Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2019

རེས་གཟའ་ཟླ་བ། ༢༠༡༩།༠༧།༢༩

ཉན་པ།: Listen ཕབ་ལེན། Download རྨ་ལྷོ་སོག་རྫོང་གིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་འདུག ཕྱི་རྒྱལ་དུ་གནས་སྡོད་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བསྩལ་བ། སུད་སིར་བོད་མིའི་རྒྱལ་ཡོངས་དབྱར་དུས་འཛིན་གྲྭ་ཐེངས་དང་པོ་ཚོགས་པ། གླིང་རིན་པོ་ཆེ་མཆོག་གིས་མིའི་ཚུལ་ཁྲིམས་སྲུང་རྒྱུ་དེ་གལ་ཡིན་པར་བཀའ་བསྩལ་བ། བདེ་ལེགས་རྩལ་སྦྱོང་ཁང་དབུ་འབྱེད་གནང་བ། Monday 29/07/2019 Group of Sog county community makes ‘Mendrel Tensum’ offering to Dalai Lama Dalai Lama urges summer school kids to pay more attention to Tibetan language Tibetans in Switzerland host first Tibetan language and culture summer camp Ling Rinpoche in the US, urges Tibetans to uphold basic human values Health Kalon inaugurates new gym in Gangkyiz

རྨ་ལྷོ་སོག་རྫོང་གིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ།

དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བོའི་ཕོ་བྲང་དུ་རྨ་ལྷོ་སོག་རྫོང་གི་གཞིས་བྱེས་བོད་མིའི་སྐུ་ཚབ་ཞུས་ནས་རྒྱ་བལ་གཉིས་ཀྱི་མི་གྲངས་ ༡༦ སྐོར་ཞིག་གི་ཚོགས་ཆུང་གིས་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྨ་ལྷོ་སོག་རྫོང་གི་ཡུལ་དགོན་རེ་རེའི་ལོ་རྒྱུས་རགས་ཟིན་རྣམས་ལ་གཟིགས་ཞིབ་ཀྱིས་ལྗགས་ཀློག་མཛད་པ་དང་། དགོན་ཁག་དེ་དག་ཏུ་ཆོས་འཆད་ཉན་གྱི་སློབ་སྦྱོང་ཡག་པོ་གནང་དགོས་གལ་ཡིན་པར་ལམ་སྟོན་བསྩལ་ཏེ་ཐེངས་འདིར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པར་ཡི་རངས་ཡོད་ཅེས་བཀའ་བསྩལ་འདུག གསར་འགོད་པས་བལ་ཡུལ་ནས་ཕེབས་པའི་རྨ་ལྷོ་སོག་རྫོང་གི་འབྲུག་ལྷ་ལགས་སུ་དེ་རིང་མགོན་པོ་༸གང་ཉིད་མཆོག་ལ་རྟེན་གསུམ་འདེགས་འབུལ་ཞུས་སྐོར་ཐོག་བཅར་འདྲི་ཞུས་པར་ཁོང་གིས་བོད་གཞིས་བྱེས་གཉིས་ཀྱི་མི་གྲངས་ཁྲི་བཞི་ལྷག་གི་ཚབ་ཞུས་ཏེ་རྟེན་གསུམ་ཕུལ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་ཕུལ་བ་དེས་བོད་གཞིས་བྱེས་གཉིས་ཀྱི་ཕ་ཡུལ་གཅིག་པ་དག་གིས་མགོན་པོ་མཆོག་གི་བཀའ་ཅི་གསུང་སྒྲུབ་རྒྱུའི་དམ་ཚིག་མཚོན་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་ཨ་རིའི་གྲོང་ཁྱེར་ California མངའ་སྡེའི་ Anaheim གྲོང་སྡེའི་སྤྱི་ཁྱབ་པ་ཟུར་པ་སྐུ་ཞབས་ Tom tait ལགས་ཀྱིས་སྣེ་ཁྲིད་པའི་ཁུལ་དེར་རྟེན་གཞི་བྱས་པའི་ཚོང་པ་ཆེ་ཁག་བཅུ་ཙམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག རྩ་བའི་སྐུ་ཞབས་ Tom Tait ལགས་ཀྱིས་དེ་སྔོན་ Anaheim གྲོང་ཁྱེར་གྱི་སྤྱི་ཁྱབ་གནང་སྐབས་མང་ཚོགས་ཁྲོད་སྙིང་རྗེ་གོང་འཕེལ་དང་འབྲེལ་བའི་ལས་གཞི་མང་དག་ཅིག་སྤེལ་ཏེ་གྲོང་ཁྱེར་དེ་ city of kindness ཞེས་སྙིང་རྗེ་ལྡན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་ལས་གཞི་སྤེལ་གནང་བའི་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེར་ཚོགས་པའི་རྒྱལ་སྤྱིའི་བྱམས་བརྩེའི་ལྷན་ཚོགས་ཐོག་ཚོགས་མགོན་དུ་གདན་འདྲེན་ཞུས་པ་མ་ཟད། སྔ་ལོ་ཕྱི་ཟླ་ ༢ པའི་ནང་སྐུ་ཞབས་ཁོང་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གི་གསེར་ཞལ་མཇལ་ཁ་ཞུས་ཡོད་པ་རེད། གསར་འགོད་པས་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་ལགས་སུ་ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁ་ཞུ་དོན་དང་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གང་བསྩལ་སྐོར་བཅར་འདྲི་ཞུས་པར་༸གོང་ས་མཆོག་དང་མཇལ་ཁ་ཞུས་ནས་༸གང་ཉིད་མཆོག་གི་བྱིན་རླབས་ཐོབ་རྒྱུར་དམིགས་པ་ཞིག་ཡིན་པ་དང་། མགོན་པོ་མཆོག་གིས་དེང་རབས་ཀྱི་རྡུལ་ཕྲ་རབས་ཀྱི་སྐོར་བཀའ་བསྩལ་ཡོད་པ་མ་ཟད། མི་སྒེར་པ་རེ་རེས་བྱམས་བརྩེ་གོང་འཕེལ་བཏང་ནས་སེམས་ལ་འགྱུར་བ་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པར་ལམ་སྟོན་མཛད་སྐོར་གསུངས་སོང་། ཁོང་གིས་སྔོན་ཆད་ནས་ California གྲོང་ཁྱེར་ནང་བྱམས་བརྩེའི་ལས་གཞི་ཞིག་གཉེར་གྱི་ཡོད་པ་ལྟར་ཕྱིར་ཨ་རིར་སྐྱོད་ནས་མུ་མཐུད་ལས་གཞི་དེ་རྒྱ་སྐྱེད་གནང་རྒྱུ་ཡིན་པ་གསུངས་ཡོད།

