Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2019

དཔལ་ཡུལ་རྫོང་ནས་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་རྙེད་པ།  

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཡུལ་རྫོང་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ས་ཚིགས་ཤིག་ལ་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་ཤིག་རྙེད་འདུག ཀྲུང་གོའི་བོད་ལྗོངས་དྲྭ་བ་ཟེར་བས་ཟླ་ ༨ ཚེས་ ༢༥ ཉིན་གནའ་རྫས་ཞིབ་འཇུག་པས་སི་ཁྲོན་ཞིང་ཆེན་དུ་དབྱེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཡུལ་རྫོང་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ས་ཚིགས་ཤིག་ཏུ་རྟོག་ཞིབ་ཀྱི་བརྒྱུད་རིམ་ཁྲོད་དུས་རབས་དགུ་པ་ཡས་མས་སམ་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་ཀྱི་སྐུ་འདྲ་ཞིག་རྙེད་འདུག་པ་དང་། ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་ཁང་གི་འགོ་ཁྲིད་ལའོ་ཝུན་ཧྭ་ཡིས་བྲག་བརྐོས་ཀྱི་སྐུ་འདྲ་ནི་ཆབ་མདོ་དང་ཡུལ་ཤུལ། རྫ་ཆུ་ཁ་ནས་རྙེད་པའི་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་འདྲའི་བཟོ་ལྟ་དང་ཧ་ཅང་འདྲ་ཞིང་། དེ་ནི་ལྷ་སྐུ་ལྔ་ཡིས་གྲུབ་པ་བརྗོད་འདུག    དཔལ་ཡུལ་རྫོང་ནས་རྙེད་པའི་བྲག་བརྐོས་ཀྱི་སྐུ་འདྲའི་ནང་གཡས་ཕྱོགས་སུ་མཐོང་དཀའ་བའི་རྒྱབ་སྟོན་སྐུ་འདྲ་ཞིག་ཡོད་ཅིང་། དེ་ནི་དབུ་སྐྲ་རིང་ཞིང་དབུ་སྐྲ་བསྡམས་ཡོད་ལ། ཆོས་གོས་དམར་པོ་མནབས་ཡོད་སྟབས། ཁ་ཤསཀྱི་ངོས་ནས་་སློབ་དཔོན་པདྨ་འབྱུང་གནས་རེད་ཟེར་བ་དང་། ཁ་ཤས་ཀྱི་འུན་ཤིང་ཀོང་ཇོ་ཕ་ཡུལ་དང་བྲལ་བའི་རྗེས་ཕ་ཡུལ་ལ་ཕྱིར་མིག་ལྟ་བའི་རྣམ་པ་ཡིན་པས། སྐུ་འདྲ་རྒྱབ་སྟོན་བྱས་པ་རེད་ཅེས་བརྗོད་སྲོལ་ཡོད་པ་དང་། ལའོ་ཝུན་ཧྭ་ཡིས་བོད་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་ཀྱི་ཁྱབ་ཚུལ་ལ་རྟོག་ཞིབ་བྱ་རྒྱུ་ཡོད་པ་མ་ཟད་གནའ་རྫས་རིག་པའི་ཐད་ལ་དོན་སྙིང་གལ་ཆེན་ཞིག་ཡིན་པ་བཤད་འདུག དེ་བཞིན་ Global Times གྱི་དྲྭ་གནས་ཐོག་སྔ་ལོ་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ཁུལ་དུ་ dinosaur ཞེས་གདོད་མའི་སྲོག་ཆགས་ཀྱི་རྐང་རྗེས་ཤིག་རྙེད་སོན་བྱུང་བ་ལྟར་ཉེ་ལམ་ཚེས་ ༢༦ ཉིན་ China University of Geosciences  ཞེས་ས་ཁམས་ཚན་རིག་པ་དང་འབྲེལ་བའི་རྒྱ་ནག་གི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ནས་ས་འོག་ནས་ཐོན་པའི་གནའ་རྫས་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་དང་རུ་ཁག་ཞིག་ནས་གདོད་མའི་སྲོག་ཆགས་ཀྱི་རྐང་རྗེས་ལ་ཞིབ་འཇུག་བྱེད་དུ་འབྱོར་འདུག་པ་དང་། སྐབས་དེར་ཚན་རིག་པ་ཞིག་གིས་འཛམ་གླིང་ནང་གི་ས་གཞི་མཐོ་ཤོས་ཏེ་བོད་གངས་ཅན་གྱི་ལྗོངས་སུ་ dinosaur ཞེས་པའི་གདོད་མའི་སེམས་ཅན་ཡང་ཆགས་མྱོང་ཡོད་པའི་ཁུངས་ལྡན་ར་འཕྲོད་བྱུང་ཡོད་ཚུལ་དང་། དུས་སྐབས་དེའི་ཚེར་གདོད་མའི་སེམས་ཅན་དེ་དག་ཆུ་འཐུང་བར་ཡོང་བའི་སྐབས་སུ་བཞག་པའི་རྐང་རྗེས་ཤིག་ཡིན་ཚུལ་བརྗོད་འའདུག རྩ་བའི་དེ་སྔ་ཕྱི་ལོ ༡༩༩༩ ལོར་གྲོང་གསེབ་ཀྱི་ཁུལ་དུ་བགྲོད་ལམ་བཟོས་པའི་སྐབས་གཞན་དང་མི་འདྲ་བའི་རྐང་རྗེས་ཆེན་པོ་ཆ་བརྒྱད་རྙེད་སོན་བྱུང་ཡོད་སྐོར་དང་། དེ་ནི་བོད་ཁུལ་དུ་གདོད་མའི་སྲོག་ཆགས་ཀྱི་རྐང་རྗེས་རྙེད་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྟབས་ཡུལ་མི་ཚོས་དེ་ནི་ལྷའི་ཞབས་རྗེས་ཡིན་པར་བརྗོད་ཚུལ་ཡོད་པའང་བཀོད་འདུག

