Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཆོས་ཆོས་སུ་འགྲོ་མིན་དེ་སེམས་རྒྱུད་འདུལ་མིན་ལ་རག་ལས་ཡོད།

རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་མ་ན་ལི་ཁུལ་གྱི་འོན་མངའ་རི་གྲྭ་ཚང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་ཆོས་ཀྱི་མཛད་འཕྲིན་ཁག་གཅིག་ལེགས་པར་བསྐྱངས་གྲུབ་ཡོད་པ་རེད། ཁ་སང་ཉིན་མཐའ་མའི་བཀའ་ཆོས་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ནང་གི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀྲིན་བསྩལ་བ་མ་ཟད། ཆོས་འབྲེལ་སྐབས་སུ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས་དང་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་བསྩལ་བ་དང་སྦྲགས། ད་རེས་ཁུལ་འདིར་ཉིན་གྲངས་བཞིའི་རིང་ལ་བཀའ་ཆོས་བསྩལ་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ལྷག་དོན་ཆོས་ཞུ་བ་ཚོའི་ངོས་ནས་བཀའ་ཆོས་ཞུས་པའི་དགོས་དམིགས་གཙོ་བོ་དེ་སེམས་རྒྱུད་འདུལ་དང་མ་འདུལ་དེར་རག་ལུས་ཡོད་པ་ལྟར་རྒྱུན་དུ་སོ་སོའི་སེམས་ལ་དཔྱད་ནས་ཉོན་མོངས་ལ་འགྱུར་བ་ཞིག་འགྲོ་དགོས་སྟབས་ཉིན་རེར་ཉུང་མཐར་མ་ཎི་ཕྲེང་སྐོར་རེ་འདོན་ཐུབ་པ་དང་། ཁྱད་པར་དུ་ཚེ་འདི་དང་ཕྱི་མ། གནས་སྐབས་དང་མཐར་ཐུག་གཉིས་ཀྱི་འདོད་དོན་གྲུབ་པར་ཐབས་ལམ་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་ཡིན་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ཉིན་གྲངས་བཞིའི་རིང་ལ་བཀའ་ཆོས་ཞུས་རྗེས་ཕྱིར་རང་ཁྱིམ་དུ་ལོག་སྐབས་ཁྱིམ་མཚེས་ཚོས་མི་བཟང་དུ་ཕྱིན་པའི་རྣམ་པ་མངོན་ཐུབ་པ་ཞིག་བྱེད་དགོས་པ་སོགས་ཆོས་ཉམ་ལེན་གནང་དགོས་གལ་ཡིན་སྐོར་སོགས་ལམ་སྟོན་བཀྲིན་ཆེ་བ་ནན་བསྩལ་མཛད་ཡོད། འོན་མངའ་རི་གྲྭ་ཚང་ནས་གསོལ་འདེབས་ཞུས་པའི་ཁ་སང་ཉིན་མཐའ་མའི་བཀའ་ཆོས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་དགེ་བཤེས་གླང་རི་ཐང་པ་ནི་རྒྱུན་དུ་བྱང་ཆུབ་སེམས་ལ་དགོངས་པ་ཧ་ཅང་བཞེད་ཏེ་དུས་རྟག་ཏུ་ཉམ་ཐག་པའི་སེམས་ཅན་གྱི་སྡུག་བསྔལ་ལ་དགོངས་བཞེད་གནང་མཁན་ཞིག་ཡིན་པ་ཟད། ༸གོང་ས་མཆོག་ནས་གླང་ཐང་ཚིག་བརྒྱད་དེ་སྟག་བྲག་རིན་པོ་ཆེ་དང་ཡོངས་འཛིན་གླིང་རིན་པོ་ཆེ། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བཅས་ཀྱི་༸སྐུ་མདུན་ནས་ཞུས་ཡོད་པ་དང་། གླང་ཐང་ཚིག་བརྒྱད་མ་འདི་ཚིག་ཉུང་ལ་བྱང་ཆུབ་ཀྱི་སེམས་སྐོར་ལ་དོན་ཟབ་པའི་ནུས་པ་ཆེན་པོ་ལྡན་ཡོད་པར་བཀའ་བསྩལ་ཏེ་བློ་སྦྱོང་ཚིག་བརྒྱད་མ་དང་ལག་ལེན་སོ་མདུན་མའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༢༧ བར་༸སྐུ་ངལ་གསོ་བཞུགས་དང་འབྲེལ་འདི་ག་མ་ནི་ལི་འོན་མངའ་རི་གྲྭ་ཚང་དུ་མུ་མཐུད་བཞུགས་ཞག་མཛད་རྒྱུ་དང་། དེ་རྗེས་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀའི་གྲོར་ཁྲེར་  Mangaluru  ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་མ་ན་ལི་གྲོང་ཁྱེར་ནང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་བསྩལ་སོང་། དེ་རིང་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ཆུ་ཚོད་ ༩ ཙམ་ནས་དབུ་འཛུགས་མཛད་པའི་ཆོས་འབྲེལ་ཐོག་ཁུལ་འདིའི་ས་གནས་ཀྱི་དད་ལྡན་རྣམས་གཙོ་གྱུར་ཉེ་འབྲེལ་ས་གནས་ལ་དྭགས། ཁུ་ནུ། ཟངས་དཀར། སྤི་ཏི་སོགས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་པ་དག དེ་བཞིན་ཕྱི་རྒྱལ་མི་རིགས། བོད་མི་བཅས་ཁྱོན་ཆོས་ཞུ་བ་མི་གྲངས་ ༨༠༠༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དབང་གི་སྔོན་འགྲོའི་སྤྱི་བཤད་དང་འབྲེལ་ཏེ་འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་པའི་ལྷ་སྐལ་ཞིག་ཡིན་པ་མ་ཟད་༸གོང་ས་ལྔ་པ་ཆེན་པོར་དག་སྣང་བྱུང་བ་ཞིག་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸གང་ཉིད་མཆོག་༸སྐུ་ན་ཕྲ་དུས་སྐབས་ནས་གསང་བ་རྒྱ་ཆེན་གྱི་ཆོས་འཁོར་དེ་དག་སྟག་བྲག་རིན་པོ་ཆེའི་༸སྐུ་མདུན་ནས་ཞུས་པ་དང་། ཚེ་སྒྲུབ་ཀྱི་ཁྲིད་དེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་༸སྐུ་མདུན་ནས་ཞུས་པ་སོགས་བཀའ་ཆོས་བཀྲིན་བསྐྱངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ད་དུང་མགོན་པོ་༸གང་ཉིད་མཆོག་གི་ངོས་ནས་བོད་ཀྱི་སྔོན་བྱོན་མཁས་པ་ཚོས་གང་ཟག་དགོས་མཚན་དང་བསྟན་པ་སྤྱི་མཚན་གསུངས་པ་དེ་མདོ་སྔགས་གཉིས་ལ་སྦྱར་ནས་གསུངས་ཡོད་པ་དང་། དེའང་མདོ་སྔགས་གཉིས་ལས་མདོ་ལམ་དེ་བསྟན་པ་སྤྱི་མཚན་དང་སྔགས་ལམ་དེ་གང་ཟག་དགོས་མཚན་དུ་དགོངས་ནས་གསུངས་ཡོད་པར་བཀའ་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་བོད་ནང་གང་ཟག་དགོས་མཚན་དབང་དུ་གནང་སྟེ་རྒྱུད་སྡེའི་ཆོ་གར་དོ་སྣང་ཆེན་པོ་གནང་ནས་བསྟན་པ་སྤྱི་མཚན་ལ་སྨན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པའི་སྐོར་གྱི་སློབ་སྦྱོང་ལ་མ་འདང་བར་གཟིགས་ཏེ་རྒྱ་གར་དུ་འབྱོར་མ་ཐག་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་མཚོན་པའི་སྔགས་ཀྱི་ཆོ་ག་གནང་མཁན་ཚོར་གཞུང་ཆེན་ལ་སློབ་གཉེར་གནང་དགོས་པའི་ལམ་སྟོན་བསྐྱར་ནན་བསྩལ་སྐོར་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་རེས་མ་ན་ལི་ཁུལ་གྱི་བཀའ་ཆོས་འདི་དག་དྲྭ་རྒྱའི་ཐོག་ཐད་སྲིང་གནང་བཞིན་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་དྲྭ་རྒྱའི་ཐོག་ནས་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་གསན་མཁན་ས་ཕྱོགས་ཉེ་རྒྱང་ལ་ལྟོས་མེད་དད་དམ་གཙང་མའི་ཐད་ནས་དམིགས་པ་བཟང་པོས་བཀའ་དབང་ཞུ་ཚེ་བཀའ་དབང་གི་བྱིན་རླབས་འཐོབ་རྒྱུ་ཡིན་པར་བཀའ་བསྩལ་ཡོད། གཞི་རྩའི་ཐོག་མའི་མཛད་འཆར་གཞིར་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་མ་ན་ལའི་བཀའ་ཆོས་ཁག་ཕྱི་ཚེས་ ༡༣ ནས་མུ་མཐུད་ཉིན་གྲངས་གསུམ་གྱི་རིང་བཀྲིན་བསྐྱང་འཆར་ཡོད་ཀྱང་། ཁ་ཉིན་ཕྱི་ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་ཀྱི་རིང་བར་གསེང་བཞག་རྗེས་དེ་རིང་མགོན་པོ་༸གང་ཉིད་མཆོག་ནས་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་ཡོད་པ་དང་། སང་ཉིན་༸གོང་ས་མཆོག་ནས་བློ་སྦྱོང་ཚིག་བརྒྱད་མ་དང་རྒྱལ་སྲས་ལག་ལེན་སོ་མདུན་མའི་བཀའ་ཆོས་བཀྲིན་བསྩལ་རྒྱུ་ཡིན་པ་རེད།

དབང་རྣོན་ཆོས་ཀྱི་རྗེས་འབྲང་པ་བྱེད་ཐུབ་ཚེ་སངས་རྒྱས་པའི་ཆོས་འདི་མ་འོངས་པར་མུ་མཐུད་གནས་ཀྱི་རེད།

དེ་རིང་མ་ན་ལི་ཁུལ་གྱི་ཉིན་གཉིས་པའི་བཀའ་ཆོས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འབྲེལ་གྱི་ཆོས་འབྲེལ་དང་། མགོན་པོ་༸གང་ཉིད་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡཱའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཀའ་ལུང་བཅས་བཀྲིན་བསྩལ་སོང་།   མ་ན་ལི་ཁུལ་དུ་ཁ་སང་ཕྱི་དྲོ་ནས་ཆར་ཤུགས་ཆེན་པོ་བབས་ཡོད་པ་མ་ཟད། དེ་རིང་སྔ་དྲོའང་སིལ་ཆར་མུ་མཐུད་འབབ་བཞིན་པའི་ཁྲོད་༸གོང་ས་མཆོག་གིས་ཆོས་ཞུ་བ་མི་གྲངས་ ༥༠༠༠ བརྒལ་བ་དེ་དག་ལ་ཐོག་མར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཀའ་ལུང་བཀྲིན་བསྩལ་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་ནི་ང་ཚོར་རྣམ་དཔྱོད་ཀྱི་བློ་མིག་ཕྱེ་མཁན་གཞུང་གལ་འགངས་ཆེན་པོ་ཞིག་དང་། རྒྱུན་དུ་གཞུང་དེ་དག་ལ་དོ་སྣང་གནང་ཚེ་དབང་རྣོན་ཆོས་ཀྱི་རྗེས་འབྲང་པའི་དད་པ་ཐོབ་རྒྱུ་མ་ཟད། མ་འོངས་པའི་དུས་རབས་ནང་དུའང་ནང་པ་སངས་རྒྱས་པའི་ཆོས་འདི་མུ་མཐུད་གནས་ཐུབ་ཀྱི་རེད་ཅེས་བསྩལ་ནན་བསྩལ་ཡོད།  