ཕྱི་རྒྱལ་དུ་གནས་སྡོད་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བསྩལ་བ།

ཁ་ཉིན་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོུད་ ༩ པ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཞུགས་སྒར་དྷ་སྟེང་བོད་ཁྱིམ་དང་ས་རཱ་བོད་ཀྱི་མཐོ་སློབ་གཉིས་སུ་དབྱར་དུས་གུང་གསེང་རིང་བོད་ཀྱི་སྐད་ཡིག་གཙོས་པའི་རིག་གནས་ལ་སློབ་གཉེར་གནང་ཆེད་ཆེད་བཅར་ཞུས་པའི་བོད་ཕྲུག་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་སྦྲགས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ལ་སློབ་སྦྱོང་གནང་དགོས་གལ་ཡིན་པའི་སྐོར་ལ་ལམ་སྟོན་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སོ་སོར་རྒྱ་གར་འཕགས་པའི་ཡུལ་ནས་དཔལ་ནཱ་ལེནྡཱའི་མཁས་པའི་དབང་པོ་བོད་ལ་ཆེད་དུ་གདན་འདྲེན་ཞུས་པ་མ་ཟད། དེ་བཞིན་རྒྱ་གར་གྱི་ཡིག་གཟུགས་ལས་བོད་ཀྱི་སྐད་དང་མཐུན་པའི་ཡིག་གཟུགས་གསར་བཟོ་གནང་བ་ལྟར་ནང་པ་སངས་རྒྱས་པའི་བཀའ་བསྟན་གཉིས་པོ་བོད་སྒྱུར་གནང་ཡོད་པ་སོགས་ངོ་སྤྲོད་ཞིབ་རྒྱས་བསྩལ་འདུག་པ་མ་ཟད།  དེ་བཞིན་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དང་རིག་གཞུང་དྲི་མ་མེད་པར་སྔར་ནས་དུས་ད་ལྟ་བར་རྒྱུན་འཛིན་འཐུས་ཚང་བྱེད་མཁན་དེ་ང་ཚོ་བོད་པ་ཁོ་ན་ཆགས་ཡོད་སྟབས་བོད་ཀྱི་མི་རིགས་ལ་སྤོབས་པ་བྱ་འོས་པ་ཞིག་དང་། ཁྱེད་རང་ཚོའི་ངོས་ནས་བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་ཞེས་ལམ་སྟོན་བསྩལ་འདུག བསྟན་པ་ལ་སློབ་གཉེར་གནང་སྐབས་གནད་ཤིན་ཏུ་ཆེ་བའི་བསྟན་པ་སྤྱི་མཚན་དང་གང་ཟག་དགོས་མཚན་ཞེས་གསུངས་སྲོལ་ཡོད་པ་ལྟར། དེ་ལ་མདོ་སྔགས་གཉིས་ཀྱི་བསྟན་པ་དབྱེ་ནས་གོ་བ་བླངས་དགོས་པ་དང་། དེའང་བསྟན་པ་སྤྱི་མཚན་ཐོག་ནས་དགོངས་པ་བཞེས་ཐུབ་ཚེ་བསྟན་པ་སྤྱིར་སྨན་པའི་དགེ་མཚན་ལྡན་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་ད་ལྟའི་ཆར་དགུང་ལོ་ ༨༤ ལ་ཕེབས་ཀྱི་ཡོད་སྟབས་འདས་པའི་༸སྐུའི་མྱོང་བར་གཞིགས་ནས་ཐུགས་བསྐྱེད་དམ་བཅའ་བཞིའི་གལ་གནད་དང་དེ་དག་གི་ངོ་སྤྲོད་མཛད་པ་དང་འབྲེལ་ཏེ་བོད་མི་ཚོས་དཔལ་ནཱ་ལེནྡཱའི་ཐུན་མིན་ཤེས་རིག་དེ་དག་གཞི་རྩར་བཞག་ཐོག་དེང་རབས་ཚན་རིག་གི་ཤེས་ཡོན་དང་ཟུང་འབྲེལ་གྱིས་འཛམ་གླིང་ཁྱོན་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ལྡན་ཡོད་པ་སོགས་བཀའ་བསྩལ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་དབྱར་དུས་གུང་གསེང་རིང་བོད་ཀྱི་སྐད་ཡིག་གཙོས་པའི་རིག་གནས་ལ་སློབ་གཉེར་ཆེད་བཅར་བའི་སློབ་ཕྲུག་ཕན་ཐོགས་ཇི་བྱུང་དང་འབྲེལ་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་གཅོད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ལས་རིམ་འདི་བརྒྱུད་ནས་ཕྱི་རྒྱལ་དུ་བཞུགས་པའི་བོད་ཕྲུག་སློབ་མ་ཚོར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པ་གསུངས་སོང་བ་དང་། དེ་བཞིན་ལོ་རེ་བཞིན་དབྱར་དུས་འཛིན་གྲྭར་སློབ་ཞུགས་གནང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་སོགས་ངོ་སྤྲོད་གནང་ཡོད། རྩ་བའི་ཐེངས་འདིའི་དབྱར་དུས་གུང་གསེང་དང་བསྟུན་ཕྱི་རྒྱལ་ཡུལ་གྲུ་ཨ་རིས་གཙོས་པའི་ཁེ་ན་ཌ། སུསད་སི། དབྱིན་ཡུལ། བྷེལ་འཇམ། ནི་ཐར་ལན་ཌི། དེ་བཞིན་ཐེ་ཝན་སོགས་ནས་བོད་ཕྲུག་སློབ་མ་ ༥༠ ལྷག་ཅིག་ཆེད་བཅར་ཞུས་འདུག་པ་མ་ཟད། ཁོང་རྣམས་ནས་དུས་ཡུན་ཟླ་བ་གཅིག་ལྷག་གི་རིང་དྷ་སྟེང་བོད་ཁྱིམ་དང་ས་རཱ་བོད་ཀྱི་མཐོ་སློབ་གཉིས་སུ་བོད་ཀྱི་སྐད་ཡིག་གཙོ་གྱུར་ནང་ཆོས་དང་སྲོལ་རྒྱུན་གྱི་ཞལ་ལག་བཟོ་སྟངས་སོགས་ཀྱིས་མཚོན་པའི་རིག་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་གི་འདུག

