Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

དབྱིན་ཡུལ་གྱི་སྲིད་བློན་གསར་པས་རྒྱ་ནག་ནས་རང་དབང་འདོད་ན་༸གོང་ས་མཆོག་གི་མཇལ་ཁ་ཞུ་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བསྐོ་གཞག་བྱུང་བའི་སྐུ་ཞབས་ Boris Johnson མཆོག་ལ་དགའ་བསུའི་འཚམས་འཕྲིན་བསྩལ་བ་དང་འབྲེལ། སྲིད་བློན་གསར་པའི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་བསྩལ་བའི་ཁྲོད་འདིར་ཁ་སང་ Hong Kong free Press ཞེས་པའི་གསར་ལམ་ཐོག་འབྲེལ་ཡོད་དཔྱད་གཏམ་ཞིག་སྤེལ་བའི་ནང་དབྱིན་ཡུལ་རྒྱལ་ཁབ་ནས་རྒྱ་ནག་གི་དབང་ཤུགས་ལས་རང་དབང་འདོད་ཀྱི་ཡོད་ཚེ་སྲིད་བློན་གསར་པ་སྐུ་ཞབས་ Boris Johnson མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ངེས་པར་དུ་ཞུ་དགོས་ཞེས་བཀོད་འདུག དེའང་རྒྱུན་དུ་རྒྱ་ནག་དང་ཧོང་ཀོང་དབར་གྱི་འབྲེལ་ལམ་སོགས་ཀྱི་གནད་དོན་ཐོག་དཔྱད་ཞིབ་གནང་མཁན་Gray Sergaent ལགས་ཀྱིས་དམིགས་བསལ་དཔྱད་གཏམ་ཞིག་སྤེལ་བའི་ནང་དེ་སྔ་དབྱིན་ཡུལ་གྱི་རྩོམ་པ་པོ་གྲགས་ཅན་ Edward Lucas ལགས་ཀྱིས་ཁོང་གི་བརྩམས་ཆོས་ཀློག་པ་པོ་རྣམས་ལ་རང་ཉིད་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་ནང་གནས་སྡོད་བྱེད་ཀྱི་ཡོད་མིན་གྱི་དྲི་བ་ཞིག་བཏང་བ་ལུང་འདྲེན་དང་འབྲེལ། གལ་ཏེ་ཁྱེད་ཚོའི་སྲིད་དོན་པ་རྣམས་ནས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་རང་དབང་མེད་ཚེ་རྒྱལ་ཁབ་གང་རུང་དེ་རང་དབང་ཅན་ཞིག་མིན་པ་རང་བཞིན་གྱིས་མངོན་གསལ་ཐུབ་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག དབྱིན་གྱི་སྲིད་བློན་ཟུར་པ་ལྕམ་སྐུ་ Theresa May མཆོག་ནི་སྐུ་ཞབས་སྲིད་བློན་ཟར་པ་ John Major ལགས་ཀྱི་རྗེས་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་མ་ཞུ་མཁན་གྱི་སྲིད་བློན་ཐོག་མ་དེ་ཆགས་ཡོད་པ་གསུངས་འདུག དཔྱད་གཏམ་དེའི་ནང་ད་དུང་སྤྱིར་རྒྱལ་ཁབ་ཅིག་གི་དབུ་འཁྲིད་དང་༸གོང་ས་མཆོག་རྣམ་གཉིས་དབར་མཇལ་མོལ་གྱི་གནད་དོན་དེ་ནི་རྒྱ་ནག་གི་དྲག་པོའི་དབང་སྒྱུར་འོག་གནས་པའི་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་པ་ཁོ་ན་མ་ཡིན་པར་རྒྱ་ནག་གི་འགོ་ཁྲིད་ཚོ་ལའང་བོད་ཀྱི་གནས་བབ་དེ་ ༡༩༥༠ ལྔ་གྲངས་བཞིན་ད་ལྟའང་སེལ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་མངོན་གསལ་གནང་རྒྱུའི་མཚོན་དོན་གལ་ཆེ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། ལྕམ་སྐུ་ Teresa མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་བབ་དང་ད་སྐབས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ཉུང་དུ་ཕྱིན་པ་སོགས་ཀྱི་རྒྱུ་མཚན་དུ་མ་ཞིག་བགྲང་ནའང། དོན་དམ་པར་ཁོང་གིས་ད་བར་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་མ་ཞུ་པའི་རྒྱུ་མཚན་གཙོ་བོ་དེ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག དབྱིན་ཡུལ་གྱི་སྲིད་བློན་རིམ་པས་འདས་པའི་ལོ་ཤས་ནས་བོད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་མཁྲེགས་པོ་ཞིག་བཟུང་ཐུབ་མེད་པར་སྐྱོན་བརྗོད་གནང་དང་འབྲེལ། ཕྱི་ལོ་ ༡༩༩༡ ལོར་ཨ་རིའི་སྲིད་འཛིན་ལས་ཐོག་ཞིག་གིས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཐེངས་དང་པོ་ཞུས་པ་ནས་བཟུང་ད་བར་ Trump མ་གཏོགས་ཨ་རིའི་སྲིད་འཛིན་རིམ་པས་༸གང་ཉིད་མཆོག་ལ་མཇལ་ཁ་ཞུས་ཡོད་པ་འགྲེལ་བརྗོད་གནང་སྟེ། གལ་ཏེ་དབྱིན་ཡུལ་གྱི་སྲིད་བློན་གསར་པས་ལྕམ་ Theresa May མཆོག་གི་གནས་སྟངས་ལྟར་༸གོང་ས་མཆོག་ལ་མཇལ་ཁ་མ་ཞུས་པ་རེད། མ་འོངས་པར་དེ་ལམ་སྲོལ་ཞིག་ཆགས་ཉེན་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག གང་ལྟར་སྲིད་བློན་ Boros Johnson མཆོག་གིས་རང་ཉིད་ཀྱི་རྒྱལ་ཁབ་འདི་བཞིན་རྒྱ་ནག་གི་དབང་ཤུགས་འོག་མ་ལྷུང་བར་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་བསྐྲུན་འདོད་ཡོད་ཚེ་ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ངེས་པར་དུ་མཇལ་འཕྲད་ཞུས་ཏེ་རང་དབང་ཅན་གྱི་དབུ་ཁྲིད་ཅིག་གི་རྣམ་པ་མཚོན་ཐུབ་པ་གནང་དགོས་ཞེས་གསུངས་འདུག གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་ཚེས་ ༢༥ ཉིན་སྐུ་ཞབས་ Boris Johnson མཆོག་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འཕྲིན་བསྩལ་ནས་བོད་མིར་བློ་ཐག་ཉེ་བའི་དབྱིན་ཡུལ་གྱི་མཛའ་གྲོགས་དག་གིས་བོད་མིའི་གཞི་རྩའི་རང་དབང་དང་མཚན་མཐོང་ལ་སྨན་པའི་རྒྱབ་སྐྱོརཤུགས་ཆེ་དང་ཧ་ཅང་དགའ་མོས་གནང་དང་གནང་བཞིན་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་ཏུ་ལོ་རྒྱུས་ཐོག་བོད་དང་དབྱིན་ཡུལ་དབར་ཡུན་རིང་ནས་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་ལྟར། དུས་ད་ལྟའང་ང་ཚོ་དང་དེ་སྔ་ཕྱི་ལོ་ ༡༩༥༩ གོང་བོད་ནང་ཕྱག་ལས་གནང་མྱོང་མཁན་གྱི་ཨིན་ཇིའི་གཞུང་ཞབས་པ་ཚོའི་ནང་མིའི་དབར་མཛའ་བརྩེའི་འབྲེལ་བ་རྒྱུན་སྐྱོང་བྱེད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ད་དུང་དབྱིན་ཡུལ་དེ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ནས་ཕྱིར་འཐེན་གནང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐད་༸གང་ཉིད་མཆོག་ནས་དགོངས་ཚུལ་ཇི་ཡོད་བསྩལ་ཟིན་སྐོར་བཀའ་བསྩལ་དང་སྦྲགས། མགོན་པོ་མཆོག་ནི་ཡུན་རིང་ནས་རྒྱལ་ཁབ་སོ་སོའི་སྒེར་གྱི་ཁེ་ཕན་ལས་སྤྱིའི་སྒྲིག་འཛུགས་དེ་གལ་ཆེ་བར་རྩིས་ཏེ་སྒྲིག་འཛུགས་དེ་འདྲ་ཞིག་གསར་འཛུགས་གནང་ཐུབ་པའི་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་སམ་སྒྲོམ་གཞིར་རྒྱབ་སྐྱོར་དང་ཡི་རངས་བསྔགས་བརྗོད་མཛད་མཁན་ཞིག་ཡིན་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༡༦ ལོར་དབྱིན་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་བ་ལྟར་སྐབས་དེར་ཨིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནས་ཕྱིར་འཐེན་གནང་རྒྱུའི་མང་ཚོགས་ཀྱི་དགོངས་ཚུལ་བསྡུ་ལེན་གནང་སྟེ་ཐག་གཅོད་གནང་བ་དེར་༸གོང་ས་མཆོག་ནས་གུས་བརྩི་ཡོད་སྐོར་བཀའ་བསྩལ་འདུག མཐར་མགོན་པོ་༸གང་ཉིད་མཆོག་གིས་དབྱིན་ཡུལ་དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲོམ་གཞི་ནས་ཕྱིར་ཐོན་པའི་མཇུག་འབྲས་གང་ཡོང་མིན་ལ་ལྟོས་མེད་དབྱིན་ཡུལ་དེ་མུ་མཐུད་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་འདིིའི་ནང་གཞན་ལ་བཟང་པོའི་ཤུགས་རྐྱེན་འཇོག་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་འགྱུར་བའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག དབྱིན་ཡུལ་གྱི་སྲིད་འཛིན་གསར་པ་མཆོག་གི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་བཅས་མཛད་འདུག

ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་སྐུ་ཚབ་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།

ཟླ་བ་འདིའི་ཚེས་ ༡༧ ཉིན་ཐེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ Lo Wen-jia ལགས་ཀྱིས་སྣེ་ཁྲིད་འོག་ཡར་ཐོན་ཚོགས་པའི་སྤྱི་དམངས་འབྲེལ་ལམ་སྡེ་ཚན་གྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ Hsieh Yu-Li ལགས་དང་ཚོགས་པའི་མགྲིན་ཚབ་པ།  སྤྱི་དམངས་འབྲེལ་ལམ་སྡེ་ཚན་གྱི་ངེས་སྟོན་པ་གཞོན་པ་སྐུ་ཞབས་ Wen Lii ལགས་བཅས་བཞུགས་སྒར་དུ་ཆེད་བཅར་གྱིས་ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཁ་ཞུས་ཡོད་པ་རེད།  སྐུ་ཞབས་ Lo Wen-jia ལགས་ཀྱིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་གྱིས་ད་རེས་འཚམས་གཟིགས་འདི་ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་སྐུ་ཚབ་ཐོག་ནས་བཅར་བ་དང་། གཙོ་བོ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུ་ཆེད་ཡིན་ཞེས་གསུངས་སོང་བ་དང་། ལྷག་དོན་ཚོུད་གཅིག་ཙམ་གྱི་མཇལ་མོལ་དེའི་རིང་མགོན་པོ་༸གང་ཉིད་མཆོག་དང་ལྷན་ཐེ་ཝན་གྱི་མང་གཙོ་འཕེལ་རྒྱས། སླད་མར་ཐེ་ཝན་དང་བོད་གཉིས་ཀྱི་རང་དབང་རྩོད་ལེན་གནང་ཕྱོགས་ཀྱི་དགོངས་ཚུལ་བརྗེ་ལེན་གནང་བ་མ་ཟད། ༸གོང་ས་མཆོག་ནས་ཐེ་ཝན་གྱི་མང་གཙོ་སྟོབས་ཤུགས་དེ་གནད་ཆེ་ཞིག་ཡིན་སྐོར་བཀའ་སློབ་ནན་པོ་བསྩལ་བ་དང་ཆབས་ཅིག་ཏུ་ཐེ་ཝན་གྱི་མང་གཙོ་སྟོབས་ཤུགས་དེ་ཐེ་ཝན་གྱི་མ་རྩ་ཆེ་ཤོས་ཡིན་པར་ལམ་སྟོན་མཛད་སྐོར་གསུངས་སོང་།  དེ་བཞིན་ཁོང་གིས་༸གོང་ས་མཆོག་ལ་ཐེ་ཝན་དང་བོད་གཉིས་ནས་ཐུན་མོང་གི་གདོང་ལེན་གནང་ས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་ཆགས་ཡོད་པ་དང་། ཐེ་ཝན་མི་རིགས་ནས་རང་ཉིད་ཀྱི་མང་གཙོ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད་སྒོས་འཛམ་གླིང་ཁྲོད་ལ་མང་གཙོ་རྩོད་མཁན་ཚོར་རྒྱབ་སྐྱོར་གནང་དགོས་པའི་འོས་འགན་ཡོད་སྐོར་སྙན་གསེང་ཞུས་ཡོད་པ་གསུངས་ཡོད། མཇལ་འཕྲད་དེའི་ཁྲོད་རིག་གཞུང་གི་སྟོབས་ཤུགས་དང་བོད་བརྒྱུད་ནང་བསྟན་གྱི་རིན་ཐང་སོགས་ཀྱི་ཐོག་བཀའ་མོལ་གནང་བ་དང་ཕྱོགས་མཚུངས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལའང་བཀའ་མོལ་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དགུང་ལོ་ ༡༠༠ ལྷག་བར་དུ་༸སྐུ་འཚོ་བཞུགས་མཛད་རྒྱུ་དང་འབྲེལ། ༸སྐུའི་ཡང་སྲིད་ཐད་དམར་ཤོག་ཚོགས་པའི་འཐུས་མི་ནས་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་གང་ཡང་མེད་པར་བཀའ་བསྩལ་བ་མ་ཟད།  སྐུ་ཞབས་ Lo Wen-jia ལགས་ནས་༸སྐུའི་ཡང་སྲིད་དེ་ཐེ་ཝན་ནང་འཁྲུངས་སྲིད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དེ་ཡོང་སྲིད་པ་དང་ནང་པའི་རྒྱལ་ཁབ་ནང་༸སྐུའི་ཡང་སྲིད་འཁྲུངས་ངེས་ཡིན་སྐོར་བཀའ་བསྩལ་ཡོད་སྐོར་གསུངས་ཡོད། ལྷག་དོན་ཁོང་གིས་བོད་མིར་བརྡ་ལན་དང་འབྲེལ་ཏེ་ཐེ་ཝན་དང་བོད་དབར་གདོང་ལེན་གནང་ཡུལ་དང་དཀའ་ངལ་གཅིག་མཚུངས་ཡིན་པས་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་དེར་འབད་རྩོད་གནང་དགོས་པ་གསུངས་སོང་བ་དང་། དེ་བཞིན་མགྲིན་ཚབ་པ་སྐུ་ཞབས་ Wen Lii ལགས་ཀྱིས་བོད་མིའི་མང་གཙོའི་མྱོང་བ་དེ་ཐེ་ཝན་ལ་སེམས་འགུལ་ཐེབས་གཞི་ཞིག་ཏུ་གྱུར་བ་མ་ཟད། ང་ཚོའི་གནས་སྟངས་ཛ་དྲག་ཅི་འདྲ་ཞིག་གི་འོག་ལྷུང་ཀྱང་མང་གཙོའི་ལྟ་གྲུབ་དང་ལམ་སྲོལ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་འགྲོ་བ་མིའི་རིན་ཐང་ཁག་མུ་མཐུད་ནས་སྲུང་གནང་དགོས་པའི་བརྡ་ལནགནང་བས་དེའི་ཐེ་ཝན་ཙམ་མ་ཟད་ཧོང་ཀོང་དང་ཡུ་གུར་སོགས་རྒྱའི་དབང་སྒྱུར་འོག་ཏུ་ལྷུང་བའི་མི་རིགས་ཡོངས་ལ་སེམས་འགུལ་ཐེབས་སྐོར་གསུངས་སོང་།  རྩ་བའི་ཐེ་ཝན་ནང་མང་གཙོ་ཡར་ཐོན་ཚོགས་པས་གཞུང་འཛིན་པའི་རྗེས་སུ་༸རྒྱལ་བའི་བཞུགས་གནས་བཞུགས་སྒར་དྷ་རྨ་ས་ལར་སྐུ་ཚབ་ཆེད་བཅར་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་གྱི་མཛད་རིམ་ཁྲོད་ཐེ་ཝན་ནས་བོད་མི་ལ་མཛའ་གྲོགས་ཀྱི་རང་བཞིན་མཚོན་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག  དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་དང་ཐུག་འཕྲད་གནང་བ་མ་ཟད།  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་སུ་སྐོར་སྐྱོད་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཨ་རིའི་སློབ་ཕྲུག་བཅོ་ལྔ་ལ་བླང་དོར་གྱི་བཀའ་སློབ་བསྩལ་བ།