འོན་ཀྱང་ད་ལྟའི་མི་རབས་ཚོས་སྔོན་གྱི་མི་རབས་རྒན་པ་ལྟར་སྐྱབས་སུ་མཆིའོ་ཞེས་དད་པ་ཙམ་ལ་བརྟེན་ནས་དབང་རྟུལ་དད་པའི་རྗེས་འབྲང་པ་ཞིག་གནང་ཚེ་ནང་པ་སངས་རྒྱས་པའི་ཆོས་འདི་དུས་རབས་འདི་ཙམ་མ་གཏོགས་གནས་ཐུབ་རྒྱུ་ཁག་པོ་ཡིན་པ་སོགས་ལམ་སྟོན་བསྩལ་བ་དང་ཆབས་ཅིག ས་གནས་ཀྱི་དགོན་པ་སོ་སོའི་ངོས་ནས་ཀྱང་ཆོ་ག་ཕྱག་ལེན་ཙམ་ལ་མ་བརྟེན་པར་སངས་རྒྱས་པའི་གཞུང་དག་ལ་བསླབ་པ་སློབ་གཉེར་གནང་དགོས་པའི་བཀའ་བསྩལ་སོང་།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རྗེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་ནི་སྨྲ་བ་ཟླ་མེད་པའི་སྟོན་པ་གཉིས་པ་ལྟ་བུ་ཞིག་ཡིན་པ་དང་། ལྷག་པར་དུ་མདོ་སྔགས་གཉིས་ཀྱི་ཐོག་ལ་རིག་པའི་ལམ་ནས་གཏན་ལ་ཕབ་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་སྐོར་སོགས་བསྟོད་པ་ཕུལ་ཏེ་བྱང་ཆུབ་སེམས་འབྲེལ་གྱི་བཀའ་ཆོས་དངོས་གཞི་དབུ་འཛུགས་བསྐྱངས་ཡོད་པ་རེད།    གཞི་རྩའི་དེ་རིང་ནས་བཟུང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་བཀའ་ཆོས་ཁག་སྐད་ཡིག་གསུམ་གྱི་ཐོག་ལ་གསུང་སྒྱུར་གནང་བཞིན་ཡོད་པ་མ་ཟད་དྲྭ་རྒྱའི་བརྒྱུད་ཐད་གཏོང་ཡང་གནང་གི་འདུག དེ་རིང་གི་བཀའ་ཆོས་བསྩལ་གྲུབ་པའི་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་རྒྱ་གར་གྱི་རང་བཙན་ཐོབ་པའི་ཉིན་མོ་དང་བསྟུན་ཆོས་འབྲེལ་ཉིན་གཉིས་རིང་ཕྱིར་འགྱངས་ཀྱིེས་བློ་སྦྱོང་ཚིག་བརྒྱད་མ་དང་ལག་ལེན་སོ་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཕྱི་ཚེས་ ༡༧ ཉིན་བསྩལ་རྒྱུ་ཡིན་པའི་བཀའ་བསྩལ་ཡོད་པ་རེད།

༸གོང་ས་མཆོག་ཕྱི་ཟླ་བཅིུས་ནང་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་གཉིས་ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་གདན་ས་དགའ་ལྡན་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་སོགས་སུ་བཀའ་ཆོས་ཀྱི་མཛད་འཕྲིན་བསྐྱང་སླད་ཆིབས་བསྒྱུར་བཀའ་དྲིན་མཛད་གཏན་ཁེལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒྱུ་གླིང་བོད་མིའི་གཞིས་གཞིས་སྒར་དུ་༸ཞབས་སོར་འཁོད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་གྱི་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ་དང་། དེ་ཉིན་ཁུལ་དེར་འཚོགས་གཏན་ཁེལ་བའི་ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་དབུ་འཛུགས་གནང་སྟེ་ལོ་ངོ་དྲུག་འཁོར་བའི་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་འདུག མགོན་པོ་༸གང་ཉིད་མཆོག་གིས་ཚེས་ ༡༥ ནས་ ༡༧ བར་དད་ལྡན་མང་ཚོགས་རྣམས་ལ་སྔར་ལོའི་ལོ་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་བཀའ་དྲིན་བསྐྱངས་པའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་། དེ་བཞིན་ཚེས་ ༢༠ ནས་ ༢༢ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་དགའ་ལྡན་གྲྭ་ཚང་དགེ་ལུགས་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་དད་ལྡན་མང་ཚོགས་ལ་བཀའ་ཆོས་དང་བཀའ་སློབ་བསྩལ་རྒྱུ། ཁུལ་དེའི་ནང་གི་མཛད་འཆར་མཐའ་མ་སྟེ་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་བླ་སྤྱིར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་གྲྭ་ཚང་ཁག་ལྷན་རྒྱས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་མ་ན་ལི་གྲོང་ཁྱེར་ནང་དད་ལྡན་མང་ཚོགས་ལ་བཀའ་ཆོས་ཀྱི་མཛད་འཕྲིན་ཁག་གཅིག་སྐྱོང་བཞིན་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ ཉིན་གསུམ་རིང་གི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐེ་ལན་ཌི། ཝི་ཏི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་ཞུས་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། མདོ་ཁམས་ཆུ་སྒང་། སྤྱི་མཐུན་མཉམ་འབྲེལ། འབྲུག་སྡོད་བོད་མི། གོ་འཇོ་བཅས་ཚོ་ཁག་ལྔ་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། གཞན་ཡང་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རྨ་ས་ལར་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཉིན་གྲངས་གསུམ་རིང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཟླ་ ༡༡ ཚེས་ ༤ ནས་ ༦ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་རིང་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

ངོས་ཀྱིས་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད།

དེ་རིང་ཟླ་ ༨ ཚེས་ ༡༣ ཉིན་ཧི་མཱ་ཅལ་མངའ་ཁོངས་མ་ན་ལི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འོན་མངའ་རིས་མགོན་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་གསུམ་རིང་བཀྲིན་བསྩལ་རྒྱུའི་བཀའ་ཆོས་དངོས་གཞི་དབུ་འཛུགས་བསྐྱངས་ཡོད་པ་དང་། མ་ན་ལི་གྲོང་སྡེ་ལྷན་ཚོགས་ཀྱི་སྣུམ་འཁོར་བཀག་འཇོག་ཐང་ཆེན་དུ་གོ་སྒྲིག་ཞུས་པའི་བཀའ་ཆོས་ཆེས་ཐོག་མའི་ཐོག་ས་ཁུལ་དེའི་བོད་མི་དང་། ས་གནས་ཀྱི་ནང་པའི་ཡུལ་མི། དོན་གཉེར་ཅན། ཕྱི་ནང་གི་དད་ལྡན་སེར་སྐྱ་ཁྱོན་ཆོས་ཞུ་བ་མི་གྲངས་ ༥༠༠༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གྱི་ཐོག་མར་སངས་རྒྱས་པའི་ཆོས་ལ་དད་པ་གནང་དང་མ་གནང་དེ་སོ་སོའི་ཁམས་དང་མོས་པ་ལ་བསྟུན་དགོས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཆོས་དད་མེད་པ་རྣམས་ལ་ཆོས་གནང་དགོས་པ་དང་ཆོས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་གནང་དགོས་པའི་སྐུལ་ནམ་ཡང་གནང་གི་མེད་ཅེས་བཀའ་བསྩལ་དང་སྦྲགས། ཆོས་ལ་དད་པ་གནང་དང་མ་གནང་དེ་སོ་སོའི་རང་དབང་ཡིན་པ་དང་། ཆོས་ལུགས་ཡོད་མཁན་ཚོས་ཀྱང་ཆོས་གང་འདྲ་ཞིག་གནང་མིན་དེ་རང་ཉིད་ཀྱི་ཁམས་མོས་དང་འཚམ་པ་ཞིག་གནང་ཚེ་དགེ་མཚན་ཆེ་བ་ལྡན་ཡོད་པའི་ལམ་སྟོན་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རྗེས་ཆོས་ཉན་བཤད་སྐབས་ཀུན་སློང་རྣམ་པར་དག་པ་ཞིག་དགོས་པ་དང་། དེ་མེད་ན་ཆོས་ཆོས་སུ་འགྲོ་རྒྱུ་ལས་ཆོས་སྡིག་པར་འགྱུར་ཉེན་ཡོད་པའི་ལམ་སྟོན་སོགས་བསྩལ་བ་དང་ཆབས་ཅིག ནང་པ་ཚོས་སྐྱབས་འགྲོ་རྣམ་པར་དག་པ་ཞིག་གིས་རྩིས་ཟིན་དགོས་པ་དང་། ཐེག་ཆེན་གྱི་ཆོས་སུ་འགྲོ་བར་སེམས་བསྐྱེད་རྗེས་སུ་བཟུང་དགོས་པ་སོགས་བཀའ་བསྩལ་བ་མ་ཟད། ཆོས་ཀྱི་སྤྱི་བཤད་དང་འབྲེལ་ནང་ཆོས་ངོ་སྤྲོད་བསྩལ་སྐབས་དེང་གི་འཛམ་གླིང་ནང་ཆོས་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གསོད་རེས་བྱས་དང་བྱེད་བཞིན་པ་སོགས་ནི་ཧ་ཅང་ཐབས་སྐྱེ་པོ་དང་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཡིན་པ་དང་། ཆོས་ཁས་བླངས་རྗེས་སྨོན་ལམ་གསུང་འདོན་གནང་བ་ཙམ་མིན་པར་ཉམས་ལེན་གནང་དགོས་པ་དང་། ལྷག་དོན་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དོན་དམ་དུ་བྱམས་བརྩེ་རྩལ་འདོན་གནང་རྒྱུའི་དམིགས་ཡུལ་མཐར་ཐུག་ཞིག་ཡིན་སྟབས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གནང་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་གིས་སང་ཉིན་དང་གནངས་ཉིན་བཅས་སུ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༥ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།