ལྷ་མོ་དང་སྐལ་བྷེ་ཞེས་པའི་གློག་བརྙན་དེ་སེ་པན་གྱི་རྒྱལ་སྤྱིའི་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་པ་ལྷ་མོ་དང་སྐལ་བྷེ་ཞེས་པ་འདི་ལོའི་སེ་པན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༦༧ པ་ཐོག་བདམས་ཐོན་བྱུང་བ་ལྟར་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་དངོས་སུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག ལྷ་མོ་དང་སྐལ་བྷེ་ཞེས་པའི་གློག་བརྙན་འཁྲབ་གཞུང་གི་ནང་དོན་གཙོ་བོ་བོད་ཁུལ་གྱི་ཕོ་མོའི་བར་གྱི་བརྩེ་དུང་དང་བརྩེ་དུང་གི་གུད་ཆག་ཁྲོད་ཀྱི་སེམས་ཀྱི་རྨ་ཁ་སོགས་ཕྱིར་མངོན་པར་བྱས་པའི་གློག་བརྙན་ཞིག་རེད། ལྷ་མོ་དང་སྐལ་བྷེ་གཉིས་གཉེན་སྒྲིག་བྱེད་གྲབས་ཡོད་སྐབས་ལྷ་མོས་རང་གི་མཛའ་བོ་སྐལ་བྷེ་ལགས་སྔོན་ཆད་ཡང་གཉེན་སྒྲིག་ཐེངས་ཤིག་བྱེད་མྱོང་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན་ཁོང་དང་ལྷན་དུ་གཉེན་སྒྲིག་གི་འདུན་པར་འགྱུར་བ་ཐེབས་ཏེ་རེ་ཞིག་ཕྱིར་འཐེན་བྱས་ཡོད་སྟབས་སྐལ་བྷེ་ལགས་ཀྱིས་ སྔར་གྱི་ཆུང་མ་མཚོ་ཡག་ལགས་འཚོལ་དུ་ཕྱིན་ཀྱང་། མཚོ་ཡག་ལགས་བཟའ་འཐོར་བྱུང་རྗེས་ཡིད་སེམས་སྐྱོ་བས་རབ་ཏུ་མནར་ནས་མཐར་དབེན་པའི་དགོན་གྲོང་ཞིག་ཏུ་བཙུན་མ་གནང་ཟིན་པ་རེད། དེ་བཞིན་ལྷ་མོ་ལགས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་ནས་གཉེན་སྒྲིག་གནང་བར་དངངས་སྐྲག་སྐྱེ་བཞིན་པའི་བརྩེ་དུང་གི་གདུང་བ་ཕྱིར་མངོན་པའི་གློག་བརྙན་ཞིག་རེད། རྩ་བའི་བོད་ཀྱི་གློག་བརྙན་སྒྲིག་སྦྱོར་བ་ཟོན་ཐར་རྒྱལ་ལགས་ནི་ལོ་རབས་བདུན་ཅུ་པའི་སྟོད་དུ་བོད་མདོ་སྨད་ཐུན་ཏེ་རུ་སྐྱེས་ཤིང་། བོད་ཁུལ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཐོན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ལོ་འགའི་རིང་ལ་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། རྗེས་སུ་ཁོང་གི་གྲོགས་པོ་པདྨ་ཚེ་བརྟན་ལགས་ཀྱི་ལམ་སྟོན་དང་རོགས་འདེགས་འོག་པེ་ཅིན་གྱི་གློག་བརྙན་སྒྲིག་སྦྱོར་གྱི་སློབ་གླིང་དུ་སློབ་ཞུགས་བྱས་ཡོད་པ་ལྟར་ཉེ་བའི་ལོ་ཤས་རིང་ཁོང་གིས་པདྨ་མ་ཚེ་བརྟན་དང་མཉམ་དུ་བོད་སྐད་ཀྱི་གློག་བརྙན་དབུས་ལམ་གྱི་ཉི་མ་དང་གཙང་བོ། དེ་བཞིན་ཁྱི་རྒན། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་སོགས་སྒྲིག་སྦྱོར་བྱས་ཏེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོའི་ཐོག་གཟིགས་འབུལ་ཞུས་ཡོད་པ་རེད། ཐེངས་འདིར་ཁོང་གིས་ལྷ་མོ་དང་སྐལ་བྷེ་ཞེས་པའི་གློག་བརྙན་སེ་པན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག  དེ་མཚུངས་སུ་བོད་ཀྱི་གློག་བརྙན་སྒྲིག་སྦྱོར་བ་དང་འཁྲབ་གཞུང་རྩོམ་པ་པོ་པདྨ་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་དབུགས་ལྒང་ཞེས་པ་དེ་འདི་ལོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་རྙིང་གྲས་ Venice གློག་བརྙན་དུས་སྟོན་ཐེངས་ ༧༦ ཐོག་བདམས་ཐོན་བྱུང་ཡོད་པ་རེད།

བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཆེད་ཡོ་རོབ་རྒྱལ་ཁབ་ ༣༠ ནང་བོད་དོན་ཞུ་གཏུག་གནང་རྒྱུ།

རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་སྐབས་དང་བསྟུན་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་འདོན་སྤྱི་དང་སྒོས་བོད་རྒྱ་གཉིས་དབར་གྲོས་མོལ་བསྐྱར་གསོ་མགྱོགས་མྱུར་ཡོང་ཆེད་ཡོ་རོབ་བོད་དོན་གྲོས་མོལ་ཞུ་གཏུག་གི་སྐོར་སྐྱོད་ཅེས་པའི་ལས་འགུལ་འོག་ཉིན་གྲངས་ ༧༠ རིང་ཡོ་རོབ་རྒྱལ་ཁབ་ཁག་ ༣༠ ནང་སྣུམ་འཁོར་བཏང་ནས་བོད་དོན་ཞུ་གཏུག་གནང་རྒྱུ་རེད་འདུག ལས་འགུལ་དེ་རིང་མིན་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་དུས་ཆེན་དང་བསྟུན་ཡོ་རོབ་རྒྱལ་ཁབ་སེ་པན་གྱི་སྦར་སེ་ལོ་ན་གྲོང་ཁྱེར་ནས་དབུ་འཛུགས་གནང་རྒྱུ་དང་། ལས་འགུལ་དེའི་དམིགས་ཡུལ་གཙོབོ་ནི་ཡུ་རོབ་རྒྱལ་ཁབ་ ༣༠ ནང་ཡོད་པའི་བོད་མི་ཁ་འཐོར་བ་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཐུག་འཕྲད་ཀྱིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས། དེ་བཞིན་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་དཔོན་རིགས་ཁག་ལ་ཐུག་འཕྲད་ཀྱིས་ད་བར་གྱི་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐོག་སྤེལ་བཞིན་པའི་སྡུག་རྩུབ་གཉའ་གནོན་འོག་བོད་མི་ཚོར་ཆོས་དད་རང་དབང་དང་སྐད་ཡིག་རང་དབང་མེད་པ། ཁོར་ཡུག་གཏོར་བཤིག བཙུན་འཇུག་སོགས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁག་སྙན་སེང་ཞུ་རྒྱུ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་ཀྱི་སྐུ་ཚབ་ཕན་ཚུན་མགྱོགས་མྱུར་གྲོས་མོལ་ཡོང་བར་རྒྱལ་ཁབ་སོ་སོའི་གཞུང་ཁག་ལ་རེ་སྐུལ་ཞུ་ཕྱིར་ཡིན་པ་རེད། སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཐེངས་འདིའི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་ཐོག་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་དཔོན་རིགས་ཁག་ལ་ཞུ་གཏུག་དང་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ ༡༢ བཅས་སྤྱིར་བསྒྲགས་ཤིག་ངོ་དེབ་ཐོག་སྤེལ་འདུག དེའི་ནང་བོད་རྒྱ་འབྲེལ་མོལ་གང་མགྱོགས་ཡོང་ཐབས་དང་། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཐབས། བོད་མི་ཚོར་ཆོས་དད་དང་ཤེས་ཡོན། འགྲོ་སྐྱོད་རང་དབང་དགོས་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་གློད་བཀྲོལ་དགོས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་གནང་ཐུབས་ཐབས་དང་། དངོས་ཡོད་བདེན་འཚོལ་གྱི་རྒྱལ་སྤྱིའི་སྐུ་ཚབ་བོད་ནང་ལ་གཟིགས་སྐོར་གནང་ཐབས། བོད་ཀྱི་འབྲོག་པ་རྣམས་ཀྱི་མི་ཚེའི་གནས་སྟངས་ལ་སྲུང་བརྩི་བྱ་རྒྱུ། རྒྱ་ནག་གི་ཆབ་སྲིད་རྒྱུད་གཅིག་ལམ་གཅིག་ཞེས་པ་བཀག་འགོག་བྱ་ཐབས། བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་བཀག་སྡོམ་བྱ་རྒྱུ། ཕར་འགྲོ་ཚུར་འོང་འདྲ་མཉམ་ཡོང་ཐབས་ལ་ཤུགས་སྣོན་གནང་རྒྱུ། དེ་བཞིན་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་མཚམས་འཇོག་དགོས་པ་བཅས་ཆགས་ཀྱི་འདུག སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སེ་པན་ནས་དབུ་འཛུགས་ཀྱིས་རིམ་པས་ཡོ་རོབ་རྒྱལ་ཁབ་ ༣༠ ནང་སྐོར་སྐྱོད་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་སུད་སི་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་མདུན་ཐང་དུ་མཇུག་སྒྲིལ་གནང་རྒྱུ་རེད་འདུག རྩ་བའི་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནས་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་ཡོ་རོབ་རྒྱལ་ཁབ་ཁག་ ༢༠ ནང་དུ་སྣུམ་འཁོར་བཏང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་ཡང་སྤེལ་མྱོང་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༩།༠༨།༢༧

