམ་སྟོང་ལོ་གསུམ་པའི་ནང་གི་འགྲོ་བ་མིའི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་ཚོགས་པ་དང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་གི་སྔོན་འགྲོའི་བསླབ་གཞིའི་ནང་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་བསླབ་གཞི་འཇོག་དགོས་གལ་ཡིན་པའི་ལམ་སྟོན་བསྐྱར་ནན་མཛད་སོང་།དེ་རིང་རྒྱལ་ཁབ་མི་འདྲ་བ་བཅུ་ནས་ཚོགས་མི་བསྡུ་སྐོང་གནང་བའི་ལྷན་ཚོགས་ཐོག་ད་ལྟའི་ཤེས་ཡོན་སྲིད་བྱུས་དང་། མིའི་རང་བཞིན། མང་གཙོའི་ལམ་ལུགས། སློབ་ཁྲིད་ཐབས་ལམ་སོགས་ཀྱི་གླེང་གཞི་གཙོ་བོ་བཞིའི་ཐོག་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དང་ལམ་སྟོན་གསོལ་འདེབས་ཞུ་སྐབས་༸གོང་ས་མཆོག་གིས་གཞི་རྩའི་ཤེས་ཡོན་སློབ་གསོ་དེ་མི་ཚེ་སྐྱིད་པོ་དང་། སྤྱི་ཚོགས་སྐྱིད་པོ། འཛམ་གླིང་སྐྱིད་པོ་ཞིག་སྐྲུན་དགོས་ཀྱི་ཡོད་ཀྱང་། དེ་ལྟར་ལམ་ལྷོང་ལྡན་པ་ཞིག་ཡོང་གི་མེད་སྐོར་བཀའ་བསྩལ་བ་དང་འབྲེལ། ཉིན་རེའི་གསར་འགྱུར་ཁག་གི་ནང་མིས་བཟོས་པའི་དཀའ་ངལ་ཤ་སྟག་འཐོན་བཞིན་པ་ནི་སློབ་གྲྭའི་ནང་མིའི་བསམ་བློའི་རིན་ཐང་དང་འབྲེལ་བའི་བདེ་སྐྱིད་དང་ལྡན་པའི་བསམ་བློ་སྐྲུན་ཐབས་སྐོར་ལ་བཀའ་མོལ་མ་གནང་བའི་རྐྱེན་དང་། ཤེས་ཡོན་སློབ་གསོའི་ཁྲོད་དུ་ཕྱིའི་དངོས་པོ་ཡར་རྒྱས་དང་དཔལ་འབྱོར་ཡར་རྒྱལ་ལ་དམིགས་པའི་བསམ་བློ་ཡར་རྒྱས་གཏོང་རྒྱུ་ལས་ནང་སེམས་དང་འབྲེལ་བའི་སློབ་གསོ་མ་འདང་བའི་རྐྱེན་གྱིས་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག སློབ་གྲྭ་ཁག་གི་སྔོན་འགྲོའི་སློབ་གྲྭའི་བསླབ་གཞིའི་ནང་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་བསླབ་གཞི་འཇོག་དགོས་པའི་ལམ་སྟོན་བསྐྱར་ནན་མཛད་སོང་།༸གོང་མཆོག་གིས་དེ་སྔ་ནུབ་ཕྱོགས་སུ་བཟོ་ལས་དར་ཁྱབ་མ་འགྲོ་བའི་སྔ་རོལ་དུ་ཤེས་ཡོན་སློབ་གསོ་དེ་ཆོས་ལུགས་དང་འབྲེལ་ནས་དགོན་པ་དང་བཙུན་དགོན་སོགས་ནས་འགན་བཞེས་གནང་གི་ཡོད་ནའང་། ཕྱིིས་སུ་བཟོ་ལས་དར་ཁྱབ་བྱུང་བའི་དུས་ནས་ཤེས་ཡོན་སློབ་ཁྲིད་བྱ་ཐབས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། ད་ཆ་དུས་རབས་དེ་ནས་ཆས་པའི་མི་རིགས་དེ་དག་གི་ཁྲོད་ཁོང་ཁྲོ་དང་ཞེད་སྡང་ལ་བརྟེན་ནས་མ་སྐྱིད་པ་དང་དཀའ་ངལ་འཕྲད་སྐབས་ནང་སེམས་དེ་སྐྱིད་པོར་འཇོག་ཐབས་མ་ཤེས་པའི་དབང་གིས་སྨྱོ་རྫས་ལོངས་སུ་སྤྱོད་རྒྱུ་དང་། རང་ཤི་རྒྱག་རྒྱུ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་པར་བཀའ་བསྩལ་བ་དང་འབྲེལ། གནད་དོན་དེ་དག་ལ་གདོང་ལེན་གནང་རྒྱུར་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་ནང་སེམས་དང་འབྲེལ་བའི་སློབ་གསོ་ངེས་པར་དུ་འཇོག་དགོས་པ་དང་། ལྷག་པར་དུ་གཞན་ལ་བྱམས་བརྩེ་གོང་སྤེལ་གནང་བ་ལ་དང་ཐོག་རང་ཉིད་ཀྱིས་རང་ལ་བྱམས་པས་སྐྱོང་དགོས་པར་བཀའ་བསྩལ་འདུག