སུད་སི་བོད་མིའི་རྒྱལ་ཡོངས་དབྱར་དུས་འཛིན་གྲྭ་ཐེངས་དང་པོ་ཚོགས་པ།

སུད་སི་ནང་གི་རྒྱལ་ཡོངས་སློབ་གྲྭ་ཁག་དབྱར་ཁའི་གུང་སེང་དང་བསྟུན་སུད་སི་དང་ལིག་ཏེག་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་གནང་ཐོག་བོད་པའི་གཟའ་མཇུག་སློབ་གྲྭ་ཁག་གི་སློབ་མ་རྣམས་ཆེད་བསྐོང་གིས་བོད་ཀྱི་སྐད་ཡིག་ལ་དམིགས་པའི་སུད་སི་རྒྱལ་ཡོངས་དབྱར་དུས་འཛིན་གྲྭ་ཐེངས་དང་པོ་ཚོགས་ཡོད་པ་རེད། དབྱར་དུས་འཛིན་གྲྭ་ཐེངས་དང་པོའི་ཐོག་སུད་སི་ས་གནས་ཀྱི་བོད་པའི་གཟའ་མཇུག་སློབ་གྲྭ་ཁག་ ༩ དང་དེ་བཞིན་ཡོ་རོབ་རྒྱལ་ཁབ་ Austria བཅས་ནས་བོད་ཕྲུག་སློབ་མ་ཁྱོན་༤༣ ནས་མཉམ་ཞུགས་གནང་ཡོད་ཅིང་། ལས་རིམ་དེའི་དམིགས་ཡུལ་གཙོ་བོ་ནི་གཟའ་མཇུག་སློབ་གྲྭ་ཁག་གི་བོད་པའི་སློབ་མ་ཕན་ཚུན་དབར་བོད་སྐད་སྦྱང་བཤད་དང་ངོ་ཤེས་བཟོ་ཐབས། འབྲེལ་ལམ་གསར་འཛུགས། དེ་བཞིན་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་དང་ལེགས་བྱང་དང་བཅས་པ་སློབ་ཁྲིད་བརྒྱུས་ནས་རྒྱུན་འཇགས་ཡོང་ཕྱིར་དམིགས་པ་ཞིག་ཡིན་པ་རེད། ཟླ་བ་འདིའི་ཕྱི་ཚེས་ ༢༧ ནས་ ༣༡ བར་ཉིན་གྲངས་ལྔའི་རིང་སུད་སི་ Aarburg ས་གནས་སུ་འཚོགས་བཞིན་པའི་དབྱར་དུས་འཛིན་གྲྭ་དེའི་རིང་བོད་ཕྲུག་སློབ་མ་ཚོར་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། རིག་གཞུང་། གོམས་སྲོལ། ༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་དང་། བྱམས་པ་དང་སྙིང་རྗེ་སོགས་ཀྱི་སྐོར་ལ་སློབ་མ་ཚོར་སློབ་ཁྲིད་གནང་རྒྱུ། དེ་བཞིན་སློབ་མ་ནང་ཁུལ་དབར་འབྱུང་བ་བཞིའི་མིང་ཐོག་ནས་རུ་ཁག་བཞིར་དབྱེ་སྟེ་ཕན་ཚུན་ཤེས་ཡོན་དང་འབྲེལ་བའི་རྩེད་རིགས་འདྲ་མིན་འགྲན་བསྡུར་སོགས་ཀྱི་ལས་རིམ་སྣ་མང་ཞིག་གོ་སྒྲིག་གནང་འདུག སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས་ནས་ཁ་སང་ལས་རིམ་ཚོགས་ཡུལ་ས་གནས་སུ་གཟིགས་སྐོར་དང་ལས་རིམ་གོ་སྒྲིག་གནང་མཁན་འབྲེལ་ཡོད་རྣམས་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག བོད་ཕྲུག་སློབ་མ་ཚོའི་ངོས་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་གོམས་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གནང་ཐོག་མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ལ་འགན་ཁུར་བཞེས་དགོས་པ་གསུངས་འདུག

རེས་གཟའ་ཉི་མ། ༢༠༡༩།༠༧།༢༨

ཉན་པ།: Listen ཕབ་ལེན། Download དམིགས་བསལ་ལས་རིམ། ཅ་དང་དིང་རིའི་དམག་སྒར་དང་དམག་ཟུར་དིང་རི་ངག་དབང་གི་སྐོར་གླེང་བ། Sunday 28/07/2019 In conversation with Dhingri Ngawang, one of the last surviving members of ’Cha-dang’ Dhingri Unit of the Tibetan Military