ཕྱི་ལོ་ ༡༩༦༦ ལོའི་༸གོང་ས་མཆོག་གི་ཆིབས་གྲུ་ཚོང་འགྲེམས་གནང་འཆར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་ཁྱོན་ལོ་བཅུའི་རིང་༸སྐུ་སྒེར་གྱི་ཆིབས་གྲུར་སྤྱོད་མྱོང་ཡོད་པའི་ Land Rover ཞེས་པ་དེ་རིང་མིན་ཨ་རི་ནང་རིན་སྡུར་ཚོང་སྒྱུར་གནང་རྒྱུ་རེད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ Land Rover ཞེས་པའི་ཆིབས་གྲུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ལོ་བཅུའི་རིང་༸སྐུ་སྒེར་གྱི་ཆིབས་གྲུར་སྤྱོད་མྱོང་ཡོད་པ་དང་། ཆིབས་གྲུ་དེ་འདས་པའི་ལོ་ལྔ་བཅུའི་གོང་གི་སྲོལ་རྒྱུན་གྱི་རྣམ་པ་ལྡན་པའི་སྣུམ་འཁོར་རྩེ་ཕུད་ཀྱི་གྲས་ཤིག་ཡིན་སྟབས། ད་ལན་ཁེ་ན་ཌའི་ Ontario མངའ་ཁུལ་དུ་རྟེན་གཞི་བྱས་པའི་ RM Sotheby’s སྲོལ་རྒྱུན་གྱི་སྣུམ་འཁོར་རིན་སྡུར་ཚོང་སྒྱུར་བྱེད་མཁན་གྱི་བཟོ་ཚོང་ཁང་གིས་ཟླ་བ་འདིའི་ཚེས་ ༢༩ ནས་ཕྱི་ཟླ་ ༩ ཚེས་ ༡ བར་དེ་སྔ་མགོན་པོ་༸གང་ཉིད་མཆོག་གིས་ཆིབས་གྲུར་སྤྱོད་མྱོང་ཡོད་པའི་ Land Rover རླངས་འཁོར་དེ་ཚོང་འགྲེམས་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་མ་ཟད། སྣུམ་འཁོར་དེ་ཉོ་བློ་མཆིས་རིགས་ནས་གཉེར་ཁང་དེའི་དྲྭ་རྒྱ་བརྒྱུད་ཕྱི་ཟླ་ ༧ ནས་ཐོ་འགོད་གནང་དགོས་ཀྱི་འདུག རླངས་འཁོར་རིན་སྡུར་ཚོང་སྒྱུར་བྱེད་མཁན་གྱི་བཟོ་ཚོང་ཁང་ནས་རང་ཉིད་ཀྱི་དྲྭ་རྒྱའི་ཐོག་འགྲེལ་བརྗོད་གནང་བར་གཞིགས་ན། ༸གོང་ས་མཆོག་གིས་ཆིབས་གྲུར་སྤྱོད་མྱོང་ཡོད་པའི་སྣུམ་འཁོར་དེ་ཕྱི་ལོ་ ༡༩༦༦ ལོའི་ཟླ་ ༢ ཚེས་ ༡༠ ཉིན་གསར་བཟོ་ལེགས་གྲུབ་བྱུང་དོན་ལྟར་ཟླ་བ་དེའི་ནང་བལ་ཡུལ་ལ་སྐྱེལ་འདྲེན་གནང་ཡོད་པ་དང་། དེ་ནས་༸གོང་ས་མཆོག་གི་༸སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཆིབས་གྲུ་བཏང་ནས་རྒྱ་གར་ལ་ཕེབས་པའི་རྗེས་སུ་༸གོང་ས་མཆོག་གི་༸སྐུ་སྒེར་གྱི་མཚན་ཐོག་ལ་ཐོ་འགོད་གནང་འདུག ཕྱིས་སུ་ ༡༩༧༦ ལོར་ཆིབས་གྲུ་དེ་བསྐྱར་གསོ་སླད་ཨ་རིར་སྐྱེལ་འདྲེན་གནང་བ་ནས་བཟུང་༸སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་དེར་ཕྱི་ལོ་ ༢༠༠༥ བར་གཟིགས་རྟོག་གནང་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༠༦ ལོར་ཆིབས་གྲུ་དེའི་འཕྲུལ་འཁོར་མ་ལགས་དང་ཐོག་མའི་ཞབས་སྟེགས། དེར་ཡོད་པའི་ལོ་མདོག་ལྗང་ཁུའི་ཚོན་རྩི། དེ་བཞིན་ནང་ཆས་མ་ལག་་དང་འཁོར་ལོ་སོགས་ཡོངས་རྫོགས་བསྐྱར་གསོ་ལེགས་གྲུབ་ཀྱིས་དེ་སྔ་ ༡༩༦༦ ལོར་བཟོ་ཚོང་ཁང་གིས་གསར་འགྲེམས་གནང་བ་ལྟར་ད་ལྟའི་ཆར་ཡིད་དུ་འོང་བའི་རྣམ་པ་སླར་གསོ་ཞུས་འདུག ད་ལན་ཆིབས་གྲུ་དེ་དང་མཉམ་དུ་ཨིན་ཡུལ་གྱི་སྣུམ་འཁོར་བཟོ་ལས་ཁང་གི་ཐེབས་རྩའི་ལག་འཁྱེར་དང་ཆིབས་གྲུའི་བདག་དབང་ཡོད་པའི་༸སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་མཚན་རྟགས་འཁོད་པའི་ལག་དེབ། དེ་བཞིན་གོད་ཆག་ཉེན་སྲུང་མ་འཇོག་གི་སྲིད་བྱུས་དང་ཞལ་འདེབས་དང་འབྲེལ་བའི་ཡིག་ཆ་སོགས་མཉམ་སྦྱར་གནང་རྒྱུ་ཡིན་པ་མ་ཟད། ལྷག་དོན་དེ་སྔ་བཞུགས་སྒར་དྷ་རྨ་ས་ལར་ཐོ་འགོད་གནང་བའི་ཆིབས་གྲུའི་འགྲུལ་བཞུད་ཀྱི་ཨང་རྟགས་བྱང་བུ་དེ་རང་གནས་གནང་རྒྱུ་ཡིན་པ་ཆེད་བཀོད་གནང་འདུག ༸གོང་ས་མཆོག་གིས་ཆིབས་གྲུ་དེ་ཨ་རི་ནང་བསྐྱར་གསོ་ལེགས་གྲུབ་བྱུང་རྗེས་མཐར་ཨ་རི་California ནང་ཡོད་པའི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ལ་སྐབས་དེར་ཨ་རིར་འབྱོར་བཞིན་པའི་བོད་མི་སྐྱབས་བཅོལ་བ་དག་གི་ངལ་སེལ་སླད་དུ་མ་དངུལ་བསྡུ་རུབ་ཞུ་ཕྱིར་ཞལ་འདེབས་སུ་གསོལ་བསྩལ་མཛད་འདུག