དེ་རིང་སྔ་དྲོ་ཚོུད་ ༡༠ པ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་གི་སློབ་ཕྲུག་བཅོ་ལྔ་ལ་༸རྒྱལ་བའི་གཟིམ་ཆུང་མཇལ་ཁ་བསྩལ་བ་དང་ལྷག་དུ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གཙོ་གྱུར་འགྲོ་བ་མིའི་རིགས་ཀྱི་རིན་ཐང་དང་འཛམ་གླིང་གི་ཞི་བདེ་སོགས་ཀྱི་སྐོར་ལ་ལམ་སྟོན་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རང་གཤིས་ནི་སྙིང་རྗེ་དང་ལྡན་པ་ཞིག་ཡིན་པར་བཀའ་བསྩལ་ཏེ་མིའི་རིགས་ཡོད་ཚད་གཅིག་སྒྲིལ་གྱིས་མཉམ་གནས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་དེང་དུས་ཀྱི་རྒྱལ་སྤྱིའི་ཤེས་ཡོན་སྲིད་བྱུས་དེ་དངོས་གཙོ་རང་ལུགས་ལ་གཞིར་བཞག་པ་ཞིག་ཡིན་པ་བཀའ་ཕེབས་དང་སྦྲགས། དངོས་གཙོ་རང་ལུགས་ཁོ་ནས་མི་འདང་བར་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ནང་མིའི་ནང་སེམས་ཀྱི་འཕྲོད་བསྟེན་ལ་ཕན་པའི་གནའ་བོའི་རྒྱ་གར་གྱི་རིག་གཞུང་དང་ཤེས་ཡོན་དེ་འཇོག་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག གསར་འགོད་པས་སློབ་ཕྲུག་ཚོགས་པ་དེའི་ཚོགས་གཙོ་ Rachal Posner ལགས་སུ་མཇལ་ཁའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་སྐོར་སྐྱོད་དེ་ནི་རྒྱལ་སྤྱིའི་འཚོ་བ་དང་རྒྱ་གར་གྱི་སྲོལ་རྒྱུན་གྱི་རིག་གཞུང་ཞེས་པའི་ལས་གཞིའི་འོག་ཨ་རིའི་སློབ་གྲྭ་འདྲ་མིན་ཁག་བཅོ་ལྔ་ལྷག་གི་འཐུས་ཚབ་སློབ་མ་དྷ་སར་ཆེད་བཅར་ཞུས་ཡོད་པ་ལྟར། དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་སྒྱུ་འཕྲུལ་ལྟ་བུ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས་དགའ་པོ་ཞེ་དྲག་བྱུང་སོང་ཞེས་ངོ་སྤྲོད་གནང་སོང་། དེ་དང་འབྲེལ་ནས་ཁོང་གིས་དྷ་སར་བཅར་དོན་གཙོ་བོ་ནི་རང་ཉིད་ཨ་རིའི་མི་སེར་ཞིག་ཡིན་སྟབས་བོད་མིའི་སྐྱབས་བཅོལ་གྱི་གནས་སྟངས་དང་འཐབ་རྩོད་ཀྱི་ངོ་བོ་བཅས་ཀྱི་སྐོར་ལ་རྒྱུས་ལོན་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་ལྟར།  རྒྱལ་སྤྱིའི་ཐོག་གནས་ཚུལ་དེའི་བརྡ་ལན་འཕྲོད་པའི་ཐོག་ནས་ནམ་ཞིག་བོད་ལ་རང་དབང་ཐོབ་སླད་དུ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་གསུངས་ཡོད།   དེ་བཞིན་ཇཱོན་ཟེར་བའི་སློབ་ཕྲུག་ཅིག་ལ་བོད་པའི་སྤྱི་ཚོགས་ནང་སླེབས་ནས་ཚོར་བ་ཇི་བྱུང་ཐོག་བཅར་འདྲི་ཞུས་པར་ཁོང་གིས་སྔོན་ཆད་བོད་པའི་སྤྱི་ཚོགས་ཀྱི་སྐོར་ལ་ཤེས་རྟོགས་གང་ཡང་མེད་ནའང་། ཐེངས་འདིར་བོད་པའི་སྤྱི་ཚོགས་སུ་བསླེབས་པ་དང་བསྟུན་ནས་བོད་མིའི་སྐྱབས་བཅོལ་གྱི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་ཤེས་རྟོགས་བྱུང་བ་མ་ཟད། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཟིན་ནའང་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རང་དབང་འཐབ་རྩོད་གནང་བཞིན་པ་དེ་ནི་ཡུལ་གཞན་དུ་མཐོང་དཀོན་པའི་སྣང་ཚུལ་ཞིག་ཆགས་སྐོར་གསུངས་སོང་བ་དང་ཆབས་ཅིག བོད་དོན་བདེན་མཐའ་གསལ་རྒྱུར་དུས་ཡུན་རིང་པོ་འགོར་སྲིད་ཀྱང་བོད་མི་རྣམས་སེམས་ཤུགས་མི་ཆག་པར་ཡིད་ཆེས་བརྟན་པོ་གནང་རོགས་ཞེས་གསུངས་ཡོད།

༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་གར་གཞུང་ནས་བཞེངས་ཕྱོགས་བརྟན་པོ་འཛིན་དགོས།

ཉེ་ལམ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་ཐོན་བཞིན་པ་ལྟར་དེ་རིང་ DNA གསར་ཁང་གིས་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་རིག་གཞུང་ཐོག་བཤད་པ་དང་དཔྱད་རྩོམ་སྤེལ་མཁན་སྐུ་ཞབས་ Prasenjit Chowdhury ལགས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་དེར་རྒྱ་དཀར་ནག་གཉིས་ཀྱི་བཞེངས་ཕྱོགས་སོགས་དང་འབྲེལ་བའི་དཔྱད་གཏམ་ཞིག་སྤེལ་འདུག དེའི་ནང་སྐུ་ཞབས་ Prasenjit Chowdhury ལགས་ཀྱིས་ཉེ་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་ Wang Neng Sheng དང་། པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་སྤྱི་ཁྱབ་ Zha Luo ཟེར་བ་གཉིས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། རྒྱ་གར་གཞུང་ལ་ཐེ་བྱུས་གནང་རྒྱུའི་དབང་ཆ་གང་ཡང་མེད་པ་མ་ཟད་གལ་སྲིད་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ཟེར་བས་བདམས་པའི་༸སྐུའི་ཡང་སྲིད་ལ་ངོས་འཛིན་ཞུ་ཚེ་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་གནད་དོན་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་བ་ལུང་འདྲེན་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ནས་ངོས་འཛིན་ཞུས་པའི་༸སྐུའི་ཡང་སྲིད་ལ་ངོས་ལེན་མེད་ཅེས་ཡོངས་བསྒྲགས་གནང་བ་ལྟར། རྒྱགར་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐོག་རྒྱ་ནག་ལ་ཆེས་དགའ་དགའ་དང་ཞི་འཇམ་གྱི་རྣམ་འགྱུར་མ་བསྟན་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་བཞེངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པའི་སྐུལ་མ་གནང་འདུག