Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2019

ཡོ་རོབ་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་ཡོ་རོབ་རྒྱལ་ཁབ་སེ་པན་གྱི་གྲོང་ཁྱེར་སྦར་སི་ལོ་ནའི་ནང་ཡོ་རོབ་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་གི་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ་འདུ་སྐོང་གིས་ཡོ་རོབ་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་དེ་བསྐོང་ཚོགས་གནང་སོང་། འདས་པའི་ལོ་ཤས་ནང་ཡོ་རོབ་ཁུལ་དུ་སྐྱབས་བཅོལ་བོད་མིའི་གྲངས་འབོར་ཇི་མང་དུ་འགྲོ་བཞིན་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་འོངས་པར་ཡོ་རོབ་ཁུལ་གྱི་བོད་རིགས་ཀྱི་སྤྱི་མཐུན་ཚོགས་ཁག་གི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་གནང་ཐོག་བོད་མིའི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ། དེ་བཞིན་བོད་མིིའི་འཐབ་རྩོད་གོང་བུ་ཆིག་སྒྲིལ་རྒྱུན་གནས་སྲ་བརྟན་ཡོང་བར་དམིགས་ཏེ་ཚོགས་འདུ་དེ་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག དེ་རིང་ཕྱི་ཚེས་ ༣༡ དང་སང་ཉིན་ཕྱི་ཟླ་ ༩ ཚེས་ ༡ བཅས་ཉིན་གཉིས་ཀྱི་རིང་སུད་སི་སྐུ་ཚབ་དོན་གཅོད་ཁང་དང་ཡོ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཐོུང་གིས་གོ་སྒྲིག་གནང་ཐོག་ཚོགས་འདུ་ཚོགས་ཀྱི་ཡོད་ཅིང་། ཚོགས་འདུ་ཐོག་ཡོ་རོབ་བོད་མིའི་མང་སྤྱི་འཐུས་རྣམ་པ་གཉིས་དང་སུད་སི་དང་ཕ་རན་སི། ཨིན་ཡུལ། བྷེལ་འཇམ་བཅས་ཀྱི་སྐུ་ཚབ་དོན་གཅོད་དང་འབྲེལ་མཐུད་པས་གཙོས་པའི་ཡོ་རོབ་རྒྱལ་ཁབ་ ༡༦ ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༡༤ ནས་སྐུ་ཚབ་འཐུས་མི་བཅས་ཚོགས་བཅར་བ་ཁྱོན་ ༢༩ ཙམ་འདུ་འཛོམས་བྱུང་འདུག རྩ་བའི་ཐེངས་འདིའི་ཚོགས་འདུ་ཐོག་གཙོ་བོ་མ་འོངས་པར་ས་གནས་ཁག་ཏུ་བོད་ཕྲུག་ཚོར་ཡུལ་དུས་ལ་བསྟུན་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་ཁྱབ་སྤེལ་གནང་རྒྱུ་དང་། ས་གནས་སོ་སོའི་རྒྱལ་ཁབ་ནང་བོད་དོན་ཁྱབ་སྤེལ་ནུས་ལྡན་ཡོང་ཐབས། བོད་རིགས་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཁག་སྔར་ལྷག་ཚགས་ཚུད་གཏོང་ཐབས་དང་སྒྲིག་འཛུགས་མེད་སར་གསར་འཛུགས་ཡོང་ཐབས། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན། དེ་བཞིན་རིང་མིན་བཞུགས་སྒར་དུ་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་དང་འབྲེལ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་གནང་རྒྱུ་བཅས་གྲོས་གཞི་དོན་ཚན་ལྔ་སོགས་ཀྱི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད། སྤྱིར་སྔར་དང་མི་འདྲ་བར་འདས་པའི་ལོ་ཤས་ནང་ཡོ་རོབ་ཁུལ་རྒྱལ་ཁབ་སུད་སི་དང་ཕ་རན་སི། དེ་བཞིན་བྷེལ་འཇམ་གཙོས་ཡོ་རོབ་རྒྱལ་ཁབ་གཞན་ཁག་ཏུ་སྐྱབས་བཅོལ་བོད་མི་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་ད་ལྟའི་ཆར་ཡོ་རོབ་ཁུལ་དུ་སྐྱབས་བཅོལ་བོད་མིའི་ཉིས་ཁྲི་ལྷག་ཙམ་ཡོད་པར་ཚོད་དཔག་གནང་གི་ཡོད་པ་རེད་འདུག    