མགོན་པོ་མཆོག་གིས་ཉེ་ལམ་ཧི་མཱ་ཅལ་གཙུག་ལག་སློབ་གྲྭ་དང་རྒྱལ་ས་ལྡི་ལིའི་ནང་ཆོས་ལུགས་ལ་མ་བརྟེན་པའི་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད་པ་དང་། ལྷག་པར་དུ་བློ་རིག་གི་རྣམ་གཞག་དང་འབྲེལ་ནས་འདི་ལོར་དགེ་རྒན་འོས་སྦྱོང་གནང་རྒྱུ་གོ་སྒྲིག་གནང་གི་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས། དུས་རབས་ཉེར་གཅིག་འདིའི་ཁྲོད་རྒྱ་གར་གྱི་ངོས་ནས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་སླར་གསོ་གནང་བ་བརྒྱུད་ནས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་དང་འབྲེལ་ནས་ངེས་པར་དུ་འཛམ་གླིང་གི་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟེ་བདེ་སྐྱིད་དང་ལྡན་པའི་བསམ་བློ་སྐྲུན་ཐབས་ཐོག་ལེགས་སྐྱེས་ཕུལ་ཐུབ་ངེས་ཡིན་པ་དང་། དེང་རབས་ཀྱི་ཤེས་ཡོན་དང་རྒྱ་གར་གྱི་གནའ་བོའི་རིག་གནས་གཉིས་ཟུང་འབྲེལ་གྱིས་སླར་གསོ་གནང་རྒྱུ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་ནང་གི་བཞི་པ་སྟེ་གསར་ཤོས་དེ་ཡིན་པ་བཀའ་བསྩལ་སོང་།སྐབས་དེར་ཚོགས་མི་ཞིག་གིས་རྒྱལ་ཁབ་གཅིག་གི་ནང་སྐྱབས་བཅོལ་བ་མ་ངག་དག་ཅིག་འབྱོར་བཞིན་ཡོད་པ་དང་བསྟུན། མི་རིགས་སྣ་ཚོགས་འཛོམས་པའི་ཕྲུ་གུ་དེ་དག་ལ་ཤེས་ཡོན་སློབ་གསོ་ཇི་ལྟར་སྤྲོད་དགོས་སྐོར་བཀའ་འདྲི་ཞུ་སྐབས་མགོན་པོ་མཆོག་གིས་སྐྱབས་བཅོལ་བ་གྲངས་འབོར་མང་དག་ཅིག་འབྱོར་བཞིན་པ་ནི་དཀའ་ངལ་ཞིག་ཡིན་ནའང་། སྐྱབས་བཅོལ་བ་དེ་དག་རྒྱལ་ཁབ་གཞན་ཞིག་གི་ནང་འཛུལ་བཞུགས་བྱ་རྒྱུར་བཀག་འགོག་བྱས་པ་ནི་བཟང་སྤྱོད་དང་འགལ་བ་ཞིག་ཡིན་པ་དང་། ཁོང་ཚོར་མཐུན་རྐྱེན་དང་ཤེས་ཡོན་སློབ་གསོ་སྤྲོད་དེ་མ་འོངས་པར་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ་མཁན་ཞིག་བཟོ་རྒྱུའི་དམིགས་ཚད་བཟུང་དགོས་པ་དང་མགོན་པོ་མཆོག་ནས་ཤེས་ཡོན་སློབ་གསོ་དང་འབྲེལ་ནས་དུས་རྟག་དུ་འཛམ་བུ་གླིང་ནང་མི་ཐེར་འབུམ་བདུན་པོ་དེ་དག་ཚང་མ་གཅིག་མཚུངས་ཡིན་པའི་བཀའ་བསྩལ་གྱི་ཡོད་སྐོར་དང་འབྲེལ། མི་ཐེར་འབུམ་བདུན་པོ་དེ་དག་གི་ངོས་ནས་འགྲོ་བ་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་དགོས་གལ་ཡིན་པར་ལམ་སྟོན་བསྩལ་སོང་།

རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་དང་དེ་མི་རབས་གསར་པར་བརྒྱུད་སྤེལ་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཏོང་ལེན་དགེ་རྩ་ཚོགས་པའི་རྒྱ་གར་ཉམ་ཐག་གི་དགེ་ལས་སློབ་ཕྲུག་ཚོར་དམིགས་བསལ་མཇལ་ཁ་དང་འབྲེལ་རྒྱ་གར་གནའ་བོའི་རིག་གཞུང་སླར་གསོ་གནང་རྒྱུ་ཐོག་ཧུར་བརྩོན་གནང་དགོས་པའི་བཀའ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན། ཁ་སང་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པའི་རྒྱ་གར་ཉམ་ཐག་གི་དགེ་ལས་སློབ་ཕྲུག་ཚོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་དམིགས་བསལ་མཇལ་ཁ་བསྩལ་འདུག་པ་དང་། སྐབས་དེར་མགོན་པོ་མཆོག་གིས་གཏོང་ལེན་དགེ་རྩ་ཚོགས་པ་དེ་ཐོག་མ་འགོ་འཛུགས་བྱུང་སྟངས་དྲན་གསོ་མཛད་པ་དང་སྦྲགས། དེང་སྐབས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་མང་དག་ཅིག་ནི་རང་རྒྱལ་གཞན་ཕམ་དང་ཆགས་སྡང་གིས་གཞན་དབང་སོགས་ཀྱི་རྐྱེན་པས་བྱུང་གི་ཡོད་སྟབས། དཀའ་ངལ་དེ་དག་སེལ་ཐབས་སུ་ཤེས་ཡོན་སློབ་གསོའི་ཁྲོད་ན་གཞོན་རྣམས་ལ་ཕྱིའི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་སློབ་གསོ་གང་མང་སྤྲོད་གལ་ཆེ་བ་དང་། ལྷག་པར་དུ་ཤེས་ཡོན་སློབ་གསོ་དེ་མིའི་ཀླད་པ་རྒྱ་སྐྱེད་གཏང་རྒྱུ་ཁོ་ན་མིན་པར་འགྲོ་བ་མིའི་ནང་སེམས་ཀྱི་ཞི་བདེ་དང་བྱམས་སྙིང་རྗེ་བསམ་པ་གོང་མཐོར་གཏོང་རྒྱུ་བཅས་ལ་དོ་སྣང་ཆེ་བཞེས་གནང་དགོས་པའི་ལམ་སྟོན་མཛད་འདུགདེ་བཞིན་༸གང་ཉིད་མཆོག་གིས་རྒྱ་གར་འདི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་ཡུལ་ཞིག་ཡིན་པ་མ་ཟད། བྱམས་པ་དང་སྙིང་རྗེ་གཞི་རྩར་བཟུང་བའི་ཐོག་འཚེ་བ་མེད་པའི་ལྟ་སྤྱོད་ཉམས་ལེན་གནང་བཞིན་ཡོད་པ་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཁྱད་པར་བ་ཞིག་རེད་ཅེས་བཀའ་བསྩལ་བ་དེ་ལྟར་ཡང་། དེང་དུས་ཀྱི་རྒྱ་གར་སྤྱི་ཚོགས་ནང་ཨིན་ཇིས་དར་སྤེལ་བྱས་པའི་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ཕྱིའི་དངོས་པོ་འགྲེལ་བཤད་རྒྱག་པ་ཙམ་ལས་ནང་གི་བསམ་བློའི་སྐོར་ལ་འགྲེལ་བཤད་རྒྱག་པ་ཞིག་མེད་པ་དང་། འཛམ་གླིང་འདིའི་ནང་ནང་ཆོས་མ་དར་བའི་སྔ་རོལ་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཁྲོད་ནང་བསམ་བློའི་སློབ་གསོ་དེ་དར་སྤེལ་ཟིན་པ་ཞིག་ཡིན་སྟབས། རྒྱ་གར་བ་ཚོས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་ཤེས་ཡོན་དེ་དག་ལ་ཆེས་དོ་སྣང་གནང་དགོས་