ཁོང་ནས་དེ་སྔ་ཕྱི་ལོ་ ༡༩༥༤ ལོར་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་པ་དང་། ཕྱི་ལོ་ ༢༠༠༣ རྒྱ་ནག་གིས་འབྲས་ལྗོངས་ས་མཚམས་ས་ཁུལ་ཁག་ཅིག་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་སྐབས་གནད་དོན་འགྲིག་འཇགས་ཡོངས་ཐབས་སུ་སྲིད་བློན་ Atal Bihari Vajpayee མཆོག་གིས་སླར་བོད་དེ་རྒྱ་ནག་གི་ཤས་ཡིན་སྐོར་གསུངས་པ་དང་། དེ་བཞིན་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པའི་ངོས་ནས་གཞུང་འབྲེལ་གནད་ཡོད་མི་སྣ་རྣམས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲོག་ཞུས་པའི་མཛད་རིམ་ཐོག་མཉམ་ཞུགས་གནང་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་གར་གཞུང་ནས་མུ་མཐུད་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གི་གནང་སྟངས་ལྟར་རྒྱ་ནག་ལ་འཇིགས་སྣང་ཁོ་ན་གནང་ནས་བཞུགས་ཚེ་རིམ་པས་རྒྱལ་སྤྱིའི་ཐོག་ནས་རྒྱ་གར་ལ་གཟིགས་ཕྱོགས་མི་ལེགས་པ་ཞིག་ཡོང་ངེས་ཡིན་པ་གསུངས་འདུག ལྷག་དུ་སྐུ་ཞབས་ Prasenjit Chowdhury ལགས་ནས་རྒྱ་གར་གཞུང་ནས་རྒྱ་ནག་གི་འདོད་མོས་ལྟར་འདས་པའི་ལོ་ངོ་དེ་དག་ཁྲོད་དུ་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་པ་བཞིན་ཡོད་ཀྱང་། རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དེ་ནི་ད་ལྟའང་ཀྱ་གེ་ཀྱོག་གེ་ངང་གནས་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་གར་གཞུང་ནས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གྲུབ་འབྲས་ཐོན་ཡོད་མེད་ལ་དཔྱད་ཞིབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་ནག་ལ་རྒྱབ་སྐྱོར་གནང་ཚེ་དེ་སྔ་རྒྱ་གར་གྱིས་བོད་ཐོག་ནོར་འཁྲུལ་བཟོས་ཟིན་པའི་སྲིད་བྱུས་ཐོག་ཁ་སྣོན་ཆགས་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་ནས་ཀྱང་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དང་འབྲེལ་བ་བཏགས་ཚེ་དེས་རྒྱ་ནག་གཞུང་ནས་རྒྱ་གར་གཞུང་ལ་ཡིད་ཆེས་མེད་པའི་རྣམ་པ་ཞིག་མཚོན་གྱི་རེད་ཅེས་ནན་པོ་གསུངས་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ Reuters  གསར་ཁང་གི་བཅར་འདྲིར་བཀའ་ལན་མཛད་སྐབས་མ་འོངས་པར་༸སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་གིས་ངོས་འཛིན་བྱས་པའི་གཅིག་བཅས་གཏན་འབེབས་བྱུང་ཚེ། མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་སྟབས་རྒྱ་ནག་ལ་དཀའ་ངལ་འཕར་མ་ཞིག་ཆགས་ངེས་ཡིན་པར་བཀའ་ནན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་ཞག་མཛད་བཞིན་ཡོད་སྟབས་༸སྐུའི་ཡང་སྲིད་དེ་རྒྱ་གར་རང་དབང་ལུང་པའི་ནང་ལ་འཁྲུངས་སྲིད་སྐོར་བཀའ་བསྩལ་ཡོད་པ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་དེ་༸རྒྱལ་མཆོག་༸རྗེ་དགེ་འདུན་གྲུབ་པའི་དགུང་གྲངས་ཙམ་དུ་ཕེབས་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་མི་གཙོས་པའི་དད་ལྡན་མང་ཚོགས་རྣམས་ལ་གོ་བསྡུར་གྱིས་༸རྒྱལ་དབང་༸སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་གནང་རྒྱུ་ཡིན་པ་མ་ཟད། གལ་སྲིད་༸སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དགོས་གལ་དུ་གཟིགས་ཚེ་དེའི་གནང་སྒོའི་འགན་དབང་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་གཞན་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་ཚོས་མཚོན་པའི་སྲིད་དབང་འཛིན་པ་སུ་ཞིག་ལའང་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་ཞུ་མི་དགོས་པ་བཅས་ཀྱི་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད།  

སངས་རྒྱས་ཀྱི་བཀའ་བསྟན་འགྱུར་དེ་ཚོ་སློབ་དེབ་ནང་བཞིན་སློབ་སྦྱོང་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་ཕྱི་ལུགས་ལྟར་དགུང་ལོ་བརྒྱད་ཅུ་གྱ་བཞིར་སོན་པ་ལྟར། དགུང་ནའི་བབ་དང་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ཆ་ནས་ད་ཆ་༸མགོན་པོ་གང་ཉིད་ཀྱི་ཕྱི་ཕྱོགས་ཀྱི་མཛད་འཆར་ཡོད་ཚད་ཉུང་འཕྲི་བྱས་ཏེ་བཞུགས་སྒར་གྱི་ཁུལ་དུ་སྐུ་བཞུགས་གནང་བཞིན་ཡོད་ནའང་།  ད་སྐབས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་མི་གྲངས་མང་པོ་ཆེད་དུ་རྡ་སར་བཅར་སྟེ་མགོན་པོ་གང་ལ་མཇལ་བཅར་ཞུ་མཁན་རྒྱུན་ཆད་མེད་པར་ཡོང་བཞིན་པ་ལྟར། དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་བདུན་ཕྲག་གཅིག་གི་ནང་དུ་ཐེངས་གསུམ་ལ་མཇལ་བཅར་བ་རྣམས་ལ་མཇལ་ཁ་སྩོལ་རྒྱུའི་གོ་སྐབས་གནང་གི་ཡོད་པ་རེད། དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཅར་སྐབས་རྒྱལ་སྒོའི་ཕྱི་ཕྱོགས་སུ་ཨུ་རུ་སུ་དང་ལྷོ་ཀོ་རི་ཡ། དེ་བཞིན་རྒྱལ་གར་ལྷོ་ཕྱོགས་དང་འབྲུག་བཅས་ནས་ནས་གཟབ་འཕྱོར་ལེགས་པར་སྤྲོས་པའི་ཕྱི་རྒྱལ་མི་རིགས་མང་དག་ཅིག་མཇལ་རྒྱུ་འདུག་པ་དང་། དེའི་ཁོངས་སུ་དུས་རྒྱུན་ནས་སློབ་གྲྭ་དང་སྨན་ཁང་སོགས་ཆེད་འཛུགས་ཀྱིས་ཨེ་ཤ་ཡའི་རྒྱལ་ཁབ་སྐྱོ་བོ་ཁག་ལ་རོགས་རམ་བྱེད་མཁན་ལྷོ་ཀོ་རི་ཡའི་བཙུན་མ་ Neung Haeng ལགས་དང་ཕྱག་རོགས་ཁག་གཅིག་འདུག་པ་དང་། ཁོང་གིས་མཇལ་ཁའི་སྐབས་༸གོང་ས་མཆོག་ལ་ཁོ་མོས་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་གདན་ཞུས་ཀྱིས་ནང་ཆོས་ཀྱི་སློབ་སྦྱོང་གནང་རྒྱུདང་དེ་བཞིན་ཀོ་རི་ཡའི་ནང་༸དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ཁག་གཅིག་གི་སྐོར་ལ་བཀའ་སློབ་ལམ་སྟོན་ཞུས་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་མཇལ་ཁའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ་༸གོང་ས་མཆོག་གིས་སྐབས་དེར་ལྷོ་ཀོ་རི་ཡའི་དད་ལྡན་དེ་དག་གི་ཕྱག་ལས་ལ་བསྔགས་བརྗོད་མཛད་པ་དང་འབྲེལ། ནང་པའི་ཆོས་ལ་ཐུགས་སྣང་དང་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་དེ་ཚོ་སློབ་དེབ་ལྟ་བུར་བརྩིས་ནས་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བསྩལ་འདུག   ཡང་མཇལ་མང་ཁྲོད་དུ་རྡ་སར་ལོ་མང་གི་རིང་ལ་ནང་ཆོས་སྦྱངས་ནས་སྒོམ་སྒྲུབ་བྱེད་བཞིན་པའི་ཀོ་ར་ཡའི་བཙུན་མ། བསྟན་འཛིན་སྒྲོན་གསལ་ལགས་ཀྱིས་མིག་ཟུང་ནས་མཆི་མ་ཐོན་བཞིན་དུ།   ཁོང་མོ་སྔོན་ཆད་ཐེངས་དང་པོ་རྒྱ་གར་ལ་སླེབས་དུས་བོད་དང་༸རྒྱལ་བ་རིན་པོ་ཆེའི་སྐོར་ལ་ཤེས་རྟོགས་ཅི་ཡང་མེད་ཀྱང་།  རྗེས་སུ་༸སྐྱབས་མགོན་རིན་པོ་ཆེ་མཇལ་དུས་རང་ཉིད་ལ་དམིགས་བསལ་གྱི་ཚོར་བ་ཞིག་བྱུང་བ་ལྟར།  འདི་གར་སློབ་སྦྱོང་བྱེད་ཞོར་གཞན་དོན་གྱི་ཆེད་དུ་ཕྱག་ལས་གནང་གི་ཡོད་པར་འགྲེལ་བརྗོད་གནང་གི་འདུག མ་ཟད་དེ་རིང་གི་མཇལ་མང་ཁྲོད་མི་གྲངས་ ༡༥ ལས་གྲུབ་པའི་རྒྱ་གར་ལྷོ་ཕྱོགས་Chennai ནས་ཕེབས་པའི་ནང་མི་ཞིག་འདུག་པ་ནི། ནང་དེའི་པ་ལགས་སྐུ་ཞབས་Ravi kumar ལགས་ཀྱི་སྐྱེས་སྐར་དང་སྟབས་བསྟུན་ཆེད་དུ་བཞུགས་སྒར་དུ་ཕེབས་པ་དང་འབྲེལ་དེ་རིང་༸གོང་ས་མཆོག་གི་མཇལ་བཅར་ཞུས་པ་ཞིག་རེད་འདུག     ངའི་སྐྱེས་སྐར་དང་སྟབས་བསྟུན་ནས་འདི་གར་༸གོང་ས་སྐྱབས་མགོན་ཆེན་པོ་དང་མཇལ་བས་དགའ་ཚོར་དཔག་མེད་སྐྱེས་བྱུང་།    ༸མགོན་པོ་གང་ཉིད་ཀྱིས་ང་ཚོར་དེང་རབས་ཀྱི་དངོས་གཙོ་རིང་ལུགས་གཅིག་པོ་མ་ཡིན་པར་གཙོ་བོ་རྒྱ་གར་གྱི་ནང་དུ་གནའ་བོའི་རིག་གཞུང་ཉར་ཚགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་སྟེ།  མི་སྒེར་སུ་ཞིག་ཡིན་རུང་སེམས་ཞི་བདེ་གནས་དགོས་གལ་དང་།  དེ་བཞིན་དེང་རབས་ཀྱི་རྡུལ་ཕྲན་གྱི་རྣམ་བཞག་སོགས་ཀྱི་ཐད་ནས་ཀྱང་བཀའ་གནང་སོང་། ང་རང་ཕྱིར་ལྷོ་ཕྱོགས་སུ་སོང་སྟེ་༸སྐྱབས་མགོན་རིན་པོ་ཆེ་ཡིས་གསུང་བ་དག་ལག་ལེན་གྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་ཀྱི་ཐོག་ལ་མི་མང་ལ་གོ་རྟོགས་སྤེལ་རྒྱུ་ཡིན། དེ་བཞིན་སྐབས་དེར་ཨུ་རུ་སུ་ནས་ཕེབས་པའི་མཇལ་བཅར་བ་ཞིག་ལ་མགོན་པོ་གང་མཇལ་བའི་ཚོར་བ་ཅི་བྱུང་གི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས།  ༸གོང་ས་མཆོག་ཐེངས་གསུམ་མཇལ་མྱོང་ཡོད་པ་དང་། ག་དུས་ཁོང་མཇལ་བ་ཡིན་ན།   རང་ཉིད་ལ་སྟོབས་ཤུགས་གསར་བ་ཞིག་སླེབས་པ་ལྟ་བུའི་ཚོར་བ་བྱུང་གི་ཡོད་པ་དང་། ཐེངས་འདིར་ཀྱང་ཁོང་ལ་མཇལ་སྐབས་མགོན་པོ་གང་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་རང་གི་གཉེན་འབྲེལ་རྣམས་ལ་ཐུགས་སྨོན་སྐྱབས་འཇུག་ཞུས་སོང་ཞེས་དགའ་ཚོར་ཆེན་པོའི་འགྲེལ་བརྗོད་བྱས་སོང་།  

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ལ་བོད་མིས་ཁས་ལེན་གནང་མི་སྲིད་ཅེས་གསུངས་སོང་།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་མཆོག་ནས་རྒྱ་གཞུང་གིས་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་ལ་མ་བརྟེན་པར་མུ་མཐུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་ཆབ་སྲིད་ཀྱི་དགོས་དབང་རྐྱང་པའི་འོག་ནས་བཙན་དབང་གིས་སྐད་ཆ་བཤད་པ་འབའ་ཞིག་ཡིན་པར་སྐྱོན་བརྗོད་དང་སྦྲགས། མ་འོངས་པར་རྒྱ་གཞུང་གིས་འདེམས་སྒྲུག་བྱས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ལ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་གཙོ་གྱུར་ནང་པ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་ལེན་དང་དད་མོས་གནང་གི་མ་རེད་ཅེས་མངོན་གསལ་གནང་སོང་། ཉེ་སྔོན་༸གོང་ས་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྔ་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གསར་ལམ་ཁག་གཅིག་ལ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དང་མགོན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐད་བཀའ་ལན་བསྩལ་རྗེས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་ Wang Neng Sheng དང་པེ་ཅིང་དུ་རྟེན་བྱས་པའི་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་སྤྱི་ཁྱབ་ Zha Luo