རྒྱ་གཞུང་གིས་ཧོང་ཀོང་ནང་དུ་ཞི་བདེ་དཀྲུགས་པར་སྐྱོན་བརྗོད།

ཁ་སང་ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་མི་གྲངས་ ༡༥༠ ལྷག་ནས་ཧོང་ཀོང་མི་མང་གི་མང་གཙོ དང་རང་དབང་གི་མངོན་འདོད་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་ལས་འགུལ་ཞིག་སྤེལ་སོང་། ཁ་སང་ཉིན་རྒྱབ་ཚོུད་ ༣ ཙམ་ལ་བོད་རིགས་ན་གཞོན་མི་གྲངས་ ༡༥༠ བརྒལ་བས་ཉི་གདུགས་སྟེང་དུ་ཧོང་ཀོང་མི་མང་གི་རྒྱབ་ཏུ་ང་ཚོ་ཡོད། ཧོང་ཀོང་ལ་མང་གཙོའི་རང་དབང་སྤྲོད་དགོས།  བོད་ཧོང་ཀོང་དང་མཉམ་དུ་ཡོད་ཅེས་སོགས་ཀྱི་འབོད་ཚིག་བཀོད་དེ་ལྡི་ལི་གསར་པའི་གྲོས་ཚོགས་ལམ་གཞུང་བརྒྱུད་ཇན་ཏར་མན་ཏར་བར་སྐད་འབོད་བྱེད་བཞིན་པར་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་།    ལས་འགུལ་གོ་སྒྲིག་ཞུ་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཧོང་ཀོང་དང་མཉམ་དུ་ཡོད་ཅེས་པའི་ཐེངས་འདིའི་ལས་འགུལ་ནི་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། ལྷག་དོན་རྒྱ་ནག་གི་གཉའ་གནོན་འོག་ཡོད་པའི་བོད་མི་དང་ཤར་ཏུར་ཀི་སི་ཐན། སོག་པོ་བཅས་ཐུན་མོང་ནས་ལས་འགུལ་ཞིག་སྤེལ་ཚེ་རྒྱ་ནག་ལ་ངེས་པར་དུ་བརྡ་ལན་ཞིག་འཕྲོད་ངེས་ཡིན་པ་དང་། ཧོང་ཀོང་ལས་འགུལ་དེ་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མ་འོངས་པར་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་ལ་ལེགས་ཆ་མང་པོ་ཞིག་བླང་རྒྱུ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་གི་འདུག གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་དང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཚོགས་པའི་ཁོངས་སུ་ས་གནས་ཀྱི་ཡན་ལག་ ༨༨ དང་ཚོགས་མི་གྲངས་ ༣༥༠༠༠ ལྷག་ཡོད་པར་གདེང་འཇོག་གནང་གི་ཡོད་པ་རེད།  སྒྲིག་འཛུགས་ཀྱི་ངོས་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བསྒྲུབས་རྗེས་ཕྱི་དྲོ་བོད་སྒར་བསམ་ཡས་གླིང་དུ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་པ་མ་ཟད། གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཧོང་ཀོང་སྲིད་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་མང་གཙོའི་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་དང་།  ལྷག་དོན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་བཀོད་བྱུས་འོག་ཧོང་ཀོང་གི་ཞི་བའི་ལས་འགུལ་བ་ཚོར་བཙན་དབང་གིས་དྲག་གནོན་སྤེལ་རྒྱུ་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་ཡང་ཆེད་བཏོན་གནང་འདུག དེ་དང་ཕྱོགས་མཚུངས་སུ་དེ་རིང་སྔ་དྲོ་ཚོུད་༡༠ ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་དོན་ལྟར་ངྷ་སའི་མེག་གྷན་གྱི་སྲང་ལམ་དུ་མི་མང་ནམཉམ་ཞུགས་བྱས་པ་བརྒྱུད་ཧོང་ཀོང་གི་དོན་རྐྱེན་ཁྲོད་མིག་ལ་མེ་དམའ་ཕོག་པའི་སྙིང་སྟོབས་ཅན་གྱི་བེུད་དེས་གཙོས་པའི་ལས་འགུལ་ཁྲོད་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཁྲོམ་སྐོར་གནང་ཡོད།

རེས་གཟའ་སྤེན་པ། ༢༠༡༩།༠༨།༣༡

ཉན་པ།: Listen ཕབ་ལེན། Download ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཧོང་ཀོང་གི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་དང་འབྲེལ། རྒྱ་གཞུང་གིས་ཁུལ་དེའི་ཞི་བདེ་དཀྲུག་པར་སྐྱོན་བརྗོད། གཏམ་རྒྱུད་འཁྲབ་སྟོན་བརྒྱུད་རྒྱལ་སྤྱིའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་སྲུང་བརྩི་ཞུས་པ། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ནས་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ལའང་ཞིབ་བཤེར་ནན་མོ་བྱེད་བཞིན་པ། ཡོ་རོབ་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་དེ་སྐོང་འཚོགས་གནང་བ། དམིགས་བསལ་ལས་རིམ། ༸གོང་ས་མཆོག་གིས་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད། Saturday 31/08/2019 Tibetans hold solidarity vigil for Hong Kong, slam China for disrupting peace Dharamsala marks Day of the Disappeared with a street theater China intercepting WeChat messages from abroad too Europe Tibetan Associations hold annual meet Feature: Dalai Lama's teaching on Eight verses of mind training