RM Sotheby’s བཟོས་ཚོང་ཁང་གིས་མུ་མཐུད་འགྲེལ་བརྗོད་གནང་གསལ་ལ་ད་རེས་ཁོང་རྣམས་ཀྱི་ཚོང་འགྲེམས་གནང་རྒྱུའི་ Land Rover སྣུམ་འཁོར་དེ་འདས་པའི་ལོ་ལྔ་བཅུའི་གོང་གི་ཐུན་མོང་མ་ཡིན་པའི་རྩེ་ཕུད་སྣུམ་འཁོར་གྲས་ཤིག་ཡིན་པ་མ་ཟད། དེར་འགྲན་ཟླ་མེད་པའི་ལོ་རྒྱུས་ཀྱི་གལ་གནད་ལྡན་ཡོད་པས་མང་ཚོགས་ལ་ཁྱད་པར་ཅན་གྱི་སྣུམ་འཁོར་དེ་བདག་ཏུ་བཟུང་རྒྱུའི་དམིགས་བསལ་གོ་སྐབས་ཞིག་ཀྱང་ཡིན་པར་དྲན་སྐུལ་གནང་འདུག རྩ་བའི་ད་ལྟའི་ཆར་བཟོ་ཚོང་ཁང་དེས་མགོན་པོ་༸གང་ཉིད་མཆོག་གི་ཆིབས་གྲུ་དེར་མགོ་སྟོད་ཀྱིས་ཚོང་སྒྱུར་བྱ་རྒྱུའི་མ་དངུལ་དེ་ཨ་སྒོར་འབུམ་གཅིག་ནས་གཅིག་དང་ཕྱེད་ཀ་བར་བཞག་ཡོད་ཀྱང་སྣུམ་འཁོར་དེར་༸གང་ཉིད་མཆོག་དང་འབྲེལ་བ་བཏགས་རྐྱེན་མ་དངུལ་དེ་ལས་མང་བ་རག་སྲིད་པར་ཚོད་དཔག་གནང་བཞིན་འདུག

༸གོང་ས་མཆོག་ནས་མ་ན་ལི་ཁུལ་དུ་བཀའ་ཆོས་བསྐྱང་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ Himachal མངའ་ཁོངས་ Manali གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་ཡོད་པ་དང་བསྟུན། སང་ཕྱི་ཚེས་ ༡༣ ནས་ ༡༥ བར་ཁུལ་དེར་བཀའ་ཆོས་ཀྱི་མཛད་འཆར་ཁག་གཅིག་བསྐྱང་གཏན་ཁེལ་འདུག ཁ་ཉིན་འོན་མངའ་རིས་གྲྭ་ཚང་གིས་ཆོས་བརྡའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་གྲྭ་ཚང་གིས་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་སང་ཕྱི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་ཀྱི་རིང་སྔ་དྲོ་ཕྱག་ཚོད་ ༩ ནས་ ༡༠༌༣༠ བར་སེར་སྐྱ་མི་མང་ཡོངས་ལ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། དེ་བཞིན་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༥ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་འདྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག དེའང་འོན་མངའ་རིས་གྲྭ་ཚང་གིས་གོ་སྒྲིགས་འོག་མ་ན་ལི་གྲོང་ཁྱེར་ནང་རྟེན་གཞིས་བྱས་པའི་རྒྱ་གར་གཞུང་གི་སྨན་ཁང་ཉེ་འཁྲིས་མདུན་ཐང་དུ་བཀའ་ཆོས་བསྩལ་རྒྱུ་རེད་འདུག རྩ་བའི་མགོན་པོ་མཆོག་ཐེངས་འདིའི་མ་ན་ལིར་ཆིབས་བསྒྱུར་ཁྲོད་ཕྱི་ཚེས་ ༩ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་མན་ཌི་གྲོང་ཁྱེར་ནང་མཚན་གཅིག་བཞུགས་གཞག་རྗེས་ཕྱི་ཚེས་ ༡༠ ཉིན་མ་ན་ལིའི་མངའ་རིས་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། སྐབས་དེར་ས་གནས་བོད་མི་མང་ཚོགས་ནས་མེ་ཏོག་དང་བདུག་སྤོས། དཀར་གཙང་མཇལ་དར་སོགས་བསྣམས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། མངའ་རིས་གྲྭ་ཚང་གི་མཁན་པོ་སོགས་ཀྱིས་མཎྡྲལ་རྟེན་གསུམ་དང་གསོལ་ཇ་འབྲས་སིལ་སོགས་འདེགས་འབུལ་ཞུས་གནང་འདུག སྐབས་དེར་མགོན་པོ་མཆོག་གིས་འོན་མངའ་རིས་གྲྭ་ཚང་འདི་༸རྒྱལ་དབང་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པ་དང་འབྲེལ་ནས་གྲྭ་ཚང་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དང་། ནང་པ་སངས་པའི་ཆོས་དེ་དགེ་བཙུན་ཁོ་ནས་གནང་རྒྱུ་ཞིག་མིན་པར་སེར་སྐྱ་ཕོ་མོ་ཁྱད་མེད་ནས་སློབ་སྦྱོང་བྱེད་དགོས་གལ་ཡིན་པ་དང་། སྒོས་སུ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་འདུག ཤེས་རྟོགས་བྱུང་བར་ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་མ་ན་ལིར་ཆིབས་བསྒྱུར་མཛད་སྐབས་བཞུགས་སྒར་དྷ་རྨ་ས་ལ་ནས་རྒྱང་ཐག་སྤྱི་ལེ་ ༩༢ ཙམ་གྱི་སར་ཡོད་པའི་ Hamirpur གྲོང་ཁྱེར་རུ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Prem Kumar Dhumal མཆོག་དང་མཇའ་མོལ་གནང་འདུག སྐུབས་ཞབས་ Prem kumar Dhumal མཆོག་གིས་དེ་ཉིན་རང་ཉིད་ཀྱི་ Twitter དྲྭ་གནས་ཐོག་༸གོང་ས་མཆོག་དང་མཇལ་མོལ་གྱི་སྐུ་པར་དང་ཆེད་བཞག་གིས་ད་ལན་༸གོང་ས་མཆོག་དང་མཇལ་མོལ་བྱུང་བ་དེ་ནི་ཧ་ཅང་གི་སྐལ་པ་བཟང་པོ་བྱུང་ཞེས་གསུངས་འདུག