གཉིས་ནས་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་སྐོར་སྐྱོད་ལ་ཕེབས་པའི་རྒྱ་གར་གྱི་གསར་འགོད་སྡེ་ཁག་ཞིག་གི་དྲི་བར་ལན་འདེབས་དང་འབྲེལ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་ངོས་འཛིན་མེད་པར་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་གཅིག་བཙན་བྱོལ་དང་ཡང་ན་རྒྱལ་ཁབ་གང་དུའང་༸སྐུ་འཁྲུངས་རུང་དེར་ངོས་ལེན་རྩ་བ་ནས་མེད་སྐོར་ནན་བརྗོད་བྱས་པ་མ་ཟད། གནད་དོན་དེའི་ཐད་རྒྱ་གར་གཞུང་ལ་ཐེ་བྱུས་གནང་རྒྱུའི་དབང་ཆ་གང་ཡང་མེད་པ་དང་གལ་ཏེ་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ཟེར་བས་བདམས་པའི་༸སྐུའི་ཡང་སྲིད་ལ་ངོས་འཛིན་ཞུ་ཚེ་དེས་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་གནད་དོན་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཁ་སང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་དེ་འབྲེལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་དེ་སྔ་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཁ་གསལ་བཀའ་གནང་ཟིན་ཡོད་པ་དང་ལྷག་དོན་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཆོས་ཚོགས་ཐེངས་ ༡༡ ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྩལ་ཡོད་པ་སོགས་ལུང་འདྲེན་གནང་སྟེ། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གདམ་ཕྱོགས་ནི་སྲོལ་རྒྱུན་རང་བཞིན་གྱི་༸སྐུ་སྒེར་གྱི་འགན་དབང་ཡིན་པ་དང་ཡང་སྲིད་དང་འབྲེལ་བའི་ལམ་སྟོན་རྣམས་དེ་སྔ་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ལམ་ནས་ཁ་གསལ་བཀའ་བསྩལ་ཟིན་ཡོད་སྟབས། རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་མེད་པར་ནན་བརྗོད་གནང་བ་མ་ཟད། ད་ཆ་གནད་དོན་དེའི་ཐད་གླེང་སློང་དང་བགྲོ་གླེང་བྱ་དགོས་དོན་གང་ཡང་མེད་ཅེས་ནན་བརྗོད་གནང་སོང་། རྔ་བ་ཚེ་རྒྱམ་ལགས་ཀྱིས་ད་དུང་སྤྱིར་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བཤད་པའི་སྐད་ཆ་དེ་དག་གི་ནང་དོན་ཡོངས་རྫོགས་བསྐྱར་ཟློས་ཤ་སྟག་ཡིན་པ་དང་རྒྱ་གཞུང་གིས་ད་བར་འདས་པའི་ལོ་རྒྱུས་ནས་བསླབ་བྱ་ནམ་ཡང་མ་ལེན་པར་མུ་མཐུད་དེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་ཆབ་སྲིད་ཀྱི་དགོས་དབང་རྐྱང་པའི་འོག་ནས་བཙན་པོའི་དབང་ཡོད་ཀྱི་སྐད་ཆ་འབའ་ཞིག་ཡིན་པར་སྐྱོན་བརྗོད་དང་སྦྲགས་ཏེ། འདི་ལྟ་བུའི་གནས་བབས་དེར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་གཙོ་བོར་གྱུར་པའི་ནང་པ་སུས་ཀྱང་ཁས་ལེན་དང་དད་མོས་གནང་མི་སྲིད་པ་རེད་ཅེས་བསྐྱར་ནན་གནང་ཡོད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ Reuters  གསར་ཁང་གི་བཅར་འདྲིར་བཀའ་ལན་མཛད་སྐབས་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་༸གང་ཉིད་མཆོག་ལས་ལྷག་པའི་སེམས་ཁྲལ་བྱེད་བཞིན་ཡོད་པར་བཀའ་བསྩལ་དང་འབྲེལ། མ་འོངས་པར་༸སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་ནས་ངོས་འཛིན་བྱས་པའི་གཅིག་བཅས་གཏན་འབེབས་བྱུང་ཚེ་མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་སྟབས། རྒྱ་ནག་ལ་དཀའ་ངལ་འཕར་མ་ཞིག་ཆགས་ངེས་ཡིན་པར་བཀའ་ནན་བསྩལ་བ་མ་ཟད་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་མྱོང་ཡོད་སྟབས་༸སྐུའི་ཡང་སྲིད་དེ་རྒྱ་གར་རང་དབང་ལུང་པར་འཁྲུངས་སྲིད་སྐོར་བཀའ་བསྩལ་ཡོད་པ་རེད། སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་རྒྱ་ནག་ནང་ལོག་ནས་ངོས་འཛིན་ཞུ་དགོས་པ་ལས་བཙན་བྱོལ་དུ་འཁྲུངས་ན་འགྲིག་གི་མེད་སྐོར་འགྲེལ་བརྗོད་བྱས་པ་མ་ཟད། རྒྱ་གཞུང་གིས་ངོས་འཛིན་མེད་པའི་༸སྐུའི་ཡང་སྲིད་ཞིག་ལ་རྒྱ་གར་གཞུང་ནས་ངོས་ལེན་གནང་ཚེ་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཟོ་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་ཁྲོད། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་དང་སྦྲགས་ཏེ། རྒྱ་གཞུང་འདི་ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་ལ་བརྩི་མེད་རྡོག་རོལ་བཏང་མཁན་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་མཁན། དེ་བཞིན་༸གོང་ས་མཆོག་ལ་གུས་བརྩི་མེད་མཁན་བཅས་ཆགས་ཀྱི་ཡོད་སྟབས་རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད་ཅེས་གསུངས་པ་འདུག ལ་ལས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་སྲོལ་རྒྱུན་རང་བཞིན་གྱི་༸སྐུ་སྒེར་གྱི་དབང་ཆ་ཡོད་སྟབས། རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཐད་ཐེ་གཏོགས་བྱས་པ་དེ་ནི་དུས་རབས་མང་པོར་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་ལུགས་ལ་རྩིས་མེད་བ་ཙམ་ཞིག་ཡིན་པར་སྐྱོན་བརྗོད་གནང་བཞིན་འདུག ༸སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

༸གོང་ས་མཆོག་གིས་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་མཆོག་ལ་འཚམས་འཕྲིན་བསྩལ་བ།