ཕྱི་ཕྱོགས་ནས་སྐད་འཕྲིན་སྤྱོད་མཁན་ལའང་ཞིབ་བཤེར་ནན་མོ་བྱེད་བཞིན་འདུག

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་ནག་གི་ cyberspace འམ་མཁའ་འབྲེལ་གྱི་གློག་ལམ་བཟོ་གྲྭ་ནི་འཛམ་གླིང་ཐོག་གི་དམ་དྲག་ཆེས་ཆེ་བའི་བཟོ་གྲྭ་ཡིན་པ་དང་། རྒྱ་ནག་གི་ Tencent ཞེས་པའི་འཕྲུལ་ལས་ཀྱི་བཟོ་གྲྭ་ཆེ་ཤོས་ཀྱིས་བཟོ་སྒྲུན་བྱས་པའི་སྐད་འཕྲིན་གྱི་མཉེན་ཆས་དེར་ཟླ་གཅིག་གི་ནང་དུ་སྤྱོད་མཁན་ཐེར་འབུམ་གཅིག་ལྷག་བརྒལ་གྱི་ཡོད་པ་དང་། ད་ཆ་འཕྲུལ་ལས་ཀྱི་ཞིབ་འཇུག་པས་བརྗོད་པ་ལྟར་ན་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་ནས་སྐད་འཕྲིན་བེད་སྤྱོད་བྱེད་མཁན་ལ་ཞིབ་བཤེར་བྱེད་འགོ་ཚུགས་ཡོད་པ་བརྗོད་འདུག Dutc ཡི་དྲྭ་རྒྱ་ཞིབ་འཇུག་པ་ཞིག་གིས་ NPS ཞེས་པའི་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་ལ་བརྗོད་པ་ལྟར་ན་ད་ལྟ་རྒྱ་ནག་གིས་རྒྱལ་མཚམས་བརྒལ་དེ་ཕྱི་ཕྱོགས་ནས་སྐད་འཕྲིན་བེད་སྤྱོད་བྱེད་མཁན་གྱི་ཡིག་ཚགས་མང་པོར་ཞིབ་བཤར་བྱེད་འགོ་ཚུགས་ཤིང་། ཕྱི་ཕྱོགས་ཀྱི་སྐད་འཕྲིན་ནང་གི་ཡིག་ཚགས་ས་ཡ་མང་པོ་གསོག་འཇོག་གིས་རྒྱ་ནག་གི་བདེ་འཇགས་ལྷན་ཁང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ཡོངས་གྲགས་གནང་འདུག ཨ་རིའི་རླུང་འཕྲིན་ཁང་གིས་རྒྱ་ནག་གིས་སྐད་འཕྲིན་བཀག་འགོག་བྱས་པའི་མི་སེར་གསུམ་ལ་བཅར་འདྲི་ཞུས་པར་ཨ་རིའི་མི་སེར་ཡིན་པའི་འཕྲུལ་ལས་ཀྱི་ཆེད་མཁས་པ་ Stephen ལགས་ཀྱིས་མི་སུ་ཞིག་ཡུལ་ཕྱོགས་གང་དུ་གནས་མེད་ལ་ལྟོས་མེད་ཀྱིས་རྒྱ་ནག་གིས་སྐད་འཕྲིན་ལ་བཏང་འཛིན་བྱེད་ཐུབ་ཀྱི་ཡོད་པར་བརྗོད་དེ་ཁོང་གིས་སྐད་འཕྲིན་ལས་མི་གསུམ་ལས་མང་བར་འབྲེལ་བ་བྱས་ན་འཕྲལ་དུ་སྐད་འཕྲིན་ལས་མི་གཞན་ལ་བཏང་བའི་ཡིག་ངག་གི་བརྡ་ལན་གང་ཡང་ཕར་འབྱོར་གྱི་མེད་པ་ཤེས་རྟོགས་བྱུང་ཡོད་པ་བརྗོད་པ་མ་ཟད་རྒྱ་ནག་གིས་དེ་ལྟར་དྲྭ་རྒྱར་དམ་དྲག་བྱེད་བཞིན་པ་ད་ནི་ཧང་སང་དགོས་པ་ཞིག་རེད་ཅེས་བརྗོད་འདུག ད་ཆ་རྒྱ་ནག་གིས་སྐད་འཕྲིན་བཏང་འཛིན་གྱི་མ་ལག་དག་ཕྱི་ལོག་ཏུ་འབོར་འདྲེན་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་འདུག དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་དྲྭ་རྒྱའི་ཡིག་ཚགས་ཞིབ་འཇུག་པ་ DGI ཞེས་པའི་ཚོགས་གཙོ་སྐུ་ཞབས་ Victor Gevers ལགས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་འཛམ་གླིང་གི་ཡིག་ཚགས་མང་པོ་ཞིག་ཐད་ཀར་རྒྱ་ནག་དང་ལྷན་དུ་འབྲེལ་ནས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་བརྗོད་འདུག དེ་བཞིན་སྐུ་ཞབས་ Victor Gevers ལགས་ཀྱིས་འདི་ལོའི་ཟླ་བ་གསུམ་པའི་ནང་དུ་རྒྱ་ནག་གིས་ཉར་ཚགས་བྱས་ཡོད་པའི་སྐད་འཕྲིན་གྱི་སྐྲ་མཛོད་ཐེར་འབུམ་གཅིག་དང་འཕྲིན་ཐུང་ཐེར་འབུམ་ ༣༌༧ ཅན་ཞིག་རྙེད་སོན་བྱུང་བ་ལྟར། ཁོང་གིས་རང་གི་ twitter ཐོག་ཏུ་ཁྱབ་བསྒྲགས་བྱས་པའི་ཁྲོད་སྒྲ་མཛོད་དང་འཕྲིན་ཐུང་དེ་དག་ GPS འམ་ས་རྒྱུས་ཀྱི་འཚོལ་བཤེར་མ་ལག་བརྒྱུད་ནས་རྒྱལ་ཁབ་སོ་སོར་གཞིགས་ནས་ས་གནས་ཡོད་ཚད་དང་འབྲེལ་ནས་ཡོད་པ་ཤེས་རྟོགས་བྱུང་བ་དང་། སྒྲ་དང་འཕྲིན་དེ་དག་ལས་མང་ཤོས་རྒྱ་ནག་ནང་ཁུལ་ནས་ཕར་གཏོང་ཚུར་གཏོང་བྱས་ཡོད་ནའང་། སྒྲ་འཕྲིན་ས་ཡ་ ༡༩ ཙམ་ཕྱི་ལོག་གི་རྒྱལ་ཁབ་ཐེ་ཝན་དང་ཨ་རི། ལྷོ་ཀོ་ཡི་དང་ཨོ་གླིང་ནས་རྒྱ་ནག་ཏུ་བཏང་ཡོད་པ་ཡོངས་གྲགས་གནང་འདུག ཁོང་གིས་མུ་མཐུད་དུ་བརྗོད་དོན་རྒྱ་ནག་ནང་གི་གནས་ཚུལ་དེ་ལ་ཞིབ་འཇུག་བྱེད་དུས་གནམ་སྡེ་སྒོར་མོ་ཆེ་དང་ཞི་ཅིན་ཕིང་ཟེར་བ་སོགས་ཀྱི་སྤྱི་མཐུན་གྱི་ཚིག་གྲུབ་མང་པོ་ཞིག་ཡོད་པ་ཡང་ཤེས་རྟོགས་བྱུང་བ་ལྟར་དེ་ལྟ་བུའི་ཚིག་གྲུབ་ཡོད་པ་རྣམས་གང་མགྱོགས་རྒྱ་ནག་གི་ཉེན་རྟོག་པར་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ར་སྤྲོད་བྱས་འདུག དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ Freedom  House ཞེས་པའི་ཉམས་ཞིབ་པ་རྒན་པ་ལྕམ་སྐུ་ Sarah Cook ལགས་ཀྱིས་སྐད་འཕྲིན་ནི་རྒྱ་རིགས་འགྲུལ་བཞུད་པ་ཁོ་ནས་བེད་སྤྱོད་བྱེད་བཞིན་པ་ཞིག་མ་ཡིན་པར་རྒྱ་ནག་གི་ཁྲིམས་དོན་དང་རྒྱ་ནག་ནས་ཕྱིར་ཕུད་བཏང་བའི་སྤྱི་ཚོགས་དང་ལྷན་དུ་ཆབ་སྲིད་པ་མང་པོས་བེད་སྤྱོད་བྱེད་ཀྱི་ཡོད་པ་བསྒྲགས་ཏེ་ཁོང་ཚོས་ཅི་ཞིག་བཤད་བཞིན་པ་ཡོད་ཚད་རྒྱ་ནག་གི་ཞིབ་བཤེར་གྱི་འོག་ཏུ་འགྲོ་ཡི་ཡོད་པར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེར་བཏོན་འདུག དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱ་རིགས་སྨན་པ་ David ལགས་ཀྱིས་ཁོང་གིས་སྔོན་ཆད་སྐད་འཕྲིན་གྱི་ཚོགས་པ་ནང་དུ་ཆབ་སྲིད་དང་འབྲེལ་བའི་ཡིག་རིགས་མང་པོ་སྐུར་བཞིན་ཡོད་ཀྱང་བར་ལམ་ཞིག་ནས་ཁོང་གིས་གཞན་གྱིས་སྐུར་བ་རྣམས་ལ་བལྟ་ཀློག་བྱེད་ཐུབ་ནའང་། ཁོ་རང་གིས་སྐུར་བའི་ཡིག་རིགས་དང་སྐད་སོགས་སུས་ཀྱང་མཐོང་མི་ཐུབ་པ་ཞིག་བཟོས་འདུག་ཅེས་གསུངས་ཏེ་རྒྱ་ནག་གི་སྐད་འཕྲིན་བཏང་འཛིན་བྱེད་ཕྱོགས་འདིས་ད་ཆ་ཁོང་གི་སེམས་ཁམས་དང་སྤྱོད་པ་ཡོད་ཚད་ལ་འགྱུར་བ་ཐེབས་ཡོད་པས་སྐད་འཕྲིན་སྤྱོད་དུས་གཟབ་ནན་གནང་དགོས་ཀྱི་ཡོད་ཅེས་གསུང་འདུག ཁོང་གིས་ད་དུང་སྔོན་ཆད་ཀྱི་སྐད་འཕྲིན་རྙིང་པ་དེ་དོར་ནས་ད་ཆ་སྐད་འཕྲིན་གསར་པ་ཞིག་བཟོས་ཡོད་པ་དང་། སྐད་འཕྲིན་ནི་རྒྱ་ནག་ནང་གི་ཉེ་འབྲེལ་ཡོངས་ལ་འབྲེལ་བ་བྱེད་སྤྱད་ཁོ་ན་ཡིན་པར་བརྗོད་ཡོད་པ་མ་ཟད་སྐད་འཕྲིན་རྙིང་པ་དེ་དོར་ནས་གསར་པ་ཞིག་བཟོ་བའི་བརྒྱུད་རིམ་ཁྲོད་ཁོང་གིས་རྒྱ་ནག་དང་ཕྱི་རྒྱལ་གྱི་འབྲེལ་འདྲེས་ཡོད་པའི་མི་མང་པོ་ཞིག་བོར་བརླགས་བྱུང་སོང་ཞེས་གསུངས་ཡོད། ཉེ་ཆར་རང་བོད་ནས་བཙན་བྱོལ་དུ་ཕེབས་པའི་མཐོ་སློབ་ཀྱི་སློབ་མ་ཞིག་ལ་དེ་འབྲེལ་བཅར་འདྲི་ཞུས་པར་བོད་ནང་དུ་སྐད་འཕྲིན་གྱི་ནང་དུ་ཡིག་རིགས་འདྲ་མིན་གཏོང་བ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས། ད་ཆ་བོད་ནང་དུ་སྐད་འཕྲིན་གྱི་ཚོགས་པ་ཞིག་གཉེར་ན་རང་ཉིད་ཀྱིས་འགན་ཁུར་ན་མ་གཏོགས་རྒྱལ་རབས་དང་ལོ་རྒྱུས་འབྲེལ་བའམ་རྒྱ་ནག་གི་ཁྲིམས་དང་འགལ་བ་ཞིག་སྤེལ་ཚེ་དུས་ཐོག་ཏུ་འཛིན་བཟུང་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་སོང་། ལྷག་དོན་མི་སྒེར་ཞིག་གི་རྩོམ་ཡིག་ཅིག་བྲིས་པ་ཡིན་ནའང་སྤྱི་ཚོགས་དྲྭ་རྒྱ་ལ་སླེབས་མཚམས་སུ་རྒྱལ་ཁབ་ཀྱིས་ཞིབ་འཇུག་བྱེད་ཀྱི་ཡོད་སྟབས་ལས་སླ་པོའི་ངང་ནས་བཙོན་དུ་འགྲོ་དགོས་པ་ཆགས་ཀྱི་ཡོད་སྐོར་གསུངས་སོང་བ་དང་ཆབས་ཅིག ཐ་ན་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ལགས་སུ་ཡང་ཉེས་ཆད་གཅོད་ཀྱི་ཡོད་པར་ངོ་སྤྲོད་གནང་སོང་།