ཉན་པ།: Listen ཕབ་ལེན། Download བོད་ཁུལ་དུ་བོད་ཡིག་དགེ་རྒན་གྱི་ས་མིག་ཉུང་འཕྲི་བྱེད་བཞིན་པ། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་དོན་སྙན་གསེང་། ཁེ་ན་ཌ་དང་ཨེལ་བྷི་ནིའི་ལོ་རྒྱུས་སྨྲ་བ་ Olsi Jazexhi ཡིས་ཤིན་ཅང་གི་གནད་དོན་ཕྱིར་བསྒྲགས། རྒྱ་གར་གྱི་གངས་ཅན་མཛོད་ལྔའི་རི་འཛེག་གི་སྲིད་བྱུས་ལ་ཡུལ་མིས་རྒོལ་ལན། གླུ་གཞས་ལས་རིམ། སྟོད་མངའ་རིས་ཁུལ་གྱི་ཆང་གི་བཀག་གླུ། Tuesday 27/08/2019 Concern over lack of Tibetan language teachers in schools inside Tibet Ling Rinpoche calls on Special Advisor of IRF at US State Department Went in to expose “Western Propaganda”, came out exposing the concentration camps Sikkim residents unhappy with decision to open Peaks of Kanchenjunga for expeditions MUSIC FEATURE: ‘Changshey’ from Ladakh’s Jangthang

བོད་ཁུལ་དུ་བོད་ཡིག་དགེ་རྒན་གྱི་ས་མིག་ཉུང་འཕྲི་བྱེད་བཞིན་པ།

ཉེ་བའི་ལོ་ཤས་ནས་ནས་བཟུང་བོད་ཁུལ་དུ་སྐད་གཉིས་སློབ་གསོའི་ཁྱབ་བསྒྲགས་རིམ་པ་བྱས་ཡོད་ཀྱང་དོན་དངོས་སུ་བོད་ཁུལ་གྱི་ས་ཁུལ་མང་པོར་སྐད་གཉིས་སློབ་གསོ་ལས་སྐད་ཡིག་དང་པོ་དེ་རྒྱ་ཡིག་བཞག་ཡོད་སྟབས་ས་གནས་ཀྱི་བོད་ཕྲུག་མང་པོའི་བོད་སྐད་དང་བོད་ཡིག་ཆེད་སྦྱོང་གི་རྨི་ལམ་དེ་འབུར་འཇོམ་ཐེབས་ཀྱི་ཡོད་པ་བཞིན། བོད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་མཐར་ཕྱིན་ཡོད་ནའང་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ ཡིག་བཀོད་སྤྱོད་ཀྱི་ཁྲོམ་ར་མེད་པར་བརྟེན་མཐོ་སློབ་མཐར་ཕྱིན་པའི་བོད་རིགས་སློབ་མ་སྟོང་ཕྲག་མང་པོ་ལས་མེད་དུ་ལྷག་བཞིན་ཡོད་པའི་གནས་ཚུལ་ཐོན་ཀྱི་ཡོད་པ་ལྟར། དེ་རིང་གས་གསར་འགོད་པས་ཉེ་ཆར་ ཕ་ཡུལ་རྒྱལ་རོང་ནས་ཕེབས་པའི་མཐོ་སློབ་མཐར་ཕྱིན་གྱི་སློབ་མ་ཞིག་ལ་གནས་ཚུལ་དེ་དག་ཐོག་རྒྱུས་ལོན་ཞུས་ཡོད། ཁོང་གིས་ངོ་སྤྲོད་གནང་བར་དེང་སང་བོད་ཁུལ་སྤྱི་དང་སྒོས་སུ་རྔ་བ་ཁུལ་དང་མཛོ་དགེ་རྫོང་། དེ་བཞིན་འཛམ་ཐང་སོགས་སུ་སློབ་གྲྭ་རེ་ལ་བོད་ཀྱི་སྐད་ཡིག་གི་དགེ་རྒན་གྱི་ས་མིག་གཉིས་ཙམ་ལས་མེད་སྟབས་སྤྱི་ཡོངས་ཀྱི་སློབ་མའི་བོད་ཀྱི་སྐད་ཡིག་ཐོག་སྦྱང་བརྩོན་གྱི་ནུས་པ་ཇེ་ཞན་དུ་འགྱུར་བཞིན་པ་མ་ཟད། བོད་ཁུལ་ནས་བོད་ཡིག་ཆེད་སྦྱོང་གི་སློབ་མ་མང་པོ་ཞིག་ལ་སློབ་མཐར་སོན་རྗེས་གཞི་རིམ་གྱི་ས་གནས་ནས་ལས་ཀ་མ་རག་པའི་ངལ་བ་ཆེས་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་སོང་། དེ་བཞིན་ཁོང་མི་སྒེར་གྱི་ཉམས་མྱོང་གི་ཐོག་ནས་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ་ཟི་ཁྲོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ལོ་གཅིག་གི་ནང་བོད་ཀྱི་སྐད་ཡིག་གི་ཐོག་ནས་དགེ་རྒན་གྱི་ཕྱག་ལས་གནང་སའི་ཡིག་རྒྱུགས་ཀྱི་གོ་སྐབས་གཅིག་ཀྱང་རག་མེད་སྐོར་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག ཁོང་གིས་ཡིད་སེམས་སྐྱོ་བོའི་ངང་ནས་གསུངས་པར་བོད་ནང་དུ་ཕ་མ་མང་པོའི་རེ་བ་ཆེན་པོ་བྱས་ཏེ་རང་གི་བུ་ཕྲུག་ལ་སློབ་ཡོན་ཕོན་ཆེན་སྤྲད་ནས་མཐོ་སློབ་མཐར་ཕྱིན་ཀྱང་། སྤྱི་ཚོགས་ཀྱི་སྟེང་དུ་རང་གི་ཆེད་སྦྱང་ལ་དཔག་པའི་ལས་ཀ་མ་རག་རྐྱེན་སློབ་མ་མང་པོ་ཞིག་ཕྱིར་རང་ཁྱིམ་དུ་ལོག་རྒྱུར་ཡང་ངོ་ཚ་ནས་སྒེར་གྱིས་གཉེར་བའི་སློབ་གྲྭ་སོགས་སུ་དང་བླངས་ཀྱི་ལས་ཀ་ཙག་ཙིག་བྱས་ནས་བསྡད་པར་བརྟེན་སེམས་ལ་གནོད་ཤུགས་ཆེན་པོ་ཡོད་པ་ངོ་སྤྲོད་གནང་ཡོད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བོད་ཁུལ་གྱི་བོད་ཀྱི་སྐད་ཡིག་གི་གནས་བབ་དང་སྒོས་སུ་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་གི་དགེ་རྒན་ལ་ཚད་འཛིན་བྱེད་བཞིན་པའི་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་   