ཁ་སང་ཚེས་ ༡༨ ཉིན་འཇར་མ་ནིའི་བདེ་སྲུང་བློན་ཆེན་ལྕམ་སྐུ་ Ursula Von der Leyen མཆོག་ལ་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོར་མང་མོས་ཀྱི་རྒྱལ་ཁ་ཡོད་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འཕྲིན་བསྩལ་འདུག ༸གོང་ས་མཆོག་གིས་འཚམས་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་རྣམ་ཀུན་ནས་ཧ་ཅང་ཡིད་མོས་གནང་ས་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་པའི་ངོས་ནས་འདས་པའི་མི་ལོ་ ༦༠ ལྷག་གི་རིང་དེ་གའི་ཚོགས་མིའི་རྒྱལ་ཁབ་ཁྲོད་དང་དེ་བཞིན་ཡོ་རོབ་ས་ཁུལ་ཡོངས་སུ་ཞི་བདེ་གོང་སྤེལ་གནང་ཡོད་པའི་ཕྱག་ལས་ལ་བསྔགས་བརྗོད་མཛད་པ་དང་ཆབས་ཅིག ཡོ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཐོག་མར་གསར་འཛུགས་གནང་མཁན་རྣམས་ཀྱི་ཐོག་མའི་དམིགས་ཡུལ་གཞིར་བཟུང་སྒྲིག་འཛུགས་དེས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་ རྒྱལ་ཁབ་ཕན་ཚུན་དབར་འགྲིགས་འཇགས་དང་མཉམ་གནས་ཀྱི་སྒྲོམ་གཞི་བཟང་པོ་ཞིག་གི་འོག་ཏུ་རྒྱལ་ཁབ་སོ་སོའི་སྒེར་གྱི་ཁེ་ཕན་ལས་མང་ཚོགས་སྤྱིའི་ཁེ་ཕན་ལ་གཙིགས་ཆེ་བར་ངོས་འཛིན་གནང་ཡོད་ཅེས་བཀའ་བསྩལ་བ་མ་ཟད། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་དེ་ལྟ་བུ་ཞིག་ཨ་ཕི་ར་ཀ་དང་ལྷོ་ཨ་མི་རི་ཀ། དེ་བཞིན་ཨེ་ཤ་ཡ་ནང་བྱུང་ཐུབ་ཚེ་འཛམ་གླིང་ཁྱོན་ལ་ཞི་བདེ་གོང་སྤེལ་ཡོང་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ལྕམ་སྐུ་ Ursula Von der Leyen མཆོག་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མཁན་བེུད་དང་པོ་དེ་ཡིན་པར་དགའ་བསུ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་རྣམ་ཀུན་ནས་བཀའ་སློབ་བསྩལ་དོན་ལྟར་བེུད་ཀྱི་དབུ་ཁྲིད་མང་བ་བྱུང་ཚེ་གོ་ལའི་ཁྱོན་ཡོངས་ལ་གུ་བཤངས་དང་ཞི་བདེ་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ངེས་ཡིན་པ་ལམ་སྟོན་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་ཚོགས་གཙོ་ལྕམ་སྐུ་ Von der Leyen མཆོག་ནས་ དཀའ་ངལ་དག་ལ་གདོང་ལེན་གནང་བ་བརྒྱུད་ཕྱག་ལས་ཇི་གནང་ཐམས་ཅད་ལམ་ལྷོངས་ཡོང་བ་དང་ཡོ་རོབ་མཐུན་ཚོགས་དེ་སྔར་ལྷག་སྲ་བརྟན་ཡོང་བ་མ་ཟད། རྒྱལ་ཁབ་གཞན་གྱིས་ མིག་དཔེར་བཟུང་ནས་རྗེས་སུ་ཞུགས་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག གཞི་རྩའི་ལྕམ་སྐུ་ Von der Leyen མཆོག་ནི་ཕྱི་ལོ་ ༡༩༥༨ ཟླ་ ༡༠ ཚེས་ ༨ ཉིན་བྷེལ་འཇམ་གྱི་མངའ་སྡེ་ Ixelles ནང་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༩ བར་འཇར་མ་ནིའི་བདེ་སྲུང་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་ལྟར་འཇར་མ་ནི་ནང་བེུད་བདེ་སྲུང་བློན་ཆེན་ཆེས་ཐོག་མ་དེ་ཡིན་པ་མ་ཟད། ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་མཁན་བེུད་དང་པོ་དེའང་ཆགས་ཡོད་པ་རེད།

སྨན་པ་བཟང་པོ་ཞིག་ཆགས་པར་བྱམས་བརྩེ་ནི་མེད་དུ་མི་རུང་བ་ཞིག་རེད།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་རི་ Louisiana མངའ་སྡེའི་ New Orleans གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Tulane གཙུག་ལག་སློབ་གཉེར་ཁང་གི་སྨན་སློབ་ཁག་གཅིག་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སྨན་པ་བཟང་པོ་ཞིག་ཆགས་པར་བྱམས་བརྩེ་ནི་མེད་དུ་མི་རུང་བའི་ཁྱད་ཆོས་ཤིག་རེད་ཅེས་བཀའ་བསྩལ་འདུག  མགོན་པོ་༸གང་ཉིད་མཆོག་གིས་ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་སྨན་པ་གཅིག་དང་སྨན་སློབ་དགུ་ཙམ་ལ་འགྲོ་བ་མི་གཅིག་གྱུར་དང་།  བྱམས་བརྩེ།  བློའི་སྦྱོང་བརྡར། དེ་བཞིན་གཞན་ལ་གུས་བརྩི་ཞུ་དགོས་པ་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་བ་དང་ཆབས་ཅིག ནུབ་ཕྱོགས་ནས་ཕྱིའི་ལུས་པོའི་ཐོག་ཤེས་ཡོན་ཚད་ལྡན་གནང་ཡོད་ཀྱང་། ད་ཆ་ནང་སེམས་ཀྱི་སྦྱོང་བརྡར་ཐད་ཐུགས་སྣང་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་སྨན་པ་བཟང་པོ་ཞིག་ཆགས་པར་བྱམས་བརྩེ་ནི་མེད་དུ་མི་རུང་བའི་ཁྱད་ཆོས་ཤིག་ཡིན་པ་དང་སྒོས་སུ་སྨན་པའི་ངོས་ནས་ནད་པར་སྨན་བཅོས་གནང་སྐབས་རྣམ་འགྱུར་དྲག་པོ་མ་ཡིན་པར་ཞལ་འཛུམ་དམུལ་དམུལ་ཐོག་ནས་ནད་པར་བཅོས་ཚེ་དེས་ནད་པའི་སེམས་ཁམས་ལ་ཕན་ཐོགས་ཐུབ་ངེས་ཡིན་སྐོར་བཀའ་བསྩལ་འདུག  གཞི་རྩའི་འདས་པའི་བདུན་ཕྲག་ནང་ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་སྨན་སློབ་རྣམས་ནས་དྷ་རྨ་ས་ལ་གཙོ་གྱུར་ཉེ་འཁོར་དུ་ཡོད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོའི་འཕྲོད་བསྟེན་སྤྱི་ཡོངས་དང་། སོ། དེ་བཞིན་མིག་ལ་སོགས་པ་བརྟག་དཔྱད་ཞུས་ནས་སྤྱི་ཚོགས་ཞབས་ཞུ་གཉེར་ཡོད་པ་མ་ཟད་ད་རེས་སྤྱི་ཚོགས་ཞབས་ཞུའི་ལས་གཞི་དེ་ཐུ་ལན་གཙུག་ལག་སློབ་གཉེར་ཁང་དང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་ཤེས་ཡོན་ལྟེ་གནས་ཁང་དབར་ལོ་མང་རིང་གཉེར་བའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ཞིག་ཆགས་ཀྱི་ཡོད་པ་རེད།  རྩ་བའི་སྨན་སློབ་རྣམས་ནས་དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་འཕྲོད་བསྟེན་བརྟག་དཔྱད་གནང་སླད་དྲྭ་རྒྱ་བརྒྱུད་ནས་ཞལ་འདེབས་བསྡུ་རུབ་གནང་བཞིན་ཡོད་པ་དང་ཞལ་འེབས་ཇི་བྱུང་དེ་དག་ནད་མནར་ཛ་དྲག་ཡོད་རིགས་ལ་སྨན་ཁང་ཆེ་ཁག་ཏུ་སྨན་གཏུགས་གནང་རྒྱུའི་འགྲོ་གྲོན་སོགས་གནང་གི་ཡོད་པ་རེད།

རྒྱ་གར་གཞུང་ལ་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་གནང་རྒྱུ་མེད་པའི་ཉེན་བརྡ།