༸གོང་ས་མཆོག་བཞུགས་སྒར་ནས་མ་ན་ལིར་ཆིབས་བསྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༨ ཚེས་ ༩ ཉིན་གྱི་སྔ་དྲོ་ཚོུད་ ༨༌༢༥ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་ཆིབས་གྲུ་བརྒྱུད་ཧི་མཱ་ཅལ་མངའ་སྡེ་ནང་ཡོད་པའི་མ་ན་ལིར་གཟའ་འཁོར་གཉིས་ཙམ་གྱི་རིང་ལ་༸སྐུ་ངལ་གསོ་བཞུགས་དང་བཀའ་ཆོས་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་སླད་ཆིབས་བསྒྱུར་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ན་ལིར་ཆིབས་བསྒྱུར་མཛད་པའི་ལམ་བར་དུ་དེ་རིང་དགོང་དྲོ་མཾཌཱི་གྲོང་སྡེར་མཚན་གཅིག་བཞུགས་གཞག་མཛད་རྒྱུ་ཡིན་པ་དང་། འདི་ག་རླུང་འཕྲིན་ཁང་གིས་ཞལ་དཔར་བརྒྱུད་ནས་མཾཌཱི་དང་ཀུ་ལུ་མ་ན་ལིའི་ས་གནས་འགོ་འཛིན་རྣམ་གཉིས་སོ་སོར་བཅར་འདྲི་ཞུས་པར་ད་ལྟའི་འཆར་མགོན་པོ་༸གང་ཉིད་མཆོག་ས་ཁུལ་དེ་དག་ལ་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་ལས་གཞན་མཛད་འཆར་གང་ཡང་ཐུགས་གཏན་ཁེལ་མེད་པར་གསུངས་སོང་། རྩ་བའི་༸གོང་ས་མཆོག་མ་ན་ལིར་ཆིབས་བསྒྱུར་རིང་ཁུལ་དེའི་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་བཞུགས་གཞག་མཛད་རྒྱུ་ཡིན་པ་རེད་འདུག དགོན་པའི་ཕྱག་མཛོད་བློ་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། དེ་ནི་འོན་མངའ་རིས་གྲྭ་ཚང་གིས་ལོ་གསུམ་གྱི་གོང་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། ད་ལྟའི་འཆར་མགོན་པོ་མཆོག་འདི་གར་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་རིང་མིན་བཀའ་ཆོས་བསྩལ་རྒྱུའི་མཛད་འཆར་ཡོད་ཀྱང་ད་ལྟའི་འཆར་ཚེས་གྲངས་གང་ཡང་ཐུགས་གཏན་ཁེལ་མེད་པ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་གར་གྱི་རྒྱལས་་ལྡི་ལིར་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ཆེད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་མགོན་དབུ་བཞུགས་ཀྱི་མཛད་འཆར་གྲུབ་རྗེས་མ་ན་ལིར་ཆིབས་བསྒྱུར་མཛད་གཏན་ཁེལ་ཡོད་ཀྱང་། ཉེ་ལམ་༸མགོན་པོ་མཆོག་སྙུང་གཞི་ཕྲན་བུ་བཞེས་བསྟུན་དགུང་ལོའི་བབས་ཀྱི་ཆ་ནས་ཚོགས་སྐྱིད་ཁག་དང་བོད་མི་མང་ཚོགས་ནས་༸སྐུའི་མཛད་འཕྲིན་ཉུང་འཕྲི་གནང་རྒྱུ་དང་། ༸སྐུ་ངལ་མང་ཙམ་གསོ་བཞུགས་མཛད་རྒྱུའི་ཞུ་སྐུལ་ལན་མང་ཞུས་པ་ལྟར་མ་ན་ལིའི་མཛད་འཆར་དེ་དུས་ཚོད་ངེས་མེད་བར་དུ་ཕྱིར་འཐེན་གནང་ཡོད་པ་རེད། རྩ་བའི་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ཤང་དགའ་ལྡན་ཆོས་འཁོར་གླིང་དང་མདོ་ཁམས་ཆུ་སྒང་། སྤྱི་མཐུན་མཉམ་འབྲེལ། འབྲུག་སྡོད་བོད་མི། གོ་ཇོ་བཅས་ཚོགས་པ་ལྔས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བརོར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་ཀྱང་ད་ཆ་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་བསྟར་འབུལ་རྒྱུའི་དུས་འགྱངས་གནང་འདུག

རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་ Sushma Swaraj མཆོག་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ BJP ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་གྲས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་དེ་སྔ་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་མཁན་ལྕམ་སྐུ་ Sushma Swaraj མཆོག་དགུང་གྲངས་ ༦༧ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག     ཁ་སང་དགོང་དྲོའི་ཚོུད་ ༡༠༌༣༠ མ་ཟིན་ཙམ་ལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་ Sushma Swaraj མཆོག་སྙིང་རྩ་དགག་པའི་ནད་གཞིའི་རྐྱེན་པས་ཆེད་ཛ་དྲག་ཐོག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་དབུས་གཞུང་གི་ AIIMS སྨན་ཁང་དུ་མྱུར་སྐྱོབ་སླད་སྨན་གཏུགས་གནང་ཡང་དྲག་སྐྱེད་མ་བྱུང་བར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། དེ་རིང་ཟླ་ ༨ ཚེས་ ༧ ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་སྐུ་ཞབས་ Kaushal Swaraj ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་དེའི་ནང་༸གང་ཉིད་མཆོག་གིས་ལྕམ་སྐུ་ཁོང་དང་ཤུལ་ལུས་སྐུ་འཁོར་ལྷན་རྒྱས་ཡོངས་ལ་ད་ལྟ་ཆེས་དཀའ་ཚེགས་བའི་དུས་སྐབས་འདིར་ཐུགས་སྨོན་དང་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་ལྕམ་སྐུ་དམ་པ་ Sushma Swaraj མཆོག་གིས་འདས་པའི་ཕྱག་ལས་གནང་བ་རྣམས་གཞན་ཕན་དང་མཛའ་མཐུན་ རང་གཤིས་བཟང་པོའི་ཐོག་གནང་ཡོད་སྟབས། མི་མང་མང་དག་གིས་གུས་ཞབས་དང་ཆེ་མཐོང་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་པར་བཀའ་འགྲེལ་དང་སྦྲགས། ལྕམ་སྐུ་དམ་པ་ཁོང་གིས་རང་ཉིད་ཀྱི་མི་ཚེ་དེ་མི་མང་གི་ཞབས་ཞུ་སླད་བློས་བཏང་གནང་སྟེ་མི་ཚེ་དོན་ལྡན་ཞིག་བསྐྱེལ་ཡོད་པ་རེད་ཅེས་བཀའ་བསྩལ་འདུག     དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ལྕམ་སྐུ་དམ་པ་ Sushma Swaraj མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའོ་གནས་ཚུལ་ཐོན་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བ་དང་སྦྲགས། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོར་སྲིད་སྐྱོང་མཆོག་ནས་དམ་པ་ཁོང་དང་དངོས་སུ་མཇལ་མོལ་གནང་སྐབས་དམ་པ་ཁོང་གིས་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་དང་༸གོང་ས་མཆོག་ལ་ཆེས་གུས་ཀྱི་རྣམ་པ་མངོན་གསལ་གནང་སྐོར་དྲན་གསོ་དང་འབྲེལ་ཏེ། ལྕམ་སྐུ་དམ་པ་མཆོག་ནི་རྒྱ་གར་གྱི་གྲོས་ཚོགས་ནང་དུ་བོད་ཀྱི་གནད་དོན་ཐོག་གླེང་སློང་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། རྒྱ་གར་མང་ཚོགས་ནས་དམ་པ་ཁོང་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པའི་དུས་སྐབས་འདིར་བོད་མིའི་ངོས་ནས་ཀྱང་དེ་ལྟར་གདུང་སེམས་མཉམ་བསྐྱེད་ཞུ་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་ལྕམ་སྐུ་དམ་པ་ Sushma Swaraj མཆོག་ཕྱི་ལོ་ ༡༩༥༢ ལོར་རྒྱ་གར་གྱི་མངའ་སྡེ་ Haryana ནང་འཁྲུངས་ཡོད་པ་དང་། དགུང་ལོ་ ༢༥ ལ་ཕེབས་སྐབས་མངའ་སྡེའི་བློན་ཆེན་རིམ་པའི་ཁོངས་སུ་འདེམས་ཐོན་བྱུང་ཡོད་པ་རེད། ཕྱི་ལོ་ ༡༩༩༨ ལོར་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐབས་བདུན་བཅས་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ལོ་ནས་ ༢༠༡༩ བར་སྲིད་བློན་སྐུ་ཞབས་  Narendra Damodardas Modi མཆོག་གི་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་ཏེ་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ཐོག་དགོས་ངེས་ཀྱི་བསྒྱུར་བཅོས་དང་། ཡུལ་མིར་འཕྲད་བཞིན་པའི་འགྲུལ་བཞུད་དང་འབྲེལ་བའི་དཀའ་ངལ་གཙང་སེལ་གནང་རྒྱུ། ལྷག་དོན་རྒྱ་གར་གྱི་ཕྱི་འབྲེལ་ལས་དོན་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་མང་པོ་གནང་མྱོང་ཡོད་པ་དང་། དམ་པ་ཁོང་ནི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་མཁན་བེུད་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

Latest news