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུགམགོན་པོ་མཆོག་གིས་ད་དུང་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ཐུགས་འགན་གཙོ་བོ་བཞི་ཡོད་པའི་ནང་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རིག་གཞུང་སླར་གསོ་གནང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་ངོ་སྤྲོད་དང་སྦྲགས་ཏེ་ད་ཆ་མགོན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་མཚམས་འདིར་རྒྱ་གར་གྱི་གཞོན་སྐྱེས་ཚོས་༸གང་ཉིད་ཀྱི་དགོངས་པ་ཡིད་ལ་བཅངས་ནས་ཕྱག་ལས་གནང་དགོས་གལ་ཡིན་སྐོར་བཀའ་བསྩལ་བ་མ་ཟད། རང་ཉིད་ལ་ཡོད་པའི་གནའ་བོའི་རིག་གཞུང་དེ་དག་མི་རབས་གསར་པ་ཚོའི་ཁྲོད་དུ་བརྒྱུད་སྤེལ་གནང་དགོས་ཞེས་བཀའ་ནན་བསྩལ་འདུགཁྱད་པར་དུ་རྒྱ་གར་གྱི་གནའ་རབས་ནས་བྱུང་བའི་  Ahimsa  འམ་འཚེ་བ་མེད་པའི་ལྟ་གྲུབ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་འགྲེལ་བཤད་གནང་ཐུབ་པའི་གུ་ཡངས་དང་ཡ་རབས་བཟང་པོའི་བསླབ་བྱ་ཡིན་སྐོར་དང་འབྲེལ། འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་ཡོང་བར་དང་པོ་འགྲོ་བ་མིའི་ནང་སེམས་འཁྲུག་པའི་ཉོན་མོངས་དག་མེད་པ་བཟོ་རྒྱུ་དང་དེ་ནས་ཕྱི་ལ་ཡོད་པའི་གོ་མཚོན་དང་རྡུལ་ཕྲན་མཚོན་ཆ་སོགས་རྩ་མེད་བཟོ་རྒྱུ་ཐད་ཚང་མས་འགན་མཉམ་འཁུར་གནང་གལ་ཡིན་པར་ལམ་སྟོན་བསྩལ་འདུགགཏོང་ལེན་སློབ་གྲྭའི་སློབ་མ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པར་འཚམས་འདྲིའི་སྙན་རྩོམ་ཞིག་སྙན་སྒྲོན་ཞུས་ཏེ། ༸གོང་ས་མཆོག་གི་བླ་ན་མེད་པའི་དགོངས་བཞེས་དང་༸གང་ཉིད་ཀྱི་དགེ་རྩ་ཚོགས་པའི་རྒྱབ་སྐྱོར་འོག་གཏོང་ལེན་དགེ་རྩ་ཚོགས་པས་དྷ་སར་ཡོད་པའི་ང་ཚོ་རྒྱ་གར་གྲོང་གསེབ་ཀྱི་དབུལ་ཕོངས་ཉམ་ཐག་རྣམས་ཛ་དྲག་གི་དཀའ་ངལ་འོག་ནས་མྱུར་སྐྱོབ་གནང་སྟེ། ང་ཚོར་ཤེས་ཡོན་དང་འཕྲོད་བསྟེན། སྡོད་གནས་སོགས་ཀྱི་མཐུན་འགྱུར་གང་ལེགས་སྐྲུན་པ་བརྒྱུད་ནས་ང་ཚོར་རེ་བ་གསར་པ་གནང་བར་༸གང་ཉིད་མཆོག་དང་གཏོང་ལེན་དགེ་རྩ་ཚོགས་པ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་འདུགལྷག་པར་དུ་༸གོང་ས་མཆོག་གིས་༸སྐུ་ཚེ་ཧྲིལ་པོའོ་རིང་བྱམས་བརྩེ་དང་ཞི་བདེ། དེ་བཞིན་ཆོས་ལུགས་མཐུན་འབྲེལ་དང་གོ་ལ་གཅིག་གྱུར་གྱི་ཐུགས་འགན་བཞེས་མུས་ཀྱི་དགོངས་པ་དེ་ནི་གཏོང་ལེན་དགེ་རྩ་ཚོགས་པའི་སློབ་ཕྲུག་ཚོར་བློ་སྤོབས་སྐྱེས་གཞི་ཡིན་པས་དེར་ཆེ་བསྟོད་ཞུས་པ་དང་སྦྲགས། ༸གང་ཉིད་མཆོག་གི་རླབས་ཆེན་དགོངས་པ་དེ་དག་ཁྱབ་སྤེལ་ཡོང་སླད་རང་ཉིད་གནས་སྡོད་བྱ་ཡུལ་གྱི་ས་གནས