རེས་གཟའ་པ་སངས། ༢༠༡༩།༠༨།༣༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་དབུ་བཞུགས། སྐད་འཕྲིན་ཐོག་ཁྲིམས་འགལ་གྱི་གནད་དོན་སྤེལ་མཁན་རྣམས་ལ་ལོ་བརྒྱད་བར་ཁྲིམས་ཐག་གཅད་རྒྱུ། Joshua Wong ལགས་གཙོས་ཧོང་ཀོང་གི་ལས་འགུལ་བ་ཁག་གཅིག་འཛིན་བཟུང་། Ilham Tohti ལགས་ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་མཁན་གྱི་འོས་མིར་འདེམས་ཐོན། ལ་དྭགས་ཀྱི་ཆེས་མཐོའི་མི་སྣར་དགོང་ཚིགས་འདེགས་འབུལ། དམིགས་བསལ་ལས་རིམ། བྱང་སེམས་ཚོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར། Friday 30/08/2019 Dalai Lama graces 52nd National Convention of AINACS in Mangalore China announces imprisonment up to eight years for ‘illegal’ online content Hong Kong protest leaders arrested before weekend rallies Imprisoned Uyghur scholar Ilham Tohti nominated for the Vaclav Havel Human Rights Prize CTA, Ladakh CRO hosts gala dinner to celebrate UT status to Ladakh DIASPORA FEATURE: Jangsem Youth Club

༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༢ ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་རྒྱ་གར་ལྷོ་ཕྱོགས་ Karnataka མངའ་སྡེའི་ Mangalore གྲོང་ཁྱེར་ནང་གི་ Father Muller ཚོགས་ཁང་ཆེན་མོར་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༢ ཐོག་དབུ་བཞུགས་མཛད་འདུག མགོན་པོ་༸གང་ཉིད་མཆོག་ཁ་སང་ Mangalore གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་དེ་རིང་སྔ་དྲོ་ཁུལ་དེའི་ Kankanady ས་གནས་སུ་ཆགས་པའི་ Father Muller ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་འབྲེལ་དེར་འཛོམས་པའི་ཡི་ཤུའི་སློབ་གྲྭ་ཁག་འདྲ་མིན་གྱི་སློབ་སྤྱིས་གཙོས་པའི་ཚོགས་བཅར་བ་ཡོངས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་འདུག དེ་རིང་གི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མའི་ངོས་ནས་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་དགོས་པ་དང་། འགྲོ་བ་མི་གཅིག་མཚུངས་ཀྱི་བློ་འཛིན་དགོས་པ། དེང་སྐབས་སློབ་ཕྲུག་གཞོན་སྐྱེས་ཚོར་ཕྱི་དངོས་པོའི་ཤེས་ཡོན་སྤྲད་པ་ཙམ་མིན་པར་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་སྤྲོད་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་མཛད་འདུག གཞན་ཡང་དེ་རིང་སྔ་དྲོ་༸གོང་ས་མཆོག་ནས་མེང་ལོར་གྲོང་ཁྱེར་དང་ཉེ་འཁོར་གྱི་མཐོ་སློབ་ཁག་ཏུ་སློབ་བཞིན་པའི་བོད་པའི་སློབ་ཕྲུག་ ༢༣༠ སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ་དང་། དེ་བཞིན་མེང་ལོར་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་དང་གཙུག་ལག་སློབ་གཉེར་ཁང་ཞིག་གི་རིགས་བདག ས་གནས་ཁྲིམས་དཔོན་བཅས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་དང་ཐ་དད་ཡིན་པ་དང་། བོད་པའི་སློབ་ཕྲུག་རྣམས་ནས་ནང་ཆོས་ལ་དོ་སྣང་བྱེད་དགོས་གལ་དང་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་འདུག གཞི་རྩའི་དེ་རིང་གི་མཛད་སྒོ་དང་འབྲེལ་ནས་ས་གནས་དེར་ཡོད་བོད་པའི་སློབ་ཕྲུག་གཙོ་གྱུར་ཨ་རུ་ནཱ་ཅལ་མངའ་ཁུལ་དང་འབྲུག་ནས་ཡིན་པའི་སློབ་ཕྲུག་རྣམས་ལ་ཡང་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད། འབྲེལ་ཡོད་༸སྐུ་པར་རྣམས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

སྐད་འཕྲིན་ཐོག་ཁྲིམས་འགལ་གྱི་གནད་དོན་སྤེལ་མཁན་རྣམས་ལ་ལོ་བརྒྱད་བར་ཁྲིམས་ཐག་གཅད་རྒྱུ།