རྒྱ་ནག་གཞུང་གིས་༸གོང་ས་ཏྭ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་རྒྱ་ནག་ནང་ལོག་ནས་ངོས་འཛིན་ཞུ་དགོས་པ་ལས་བཙན་བྱོལ་དུ་འཁྲུངས་ན་འགྲིག་གི་མེད་སྐོར་འགྲེལ་བརྗོད་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་ངོས་འཛིན་མེད་པའི་༸སྐུའི་ཡང་སྲིད་ཞིག་ལ་རྒྱ་གར་གཞུང་ནས་ངོས་ལེན་གནང་ཚེ་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཟོ་སྲིད་པའི་ཉེན་བརྡ་བཏང་འདུག ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གསར་འཕྲིན་ཞིག་ལ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དང་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐད་བཀའ་ལན་བསྩལ་བའི་ཁྲོད་ཟླ་ ༧ ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་ Wang Neng Sheng ཡིས་བོད་ཀྱི་རྒྱལ་ས་ལྷ་སར་སྐོར་སྐྱོད་ལ་ཕེབས་པའི་རྒྱ་གར་གྱི་གསར་འགོད་སྡེ་ཁག་ཞིག་གི་དྲི་བར་ལན་འདེབས་དང་འབྲེལ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་ངོས་འཛིན་མེད་པར་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་ཅིག་བཙན་བྱོལ་དང་ཡང་ན་རྒྱལ་ཁབ་གང་དུའང་༸སྐུ་འཁྲུངས་རུང་དེར་ངོས་ལེན་རྩ་བ་ནས་མེད་སྐོར་ནན་བརྗོད་བྱས་པ་མ་ཟད། གནད་དོན་དེའི་ཐད་རྒྱ་གར་གཞུང་ལ་ཐེ་བྱུས་གནང་རྒྱུའི་དབང་ཆ་གང་ཡང་མེད་པ་དང་གལ་ཏེ་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ཟེར་བས་བདམས་པའི་༸སྐུའི་ཡང་སྲིད་ལ་ངོས་འཛིན་ཞུ་ཚེ་དེས་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་གནད་དོན་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་འདུག ལྷག་དོན་ Neng Sheng ཡིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་༸གོང་ས་མཆོག་༸སྐུ་སྒེར་དང་ཡང་ན་འཛམ་གླིང་རྒྱལ་ཁབ་གཞན་ནང་ཡོད་པའི་བོད་རིགས་ཁག་ཅིག་གིས་ཐག་གཅོད་བྱས་པའི་གནད་དོན་ཞིག་མ་ཡིན་པར་དེ་ལས་ལྷག་པའི་རྒྱ་ནག་དབུས་གཞུང་གི་བདག་དབང་འོག་ནས་ཁ་བྲལ་ཐབས་མེད་པའི་བོད་ཀྱི་ཆབ་སྲིད་དང་རྒྱལ་རབས་ལོ་རྒྱུས་སོགས་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཡིན་སྐོར་བརྗོད་པ་དང་ཆབས་ཅིག ལོ་རྒྱུས་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་གསེར་བུམ་དཀྲུགས་ཏེ་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་བཀའ་འཁྲོལ་ཐོག་ནས་ཐག་གཅོད་བྱས་ཡོད་ཚུལ་བརྗོད་པ་མ་ཟད། ༸གོང་ས་༸སྐུ་འཕྲེང་ ༡༤ མཆོག་ཀྱང་རྒྱ་ནག་གཞུང་ནས་ངོས་འཛིན་ཞུས་པ་ཞིག་ཡིན་ཚུལ་དང་། རྒྱ་གཞུང་ནས་ངོས་ལེན་མེད་པའི་ཏཱ་ལའི་བླ་མར་ཁྲིམས་ཀྱི་ཐོག་ནས་གནས་བབས་གང་ཡང་ཡོད་མ་རེད་ཅེས་འགྲེལ་ལོག་བྱས་འདུག པེ་ཅིང་དུ་རྟེན་བྱས་པའི་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་སྤྱི་ཁྱབ་ Zha Luo ཟེར་བས་ཁ་སང་རྒྱ་གར་གྱི་གསར་འགོད་པ་ཞིག་གིས་དྲི་བར་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་དག་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་སྟབས་གལ་ཏེ་རྒྱ་གར་གྱི་ངོས་ནས་མ་འོངས་པར་རྒྱ་གཞུང་ནས་ངོས་འཛིན་མེད་པའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ལ་ངོས་ལེན་ཞུ་ཚེ་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཟོ་སྲིད་པར་བརྟེན་རྒྱ་གར་གྱི་ཤེས་ལྡན་དབུ་ཁྲིད་ཚོའི་ངོས་ནས་དེ་ལྟར་མི་གནང་བའི་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བརྗོད་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ Reuters  གསར་ཁང་གི་བཅར་དྲིར་བཀའ་ལན་མཛད་སྐབས་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་༸གང་ཉིད་མཆོག་ལས་ལྷག་པའི་སེམས་ཁྲལ་བྱེད་བཞིན་ཡོད་པ་བཀའ་བསྩལ་དང་འབྲེལ། མ་འོངས་པར་༸སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་གིས་ངོས་འཛིན་བྱས་པའི་གཅིག་བཅས་གཏན་འབེབས་བྱུང་ཚེ་མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་སྟབས། རྒྱ་ནག་ལ་དཀའ་ངལ་འཕར་མ་ཞིག་ཆགས་ངེས་ཡིན་པར་བཀའ་ནན་བསྩལ་བ་མ་ཟད་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་མྱོང་ཡོད་སྟབས་༸སྐུའི་ཡང་སྲིད་དེ་རྒྱ་གར་རང་དབང་ལུང་པར་འཁྲུངས་སྲིད་སྐོར་བཀའ་བསྩལ་ཡོད་པ་རེད། རྒྱ་ནག་གཞུང་གིས་གང་བཤད་མིན་ལ་ལྟོས་མེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་དེ་སྔ་ཕྱི་ལོ་ ༢༠༡༡ ཟླ་ ༩ པའི་ནང་ཚོགས་པའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་དེ་༸རྒྱལ་མཆོག་༸རྗེ་དགེ་འདུན་གྲུབ་པའི་དགུང་གྲངས་ཙམ་དུ་ཕེབས་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་མི་གཙོས་པའི་དད་ལྡན་མང་ཚོགས་རྣམས་ལ་གོ་བསྡུར་གྱིས་༸རྒྱལ་དབང་༸སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་གནང་རྒྱུ་ཡིན་པ་མ་ཟད། གལ་སྲིད་༸སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དགོས་གལ་དུ་གཟིགས་ཚེ་དེའི་གནང་སྒོའི་འགན་དབང་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་གཞན་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་ཚོས་མཚོན་པའི་སྲིད་དབང་འཛིན་པ་སུ་ཞིག་ལའང་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་ཞུ་མི་དགོས་པ་བཅས་ཀྱི་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད།  

Latest news