་ཁག་ཏུ་ལས་གཞི་ཁག་གཅིག་སྤེལ་མུས་ཡིན་པ་སྙན་གསེང་ཞུས་པ་མ་ཟད། གཏོང་ལེན་ཚོགས་པའི་སློབ་ཕྲུག་ངོས་ནས་༸གང་ཉིད་མཆོག་གི་དགོངས་པ་སྒྲུབ་རྒྱུ་སླད་མུ་མཐུད་ཧུར་བརྩོན་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་དང་ཁྱད་པར་དུ་གཏོང་ལེན་ནང་སློབ་སྦྱོང་བྱས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་དེ་དག་སློབ་ཕྲུག་གཞན་ལ་སློབ་གསོ་ཞུ་རྒྱུ་དང་གཞན་ཕན་གྱི་བྱ་བ་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ། དེ་བཞིན་རང་ཉིད་ཀྱི་སེམས་ཞི་བདེ་ངང་གནས་རྒྱུ་སོགས་ཀྱི་དགེ་མཚན་ཆེན་པོ་བྱུང་སྐོར་ཞུས་ཏེ། ༸གོང་ས་མཆོག་ལ་དམིགས་བསལ་བཀྲིན་རྗེས་དྲན་མཚོན་ཆེད་ཀྱི་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུགགཞི་རྩའི་གཏོང་ལེན་དགེ་རྩ་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༤ ལོར་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་དྷ་ས་ཁུལ་དུ་ཡོད་པའི་རྒྱ་གར་དབུལ་ཕོངས་ཉམ་ཐག་ཕྲུ་གུ་ཚོར་ལྟ་སྐྱོང་སླད་དུ་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་།  འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ཚོགས་པའི་ངོས་ནས་ས་གནས་རྒྱ་གར་དབུལ་ཕོངས་ཉམ་ཐག་གི་ཕྲུ་གུ་དང་མི་སེར་ཚོར་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་སོགས་ཀྱི་ཐོག་རོགས་སྐྱོར་གནང་མུས་ཡིན་པ་རེད།  ཚོགས་པའི་དཔལ་འབྱོར་རྒྱབ་རྟེན་གཙོ་བོ་ནི་༸གོང་ས་མཆོག་གི་ཏཱ་ལའི་བླ་མའི་བདེ་རྩ་ཚོགས་པ་དབུས་པའི་ཨིན་ཡུལ་དང་ཕ་རན་སི་སོགས་ནང་ཡོད་པའི་ཡན་ལག་ཚོགས་པ་དང་རྒྱལ་སྤྱིའི་སྦྱིན་བདག་ཁག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་གཏོང་ལེན་དགེ་རྩ་ཚོགས་པ་ནི་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་སློབ་ཁྲིད་གནང་མཁན་རྒྱ་གར་ནང་གི་སློབ་གྲྭ་ཐོག་མའི་གྲས་ཡིན་པ་རེད།

༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་དེ་བཀའ་སྒྲུབ་རྒྱུ་རེད།

ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་རྒྱལ་སའི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་དང་འབྲེལ་ཡོད་རྒྱ་གར་གྱི་གནད་ཡོད་དཔོན་རིགས་བཅས་ལ་༸སྐུའི་འཁྲུངས་སྐར་དང་བསྟུན་དགོང་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུ་སྲོལ་ཡོད་པ་ལྟར། རེས་གཟའ་སྤེན་པའི་ཕྱི་དྲོ་རྒྱལ་ས་ལྡི་ལིའི་ India Habitat