རྒྱ་ནག་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་གཞུང་གིས་ཟླ་བ་འདིའི་ཚེས་ ༢༧ ཉིན་ཛ་དྲག་གི་བརྡ་ཁྱབ་ཅིག་འདོན་སྤེལ་བྱས་ཏེ་སྐད་འཕྲིན་ཚོགས་པར་དོ་དམ་སླད་ཚང་མས་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་བཏང་བ་མ་ཟད། དྲྭ་རྒྱའི་ཐོག་སྐད་འཕྲིན་སྤྱོད་མཁན་ཚོགས་སྒེར་གང་འདྲ་ཞིག་ནས་དུས་ཚོད་ནམ་ཞིག་དང་ས་གནས་གང་རུང་དུ་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་ཚོགས་པར་གནོད་པའི་ཁྲིམས་འགལ་གྱི་གནད་དོན་རིགས་རྩ་བ་ནས་སྤེལ་མི་ཆོག་པ་དང་། གལ་ཏེ་ཁྲིམས་འགལ་གྱི་གནད་དོན་སྤེལ་མཁན་རྣམས་ལ་ལོ་བརྒྱད་བར་ཁྲིམས་ཐག་གཅད་རྒྱུའི་ཉེན་བརྡ་བཏང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གི་བརྡ་ཁྱབ་དེ་ནི་གཙོ་བོ་དྲྭ་རྒྱའི་ཐོག་གི་མི་བཅུ་ཡན་གྱི་སྐད་འཕྲིན་ཚོགས་པ་ཁག་ལ་དམིགས་པ་ཞིག་ཡིན་པ་དང་། བརྡ་ཁྱབ་དེ་གཞིར་བཟུང་ལྟར་ན་སྐད་འཕྲིན་ཚོགས་པ་སོ་སོའི་ངོས་ནས་རང་ཉིད་ཀྱི་ཚོགས་མི་ཡོངས་ལ་བརྡ་ཁྱབ་དེ་བརྒྱུད་སྤེལ་བྱེད་དེ་ཁ་དམ་པོ་བཟུང་ནས་རང་ཚུགས་བརྟན་པོའི་ཐོག་འཆལ་གཏམ་སྒྲོག་མི་ཆོག་པ་དང་། ཚོར་བ་རྣོ་བའི་ཆར་འཕྲིན་རིགས་སྤེལ་མི་ཆོག་པ་མ་ཟད་ཁྲིམས་འགལ་གྱི་ལས་དོན་དེ་ལྟར་སྤེལ་མཁན་ཚོགས་སྒེར་སུ་ཡིན་རུང་ད་ལྟའི་ནག་འཇོམས་ངན་སེལ་གྱི་ལས་འགུལ་འོག་ཁྲིམས་ཐག་གཅད་རྒྱུ་ཡིན་པ་བརྗོད་འདུག སྐད་འཕྲིན་ཚོགས་པ་སོ་སོའི་ཚོགས་གཙོ་རྣམས་ནས་དེའི་ཐོག་འགན་ཁུར་དགོས་པའི་སྐུལ་མ་བཏང་བ་དང་སྤྱིར་སྲིད་གཞུང་གྱི་འབྲེལ་ཡོད་ཚན་པ་རྣམས་ནས་ད་ལྟའི་འཆར་སྐད་འཕྲིན་ཚོགས་པའི་ཐོག་ཁྲིམས་ལྟར་ཐག་གཅོད་བྱེད་བཞིན་པ་དང་འབྲེལ་ཚོགས་པ་སོ་སོའི་ནང་སྤེལ་བའི་གནད་དོན་ཐོག་དོ་སྣང་ནན་པོ་བྱེད་བཞིན་ཡོད་པས་དེ་འབྲེལ་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་འདུག བརྡ་ཁྱབ་དེའི་ཐོག་གཙོ་བོ་དོན་ཚན་བཅུ་ཆེད་བཀོད་བྱས་པའི་ནང་ཆབ་སྲིད་ཀྱི་གནད་དོན་དང་། འཆལ་གཏམ། རྒྱལ་ཁབ་ཀྱི་གསང་བ། འཇིགས་སྐུལ་གྱི་བརྡ་ཕྲིན། དྲག་དམག་དང་འབྲེལ་བའི་གནད་དོན། སྲིད་གཞུང་གི་ལས་བྱེད་ཚོའི་པར་དང་བརྙན་སོགས་སྤེལ་ཆོག་གི་མེད་པ་མ་ཟད་ཐེ་ཝན་དང་ཧོང་ཀོང་། མ་ཀའོ་བཅས་ཀྱི་གནད་དོན་ཐོག་སྲིད་གཞུང་གིས་ཁྱབ་བསྒྲགས་མ་བྱེད་གོང་ཆར་འཕྲིན་གང་གི་ཐོག་ནས་བརྒྱུད་སྤེལ་བྱེད་ཆོག་གི་མེད་པ་སོགས་བརྗོད་འདུག