རྒྱ་ནག་གིས་བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པ་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་དྲིལ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེང་རབས་ཀྱི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་བཀོད་སྤྱོད་ཀྱི་ཁྲོམ་ར་མེད་སྟབས་རང་བཞིན་གྱིས་ས་གནས་ཀྱི་ཡུལ་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་ངོ་སྤྲོད་གནང་སོང་།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པར་བོད་དོན་སྙན་སེང་།

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཕྱི་ཟླ་ ༦ པའི་ཟླ་མཇུག་ཙམ་ནས་བྱང་ཨ་མི་རི་ཀའི་ས་གནས་ཁག་གཅིག་ཏུ་ཆོས་འབྲེལ་དང་བཀའ་དབང་། དེ་བཞིན་གཙུག་ལག་སློབ་གཉེར་ཁང་། ཚོགས་སྐྱིད་ཁག་གི་སློབ་ཕྲུག་དང་མང་ཚོགས་རྣམས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་ཡོད་པ་ལྟར་ཟླ་ ༨ ཚེས་ ༢༣ ཉིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ Thames Noax ལགས་དང་ཐུག་འཕྲད་ཀྱིས་བོད་དོན་སྙན་གསེང་ཞུས་འདུག རིན་པོ་ཆེ་མཆོག་གིས་སྐུ་ཞབས་ Thames Noax ལགས་སུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་སྒོས་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ་ནས་ཆོས་ལ་དད་པ་མེད་མཁན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་དང་བླ་སྤྲུལ་ཡང་སྲིད་ཀྱི་ངོས་འཛིན་གནང་སྲོལ་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་ནི་གཞི་རྩ་མེད་པ་ཞིག་དང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་རེར་དོ་དམ་ཚོགས་ཆུང་ཞེས་ཆེད་འཛུགས་ཀྱིས་དགོན་པའི་ཉིན་རེའི་གནང་སྒོ་ཁག་ལ་དམ་དྲག་དང་བཏང་འཛིན་སོགས་བྱེད་བཞིན་ཡོད་སྟབས་དགོན་ཁག་གི་ཉིན་རེའི་གནང་སྒོ་ཁག་ལ་ཧ་ཅང་གི་སུན་གཙིར་ཆགས་ཡོད་པ་སོགས་གསལ་བཤད་གནང་འདུག རིན་པོ་ཆེ་མཆོག་གིས་ད་དུང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་གུད་དུ་འགྲོ་བཞིན་པའི་ཆེས་ཛ་དྲག་གི་དངོས་ཡོད་གནས་སྟངས་ཡང་སྙན་གསེང་ཞུས་ཡོད་པ་རེད། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ Thames Noax ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་མ་ཟད། ཉེ་ཆར་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཚོགས་འདུའི་སྐབས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་པ་སྐུ་ཞབས་ Sam Brownback ལགས་ཀྱིས་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་གནང་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གི་ཆོས་དད་རང་དབང་ལ་གང་ཐུབ་ཅི་ཐུབ་གནང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག གཞི་རྩའི་མཇལ་མོལ་དེའི་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་སྒྲོལ་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་སྲོལ་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་དེ་ནི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་གང་ཡང་མེད་མཁན་ཞིག་ནས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ལ་དམའ་འབེབས་དང་འཕྱ་སྨོད་བྱེད་པ་ཞིག་རེད་ཅེས་གསུངས་འདུག