ལྟེ་གནས་ཁང་དུ་གོ་སྒྲིག་ཞུས་པའི་གསོལ་སྟོན་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་མ་ཟད། མགོན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ཡོད་པའི་ནང་ནས་ད་ལྟའི་གནས་སྐབས་གལ་གནད་ཆེ་ཤོས་དང་ཆེས་ཛ་དྲག་ཅན་ནི་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡྲའི་རིག་པའི་གཞུང་ལུགས་དེ་བསྐྱར་གསོ་གནང་ཐབས་ཡིན་པ་ལྟར། ཚང་མས་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུལ་ཞུས་པ་དང་། དེ་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ཤིག་དང་། ལྷག་པར་དུ་༸གོང་ས་མཆོག་ཐུགས་དགྱེས་པའི་མཆོད་པ་གནད་སྨིན་ཞིག་ཀྱང་ཡིན་སྐོར་སོགས་གསུངས་སོང་།   ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་གསོལ་སྟོན་དེའི་སྐབས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་པ་ཁག་གཅིག་དང་། ཡོ་རོབ་མཐུན་ཚོགས་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གི་སྐུ་ཚབ། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ། མཁས་དབང་། དེ་བཞིན་སྙན་གྲགས་ཅན་གྱི་ལས་འགུལ་བ་སོགས་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུགགཞི་རྩའི་རྒྱལ་ས་ལྡི་ལིའི་ཁུལ་གྱི་མི་མང་གི་གཞུང་འབྲེལ་མཛད་སྒོ་དེ་བོད་སྒར་བསམ་ཡས་གླིང་དུ་ཚོགས་ཡོད་པ་དང་། ༸སྐུའི་འཁྲུངས་སྐར་གྱི་མི་མང་མཛད་སྒོ་དེ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་པོ་ལས་ཆོས་ལུགས་མཐུན་འབྲེལ་གྱི་དགོངས་གཞི་གཞིར་བཟུང་ལྡི་ལི་ནང་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་གདན་ཞུ་དང་འབྲེལ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་རེད།མཛད་སྒོའི་ཐོག་ས་གནས་ཀྱི་སློབ་ཕྲུག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་མ་ཟད། ཆོས་ལུགས་སོ་སོའི་སྐུ་ཚབ་ཚོའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་སོགས་ཀྱང་གནང་ཡོད་པ་རེད།ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་དང་མི་མང་བཅས་ཁྱོན་མི་གྲངས་ལྔ་བརྒྱ་ལྷག་འདུ་འཛོམས་གནང་ཡོད་པ་རེད།  

ཡོ་རོབ་ཁུལ་དུ་རྣམ་པ་འདྲ་མིན་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི།