Joshua Wong ལགས་གཙོས་ཧོང་ཀོང་གི་ལས་འགུལ་བ་ཁག་གཅིག་འཛིན་བཟུང་།

འདི་ལོའི་ཕྱི་ཟླ་ ༦ པ་ནས་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་རྐྱེན་པས་ས་གནས་ན་གཞོན་གཙོ་གྱུར་མང་ཚོགས་ནས་ཧོང་ཀོང་གཞུང་ལ་ངོ་རྒོལ་རིམ་པ་གནང་བའི་ཁྲོད་མང་ཚོགས་དང་ཉེན་རྟོག་པ་དབར་གདོང་ཐུག་མི་ཉུང་བ་བྱུང་ཡོད་སྟབས་ཉེན་རྟོག་པས་ཧོང་ཀོང་མང་གཙོའི་ལས་འགུལ་བ་ Joshua Wong ལགས་གཙོས་ལས་འགུལ་བ་ཁག་གཅིག་འཛིན་བཟུང་བྱས་འདུག ཧོང་ཀོང་གི་ Demosisto ཆབ་སྲིད་ཚོགས་པས་ Twitter ཐོག་ཚོགས་པ་གསར་འཛུགས་གནང་མཁན་དང་།  དེ་སྔ་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་ Umbrella Movement འམ་ཆར་གདུགས་ཀྱི་ལས་འགུལ་ཞེས་མང་གཙོའི་ལས་འགུལ་འགོ་ཁྲིད་བ་ན་གཞོན་ Joshua Wong ལགས་དང་མང་གཙོའི་ལས་འགུལ་བ་ Agnes Chow ལགས་གཉིས་དེ་རིང་སྔ་དྲོ་ཚོུད་ ༧༌༣༠ ཙམ་ལ་ཉེན་རྟོག་པས་འཛིན་བཟུང་གིས་ Wan Chai ཉེན་རྟོག་ལས་ཁུངས་སུ་ཁྲིད་ཡོད་པ་བརྗོད་འདུག གནད་དོན་དེ་འབྲེལ་ཉེན་རྟོག་པས་སྤྱི་བསྒྲགས་སྤེལ་བར་ Joshua Wong ལགས་དང་ Agnes Chow ལགས་རྣམ་གཉིས་ནས་ཤེས་བཞིན་དུ་ཆོག་མཆན་མེད་པའི་འདུ་འཛོམས་ནང་མཉམ་ཞུགས་གནང་བ་དང་། དེ་བཞིན་དེ་འབྲེལ་གནང་རྒྱུ་གཞན་ལའངབརྒྱུད་སྐུལ་བྱས་པ་མ་ཟད། Joshua Wong ལགས་ནས་ཁྲིམས་འགལ་གྱི་འདུ་འཛོམས་གོ་སྒྲིག་གནང་བའི་དོགས་གཞིའི་འོག་འདྲི་རྩད་སླད་འཛིན་བཟུང་བྱས་པར་བརྗོད་འདུག འོན་ཀྱང་དེ་རིང་ཕྱི་དྲོ་གནས་ཚུལ་ཐོན་པར་གཞིགས་ཚེ་ཁོང་གཉིས་གཏའ་དངུལ་ཐོག་ནས་གློད་བཀྲོལ་བཏང་ཡོད་པ་རེད་འདུག ཉེན་རྟོག་པས་ཧོང་ཀོང་རང་དབང་འཐབ་རྩོད་ཀྱི་འགོ་ཁྲིད་ Andy Chan ལགས་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཉེན་རྟོག་པར་བཙན་རྒོལ་གནང་བའི་དོགས་གཞི་འོག་རེས་གཟའ་ཕུར་བུའི་ཉིན་འཛིན་བཟུང་བྱས་ཡོད་པ་རེད།   གཞི་རྩའི་Joshua Wong ལགས་དང་ཁོང་གི་ཕྱག་རོགས་བཅས་ཀྱིས་སྣེ་ཁྲིད་འོག་དེ་སྔ་ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་ཧོང་ཀོང་སྤྱི་ཁྱབ་འོས་བསྡུ་ཆེན་མོའི་འོས་མི་རྣམས་རྒྱ་ནག་དབུས་གཞུང་གིས་ཆེད་འཛུགས་བྱས་པའི་ཚོགས་ཆུང་ནས་གདམ་རྒྱུའི་ཐག་གཅོད་བྱས་པར་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ཆར་གདུགས་ཀྱི་ལས་འགུལ་སྤེལ་ཡོད་སྟབས་ སང་རེས་གཟའ་སྤེན་པའི་ཉིན་དེ་འབྲེལ་ཐག་གཅོད་བྱས་ནས་ལོ་ལྔ་འཁོར་གྱི་ཡོད་པ་དང་། སྒོས་ཉིན་དེར་ཧོང་ཀོང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་འགུལ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་ཀྱང་ཉེན་རྟོག་པས་དེ་འབྲེལ་ལས་འགུལ་སྤེལ་རྒྱུར་ཆོག་མཆན་སྤྲད་མེད་པ་རེད། ལས་འགུལ་བ་འཛིན་བཟུང་ཐད་ཧོང་ཀོང་བྷབ་ཊིསཊ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Kenneth Chan ལགས་ཀྱིས་ལས་འགུལ་བ་འཛིན་བཟུང་བྱས་པ་དེ་ལས་འགུལ་བའི་ཐོག་དྲག་གནོན་གྱི་ཆ་ཤས་གསར་པ་ཞིག་ཡིན་པ་མ་ཟད་གཞོན་སྐྱེས་འགོ་ཁྲིད་འཛིན་བཟུང་དེ་བརྒྱུད་ནས་ལས་འགུལ་བ་གཞན་ལ་འཇིགས་སྐུལ་བྱེད་རྒྱུར་དམིགས་པ་ཡིན་སྐོར་གསུངས་འདུག རྩ་བའི་ Joshua Wong ལགས་དང་ Agnes Chow ལགས་རྣམ་གཉིས་ནས་ཉེས་ཅན་རྩིས་སྤྲོད་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ནང་མཉམ་ཞུགས་དང་དེ་འབྲེལ་རྒྱབ་སྐྱོར་གནང་ཡོད་ཀྱང་། དམིགས་བསལ་གྱི་དེ་སྔ་བཞིན་ལས་འགུལ་སྣེ་ཁྲིད་སོགས་གནང་མེད་པ་རེད། Joshua Wong ལགས་ཀྱི་ཕྱག་རོགས་ Nathan Law ལགས་ཀྱིས་ད་རེས་ཀྱི་ལས་འགུལ་ནང་སྣེ་ཁྲིད་མཁན་ལོགས་སུ་མེད་ཀྱང་མང་ཚོགས་ནས་བསྟུད་མར་སྲང་ལམ་དུ་ཕེབས་ནས་ངོ་རྒོལ་གནང་བར་བརྒྱུད་སྐུལ་བྱེད་མཁན་ཞིག་ཡོད་ན་དེ་ནི་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གྱི་དྲག་པོའི་སྲིད་བྱུས་ཤིག་ཡིན་པར་གསུངས་འདུག སྤྱིར་ད་བར་ལས་འགུལ་ཁྲོད་མི་གྲངས་ ༨༠༠ ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་དང་ཧོང་ཀོང་མང་ཚོགས་ནས་ལས་འགུལ་བ་དེ་དག་ཆ་རྐྱེན་མེད་པར་གློད་བཀྲོལ་དང་ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་སྒོ་ནས་འདྲི་རྩད་བྱེད་དགོས་ཞེས་དགོས་འདུན་ཡང་ཡང་ཆེད་སྟོན་གནང་ཡོད་ཀྱང་། གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་ཉེན་རྟོག་པས་ཐེངས་དང་པོ་ལས་འགུལ་བར་ཉེན་བརྡའི་ཚུལ་དུ་ནམ་མཁར་མེ་མདའ་བརྒྱབ་པའི་གནད་དོན་བྱུང་ཡོད་པ་རེད།  རྒྱ་གཞུང་གི་གཞུང་འབྲེལ་གསར་ཁང་ Xinhua ཐོག་པེ་ཅིང་ལ་ཧོང་ཀོང་ནང་ཞི་བདེ་ལྷིང་འཇགས་བཟོ་སླད་འགན་ཁུར་དང་དབང་ཆ་ཡོད་སྟབས་གལ་ཏེ་ཧོང་ཀོང་ནང་འཁྲུག་ཟིང་ལངས་ན་རྒྱ་གཞུང་ནས་དེ་མ་ཐག་ཏུ་ཐེ་བྱུས་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། ད་ཆ་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བར་ཧོང་ཀོང་ནང་རྒྱ་གཞུང་གི་དམག་མི་མང་པོ་ཞིག་ཡོང་བའི་གནས་ཚུལ་ཐོན་ཡོད་པ་དང་རྒྱ་ནག་གཞུང་འབྲེལ་མི་སྣས་དེ་ནི་དུས་རྒྱུན་འཆར་ཅན་གྱི་སྐོར་སྐྱོད་བྱས་པ་ཞིག་ཡིན་པར་བརྗོད་འདུག