རྩ་བའི་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བྱང་ཨ་རི་ཁུལ་གྱི་མཛད་འཆར་ཁྲོད་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནང་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་དུ་སྨན་བླའི་བཀའ་དབང་དང་། སྒྲོལ་དཀར་ཚེ་དབང་། མི་མང་ལ་བླང་དོར་གྱི་བཀའ་སློབ་སོགས་བསྩལ་ཡོད་པ་མ་ཟད། ཨ་རིའི་མངའ་སྡེ་ Michigan དང་ Wisconsin  Texas དེ་བཞིན་གྲོང་ཁྱེར་ New York དང་ Vermont Massachusetts སོགས་སུ་མང་ཚོགས་ལ་བཀའ་ཆོས་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་རེད། ལྷག་པར་དུ་ཨ་རིའི་རྒྱལ་ས་ Washington DC ཁུལ་གྱི་མཛད་འཆར་ཁྲོད་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་མཆོག་ལ་བོད་དོན་སྙན་གསེང་ཞུས་པ་མ་ཟད། ཁུལ་དེར་རྟེན་གཞི་བྱས་པའི་ཨ་རིའི་ཞི་བདེའི་བསྟི་གནས་ཁང་དུ་བསྟི་གནས་ཁང་གི་ཚོགས་གཙོ་ Nancy Lindborg ལགས་དང་ཚོགས་གཞོན་ Susan Hayward ལགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་དང་། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན། མཁས་དབང་ཁག་ལྷན་འཛོམས་སར་འཁྲུག་རྩོད་ཅན་གྱི་འཛམ་གླིང་ནང་ཞི་བདེ་གསོ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་གྲོས་བསྡུར་མཛད་འདུག ཁ་ཉིན་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཁུལ་དེར་ཚོགས་པའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམ་པའི་ལྷན་ཚོགས་ཐོག་དབུ་བཞུགས་བཀྲིན་མཛད་ཡོད། འབྲེལ་ཡོད་སྐུ་པར་ཁག་གླིང་རིན་པོ་ཆེའི་ངོ་དེབ།

བོད་མི་ནང་ཁུལ་དབར་འཆམ་མཐུན་བྱེད་དགོས།

འཁོན་རིགས་བསྟན་པའི་སྲོལ་འབྱེད་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་འདི་ག་སུད་སི་ཁུལ་དུ་གནས་སྡོད་བོད་མི་སེར་སྐྱ་མང་ཚོགས་ལ་ཆོས་འབྲེལ་བཀྲིན་བསྐྱངས་པ་དང་འབྲེལ་བོད་མི་ཡོངས་ནས་འདས་པའི་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་བཅས་པ་ཕན་ཚུན་དབར་འཆམ་འཐུན་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་དང་། མ་འོངས་པར་བོད་གངས་ཅན་ལྗོངས་རང་དབང་མངའ་སྲོལ་དང་གཞིས་བྱེས་མཉམ་འཛོམས་ཡོང་བར་འཆམ་མཐུན་ནི་གལ་ཆེ་ཞིག་ཆགས་ཡོད་པ་དང་། གལ་ཏེ་བོད་མི་ནང་ཁུལ་འཆམ་མཐུན་མེད་ན་ཕྱིའི་སྟོབས་ཤུགས་ག་ཚོད་ཆེན་པོ་ཡོད་ཀྱང་དོན་ངོ་མ་བསྒྲུབ་རྒྱུ་མེད་པར་ལམ་སྟོན་བསྩལ་སོང་། ༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གིས་ད་དུང་བོད་མི་རིགས་ཀྱི་སྐད་ཡིག་དང་གོམས་སྲོལ་བཟང་པོ་དག་གི་གལ་གནད་དང་འབྲེལ། དེང་སྐབས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་གཞོན་སྐྱེས་ཁག་ས་གནས་སོ་སོའི་ཁོར་ཡུག་གི་ཤུགས་རྐྱེན་འོག་ནས་བོད་ཡིག་དང་བོད་པའི་སྐད་མ་ཤེས་པའི་གནས་སྟངས་ཡོང་གི་ཡོད་པ་དེ་ནི་ཐབས་སྐྱོ་བའི་གནས་སྟངས་ཤིག་ཡིན་པ་དང་། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོས་འཕྲལ་གསལ་གྱི་ཟས་གོས་ཕུན་སུམ་ཚོགས་པའི་ཁོར་ཡུག་དེའི་ནང་རང་རེའི་བོད་མི་རིགས་ཀྱི་ངོ་བོ་དང་ཕ་མེས་ནས་ཡོད་པའི་གོམས་སྲོལ་བཟང་པོ་དེ་གཅེས་འཛིན་བྱེད་མ་ཐུབ་ཚེ་དེ་ནི་བོད་མི་རིགས་ལ་གྱོང་གུད་ཆེན་པོ་རེད་ཅེས་བཀའ་བསྩལ་བ་མ་ཟད། བོད་མིའི་འགན་འཁྲི་བསྒྲུབ་པར་བོད་མི་རང་གི་ངོ་བ་མ་བརླག་པར་འབད་དགོས་དགོས་གལ་ཡིན་པ་དང་དེ་ལྟར་ཡོང་བར་གཙོ་བོ་བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་ཆགས་ཡོད་པ་བཀའ་བསྩལ་འདུག