ཕྱི་ཟླ་ ༧ ཚེས་ ༦ ཉིན་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་དྷ་རྨ་ས་ལ་གཙོ་གྱུར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་འབངས་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་ལྟར། ཉིན་དེར་འདི་ག་ཡོ་རོབ་རྒྱལ་ཁབ་ཁུལ་དུ་གནས་གནས་སྡོད་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་རྣམ་པ་འདྲ་མིན་བརྒྱུད་ནས་མགོན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།ཡོ་རོབ་རྒྱལ་ཁབ་བྷེལ་འཇམ་ཁུལ་དུ་བྷེལ་འཇམ་ས་གནས་བོད་རིགས་ཚོགས་པ་དང་ཤེས་རབ་སྣང་བྱེད་སློབ་གྲྭའི་དགེ་ལས་སློབ་མ་དང་ས་གནས་བོད་མི་ཐོུང་གིས་གོ་སྒྲིག་ཞུས་ཐོག་ཡུལ་དེའི་གནས་མང་ཚོགས་ལ་བོད་ཀྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་དང་། ཁ་ཟས་འགོད་འགྲེམས། ལྷག་པར་དུ་དུས་ཁྱད་དང་བསྟུན་ནས་བྷེལ་འཇམ་གཞུང་མང་གཉིས་ལ་ད་བར་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ལའང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་ནས་ས་གནས་སུ་ཕྱི་ཚེས་ ༥ ནས་ཁ་སང་ཕྱི་ཚེས་ ༧ བར་ཉིན་གྲངས་གསུམ་གྱི་རིང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་གོ་སྒྲིག་གནང་སྟེ་ས་གནས་མང་ཚོགས་ལ་བོད་ཀྱི་ཐོུང་མ་ཡིན་པའི་གཞན་སྣ་འཁྲབ་སྟོན་གཟིགས་འབུལ་དང་། བོད་ཀྱི་ཁ་ཟས་ངོ་སྤྲོད། དེ་བཞིན་ཐང་བྲིས་སྒྱུ་རྩལ་བཤམ་སྟོན་སོགས་གནང་སྟེ་རྣམ་པ་འདྲ་མིན་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་འདུགདེ་དང་ཕྱོགས་མཚུངས་ཨི་ཊ་ལི་ནང་ཁ་སང་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁུལ་དེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་འབྲེལ་ནས་ཁུལ་དེར་རྟེན་གཞི་བྱས་པའི་བླ་མ་ཙོང་ཁ་པའི་ཆོས་ཚོགས་སུ་བོད་མི་དང་དད་ལྡན་མང་ཚོགས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུགཡོ་རོབ་རྒྱལ་ཁབ་སུད་སི་དང་འཇར་མ་ནི། ཨིན་ཡུལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་སོ་སོའི་ནང་གནས་སྡོད་བོད་མི་ཚོས་ཉིན་དེར་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཆོས་ཕྱོགས་ཀྱི་གནང་སྒོ་དང་། དེ་མིན་རིག་གཞུང་འཁྲབ་སྟོན། གསོལ་སྟོན། རྐང་རྩེད་སྤོ་ལོ་རྩེད་འགྲན་སོགས་རྣམ་པ་འདྲ་མིན་བརྒྱུད་ནས་དགའ་སྐྱིད་དཔལ་ལ་རོལ་བཞིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ་མ་ཟད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཉིན་དེར་རང་རང་སོ་སོའི་ཚོགས་པ་དང་སྒེར་ཀྱི་ངོ་དེབ་སོགས་ཀྱི་སྟེང་མགོན་པོ་མཆོག་གི་༸སྐུ་པར་འཇོག་པ་དང་འདི་བཞིན་བརྙན་པར་གྱི་ལམ་ནས་དགའ་བསུའི་བཀྲིས་པའི་སྨོན་ཚིག་འདྲ་མིན་ཆེད་བཀོད་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

Latest news