ལ་དྭགས་ཀྱི་ཆེས་མཐོའི་མི་སྣར་དགོང་ཚིགས་འདེགས་འབུལ།

ཁ་ཉིན་ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོར་ལ་དྭགས་བསོད་ནམས་གླིང་མཉམ་འབྲེལ་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དང་ལ་བྱང་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱིའི་ལས་ཁུངས་ཐུན་མོང་གིས་ལ་དྭགས་དེ་བཞིན་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་བར་རྟེན་འབྲེལ་དགའ་བསུའི་འཚམས་འདྲི་ཞུ་སླད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དབུས་བཞུས་ཐོག་ལ་དྭགས་ཀྱི་ཆེས་མཐོའི་མི་སྣ་༡༠༠ ཙམ་གདན་ཞུས་ཀྱིས་གཞས་སྣ་གཟིགས་འབུལ་དང་དགོང་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་འདུག གསོལ་སྟོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་པི་རྣམ་རྒྱལ་ལགས་དང་། དམིགས་བསལ་སྐུ་མགྲོན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གཙོས་པའི་ཆེས་མཐོའི་མི་སྣ་བརྒྱ་ཙམ་གདན་ཞུ་གནང་འདུག་པ་དང། སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་ལ་དྭགས་མི་མང་ཡོངས་ཀྱི་འདོད་དོན་རྙིང་པ་ཞིག་ད་ཆ་དངོས་སུ་གྲུབ་པར་འཚམས་འདྲི་དང་རྟེན་འབྲེལ་མཚོན་ཆེད་དུ་མཇལ་དར་སྒྲོན་གནང་འདུག དེ་བཞིན་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་པི་རྣམ་རྒྱལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ལ་སྤྱི་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་དང་གསོལ་སྟོན་རྒྱས་པ་ཞིག་བཤམས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ། ལ་དྭགས་མི་མང་ཡོངས་ནས་མི་ལོ་བཅུ་ཕྲག་བདུན་ལྷག་གི་རིང་འབད་པ་དུ་མའི་རྩོལ་བ་གནང་འབྲས་ད་རེ་དངོས་སུ་འཐོན་པ་བཞིན་ཉེ་བའོ་ལོ་ངོ་བཅུའི་ནང་བོད་ཀྱི་བདེན་མཐའ་སེལ་བར་ཡིད་ཆེས་གནང་བཞིན་ཡོད་སྐོར་དང་། བོད་མིའི་འཐབ་རྩོད་སླད་དུ་དུས་ནམ་ཡང་རོགས་འདེགས་ཞུ་རྒྱུའི་གྲ་སྒྲིག་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ South Asia, Bureau of Population, Refugees and Migration ཞེས་ཨ་རིའི་ལྷོ་ཨེ་ཤ་ཡའི་མི་འབོར་དང་སྐྱབས་བཅོལ་བ། གཞིས་སྤོ་བཅས་ཀྱི་ལས་ཁུངས་ཀྱི་ལས་འཆར་འགན་འཛིན་སྐུ་ཞབས་ Hefright Brook ལགས་དང་མཇལ་མོལ་གནང་འདུག སྐབས་དེར་བཀའ་བློན་མཆོག་ནས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲ་སྙན་སེང་ཞུས་འདུག་པ་དང་། སྐུ་ཞབས་ Hefright Brook ལགས་ཀྱིས་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མི་ཕྱིར་རྒྱ་ནག་ལ་རྩིས་སྤྲད་པའི་གནས་ཚུལ་རིགས་བྱུང་ཚེ་ཁོང་ལ་འབྲེལ་གནང་བ་ཡིན་ན། བལ་ཡུལ་གྱི་རྒྱལ་སར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་བརྒྱུད་གནས་ཚུལ་ཞིབ་གཅོད་གནང་ཆོག་གི་རེད་ཅེས་གསུངས་འདུག གཞན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་གི་ལས་ཁུངས་སུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་འཕེལ་རྒྱས་རྟོག་ཞིབ་ཚན་པའི་ངེས་སྟོན་པ་ Jon Stivers ལགས་དང་ཐུག་འཕྲད་གནང་འདུག་པ་མ་ཟད་སྐུ་ཞབས་ Jim McGovern མཆོག་གིས་མི་འགྱངས་པར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཆེད་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་ཐོག་ལ་གྲོས་བསྡུར་གནང་འདུག

Latest news