རིན་པོ་ཆེ་མཆོག་གིས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་བོད་མི་ཚོར་མ་ཡིས་བུ་ལ་བརྩེ་བས་གདམས་པ་ལྟར་ད་བར་བཀའ་སློབ་ཟབ་ཅིང་རྒྱས་པར་བསྩལ་བ་རྣམས་རང་ཅག་བོད་མི་རྣམས་ནས་སྙིང་ཁོངས་སུ་བཅངས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་དེ་དག་ལ་སློབ་སྦྱོང་བྱས་ནས་༸རྒྱལ་བའི་བཀའ་དགོངས་བཞིན་ལག་བསྟར་གནང་གནད་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད། རྩ་བའི་༸དཔལ་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ད་རེས་ཡོ་རོབ་རྒྱལ་ཁབ་བྷེལ་འཇམ་དང་ཇར་མི་ནི་དང་དེ་བཞིན་ཕ་རན་སི་བཅས་ཀྱི་ནང་ས་སྐྱ་སྨོན་ལམ་ཆེན་མོ་གཙོ་གྱུར་ཆོས་འབྲེལ་མཛད་འཕྲིན་ཁག་བསྐྱངས་གྲུབ་རྗེས། འདི་ག་སུད་སིར་རྟེན་གཞི་བྱས་པའི་བརྩེ་ཆེན་ཚོགས་པ་དང་ཐུབ་བསྟན་བྱང་ཆུབ་ཆོས་གླིང་ཆོས་ཚོགས་གཉིས་ནས་ཇི་ལྟར་གསོལ་འདོབས་ཞུས་དོན་ལྟར་ཕྱི་ཚེས་ ༢༣ ཉིན་ཐུབ་བསྟན་ཆོས་གླིང་ཆོས་ཚོགས་སུ་གུ་རུ་དབང་དང་ཕྱི་ཚེས་ ༢༤ ཉིན་འདི་ག་སུད་སི་ Wtiherthur ས་གནས་སུ་ཆེད་དུ་བྱ་བའི་འདུལ་བྱ་བོད་མི་སེར་སྐྱ་མང་ཚོགས་གཙོ་གྱུར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་༢༤༠༠ མན་ཙམ་ལ་ཆོས་འབྲེལ་དང་རིགས་གསུམ་མགོན་པོའི་བཀའ་དབང་བཀའ་དྲིན་བསྩལ་ཡོད་པ་རེད།

རེ་ས་གཟའ་ཟླ་བ། ༢༠༡༩།༠༨།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་རྒྱལ་ས་ལྡི་ལིར་༸སྐུ་ལྷོད་བཞུགས་མཛད་བཞིན་པ། ༸གོང་ས་མཆོག་གིས་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་གྲོངས་བར་ཐུགས་གསོ་མཛད་པ། བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོན་འབའ་ཞིག་མ་རེད། ༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གིས་བོད་མིའི་ནང་ཁུལ་འཆམ་མཐུན་དགོས་པར་བཀའ་སྩལ་བ། དྷ་ས་དང་མ་སུ་རི་ཁུལ་གྱི་བོད་མིའི་སློབ་ཁག་གི་རིགས་ལམ་འདུ་འཛོམས་དབུ་འཛུགས། ཧོང་ཀོང་གི་སློབ་ཕྲུག་ཁག་གཅིག་བོད་ནང་བཀག་སྐྱིལ། Monday 26/08/2019 Dalai Lama in Delhi, will leave for Mangalore after few days rest Dalai Lama, Tibetan leadership condole demise of former FM Arun Jaitley Reincarnation never ‘religious-only’ issue: China Hong Kong students detained in Tibet over messages supporting HK protests Sakya Trichen Rinpoche visits Switzerland, calls for unity among Tibetans Inter-school Buddhist Philosophical debate convenes today

༸གོང་ས་མཆོག་རྒྱལ་ས་ལྡི་ལིར་༸སྐུ་ལྷོད་བཞུགས་མཛད་བཞིན་པ།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་བྱང་ཕྱོགས་མ་ན་ལིར་ཆགས་པའི་འོན་མངའ་རིས་གྲྭ་ཚང་གི་མཁན་པོ་བློ་བཟང་བསམ་གཏན་མཆོག་གིས་དབུས་པའི་གྲྭ་ཚང་འདུ་མང་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ་༸གོང་ས་མཆོག་གི་མ་ན་ལི་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་ཆིབས་ཞལ་བསྒྱུར་ཏེ་ད་ལྟའི་ཆར་ཁུལ་དེར་༸སྐུ་ལྷོད་བཞུགས་མཛད་མུས་ཡིན་པ་རེད། རྩ་བའི་འོན་མངའ་རིས་གྲྭ་ཚང་གིས་འདས་པའི་ལོ་ཤས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་ཟླ་ ༨ ཚེས་ ༡༠ ཉིན་འོན་མངའ་རིས་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཁུལ་དེར་ཁྱོན་གཟའ་འཁོར་གཉིས་ཙམ་རིང་༸སྐུ་བཞུགས་མཛད་པའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་ས་གནས་ཀྱི་བོད་མི་དང་ཡུལ་མི་གཙོ་གྱུར་ཕྱི་ནང་གི་དད་ལྟན་ཆོས་ཞུ་བ་རྣམས་ལ་ཉིན་གྲངས་བཞིའི་རིང་བཀའ་ཆོས་བསྐྱངས་ཡོད་པ་རེད། ཟླ་བ་འདིའི་ཚེས་ ༢༣ ཉིན་འོན་མངའ་རི་གྲྭ་ཚང་གྱི་གྲྭ་མང་གིས་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་གཞུང་ལུགས་ཀྱི་ཐད་ནས་རྟགས་གསལ་སྤྱན་འབུལ་ཞུས་རྗེས་དགོན་པའི་མཁན་པོ་བློ་བཟང་བསམ་གཏན་མཆོག་གིས་དབུས་པའི་གྲྭ་མང་གིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། བརྟན་བཞུགས་བསྟར་འབུལ་གྱི་ཆོ་གོ་ཕྱག་ལེན་ཡོངས་སུ་རྫོགས་མཚམས་སུ་མགོན་པོ་གིས་མི་མང་ལ་བཀའ་སློབ་བསྩལ་ཏེ་འོན་མངའ་རེས་ཀྱི་དགོན་པ་དེ་ཉིད་༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་ཕྱག་བཏབ་པ་ཞིག་ཡིན་པར་བརྟེན་༸རྒྱལ་བ་རིམ་བྱོན་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པར་བཀའ་བསྩལ་བ་དང་སྦྲགས། བོད་མི་རྣམས་ཀྱིས་དུས་རྒྱུན་ནས་ཆོས་ལུགས་ལ་རྨོངས་དད་བྱེད་རྒྱུ་དེ་མ་ཡིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱས་ནས་ནང་པའི་གཞུང་ལ་སློབ་གཉེར་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བཀའ་སློབ་བསྩལ་འདུག གཞན་ཡང་མགོན་པོ་མཆོག་གིས་འཛམ་གླིང་སྟེང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་དེང་རབས་ཀྱི་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་ཐུབ་མཁན་གྱི་ཆོས་ལུགས་དེ་ནི་བོད་བརྒྱུད་ནང་བསྟན་ཁོ་ན་ཡིན་སྟབས་མང་ཚོགས་ཀྱིས་དེ་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་ཡིན་པར་བཀའ་གནང་སྟེ་དགོན་པ་གྲྭ་ཚང་ཁག་གིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་ཕྱག་ལས་མང་དུ་གནང་བཞིན་ཡོད་ནའང་། མང་ཚོགས་ཀྱིས་ནང་ཆོས་ལ་སློབ་གཉེར་བྱེད་རྒྱུ་དེ་ནི་དབང་རྟུལ་དད་པའི་རྗེས་འབྲང་ལྟ་བུ་ཞིག་ལས་དོན་དམ་གྱི་སློབ་གཉེར་བྱེད་ཐུབ་ཀྱི་མེད་སྐོར་བཀའ་བསྩལ་འདུག རྩ་བའི་མགོན་པོ་༸གང་ཉིད་མཆོག་ཟླ་ ༨ ཚེས་ ༡༠ ཉིན་མ་ན་ལི་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་རྗེས་ཚེས་ ༡༣ དང་ ༡༤ དེ་རྗེས་ཚེས་ ༡༧ དང་ ༡༨ སོ་སོར་ས་གནས་ཀྱི་བོད་མི་དང་ཡུལ་མི་བཅས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ ༥༠༠༠ ལྷག་ཙམ་ལ་བྱང་ཆུབ་སེམས་འགྲེལ་དང། བློ་སྦྱོག་ཚིག་བརྒྱད་མ། ལག་ལེན་སོ་བདུན་མ་བཅས་ཀྱི་ཆོས་འབྲེལ་དང་། དེ་བཞིན་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཅས་བཀྲིན་བསྩལ་ཡོད་པ་རེད། ཕྱི་ཚེས་ ༢༣ ཉིན་འོན་མངའ་རི་དགོན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་གྲུབ་མཚམས་སུ་ཚེས་ ༢༤ ཉིན་མཁའ་ལམ་བརྒྱུད་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ནས་ད་ལྟའི་ཆར་ཁུལ་དེར་༸སྐུ་ལྷོད་བཞུགས་མཛད་མུས་ཡིན་པ་དང། མཛད་འཆར་ལྟར་ན་མགོན་པོ་མཆོག་ཕྱི་ཚེས་ ༢༩ ཉིན་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་གྱི་མཐོ་སློབ་ཞིག་ཏུ་ཆིབས་བསྒྱུར་གྱིས་བཀའ་སློབ་བཀྲིན་བསྩལ་རྒྱུའི་མཛད་རིམ་ཡོད་པ་དང་། དེ་རྗེས་སླར་ལྡི་ལིར་༸ཞབས་སོར་འཁོད་དེ་ཉིན་ཤས་རིང་༸སྐུ་ལྷོད་བཞུགས་མཛད་གྲུབ་རྗེས་བཞུགས་སྒར་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད།

Latest news