རེས་གཟའ་སྤེན་པ། ༢༠༡༩།༠༧།༢༧

ཉན་པ།: Listen ཕབ་ལེན། Download རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་ཆེད་ཐོན་ལ་ཉེ་བའི་སློབ་མ་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བཅས་དང་ལྷན་དུ་གླེང་མོལ་ཞུས་པ། Saturday 27/07/2019 Young Minds: selected winners of UWC, TSP and MBBS reserve seat scholarship

རེས་གཟའ་པ་སངས། ༢༠༡༩།༠༧།༢༦

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གིས་རང་དབང་འདོད་ན་༸གོང་ས་མཆོག་གི་མཇལ་ཁ་ཞུ་དགོས་ཀྱི་རེད་ཅེས་གསུངས་འདུག ཐེ་ཝན་རྒྱ་ནག་དང་ཁ་བྲལ་ཐབས་ཀྱི་བྱ་སྤྱོད་ལ་རྒྱ་ནག་གིས་དྲག་པོའི་འགོག་རྒོལ་བྱ་རྒྱུའི་ཉེན་བརྡ། ལྷོ་ཨ་ཕི་རི་ཀ་ནས་འགྲོ་བ་མིའི་རིན་ཐང་ལ་དོ་ཕོག་མེད་པར་རྒྱ་ནག་དང་ཚོང་འབྲེལ་འཇོག་ཐུབ་རྒྱུ་ཡིན་པ། དམིགས་བསལ་ལས་རིམ། ཨ་མས་རང་གི་བུ་ཆུང་ལ་མི་རིགས་ཀྱི་ལར་ཞེན་བསྐྲུན་ཆེད་གོམ་བགྲོད་ཁྲིད་པའི་སྐོར། Friday 26/07/2019 If UK’s new PM wants to be free from China, he should meet the Dalai Lama China releases military white paper, warns of war in case of move towards Taiwan independence Tibet issue raised in South African Parliament DIASPORA FEATURE: Mother –duo Tenzin Phentok and Tenzin Lhudrup

དབྱིན་ཡུལ་གྱི་སྲིད་བློན་གསར་པས་རྒྱ་ནག་ནས་རང་དབང་འདོད་ན་༸གོང་ས་མཆོག་གི་མཇལ་ཁ་ཞུ་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བསྐོ་གཞག་བྱུང་བའི་སྐུ་ཞབས་ Boris Johnson མཆོག་ལ་དགའ་བསུའི་འཚམས་འཕྲིན་བསྩལ་བ་དང་འབྲེལ། སྲིད་བློན་གསར་པའི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་བསྩལ་བའི་ཁྲོད་འདིར་ཁ་སང་ Hong Kong free Press ཞེས་པའི་གསར་ལམ་ཐོག་འབྲེལ་ཡོད་དཔྱད་གཏམ་ཞིག་སྤེལ་བའི་ནང་དབྱིན་ཡུལ་རྒྱལ་ཁབ་ནས་རྒྱ་ནག་གི་དབང་ཤུགས་ལས་རང་དབང་འདོད་ཀྱི་ཡོད་ཚེ་སྲིད་བློན་གསར་པ་སྐུ་ཞབས་ Boris Johnson མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ངེས་པར་དུ་ཞུ་དགོས་ཞེས་བཀོད་འདུག དེའང་རྒྱུན་དུ་རྒྱ་ནག་དང་ཧོང་ཀོང་དབར་གྱི་འབྲེལ་ལམ་སོགས་ཀྱི་གནད་དོན་ཐོག་དཔྱད་ཞིབ་གནང་མཁན་Gray Sergaent ལགས་ཀྱིས་དམིགས་བསལ་དཔྱད་གཏམ་ཞིག་སྤེལ་བའི་ནང་དེ་སྔ་དབྱིན་ཡུལ་གྱི་རྩོམ་པ་པོ་གྲགས་ཅན་ Edward Lucas ལགས་ཀྱིས་ཁོང་གི་བརྩམས་ཆོས་ཀློག་པ་པོ་རྣམས་ལ་རང་ཉིད་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་ནང་གནས་སྡོད་བྱེད་ཀྱི་ཡོད་མིན་གྱི་དྲི་བ་ཞིག་བཏང་བ་ལུང་འདྲེན་དང་འབྲེལ། གལ་ཏེ་ཁྱེད་ཚོའི་སྲིད་དོན་པ་རྣམས་ནས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་རང་དབང་མེད་ཚེ་རྒྱལ་ཁབ་གང་རུང་དེ་རང་དབང་ཅན་ཞིག་མིན་པ་རང་བཞིན་གྱིས་མངོན་གསལ་ཐུབ་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག དབྱིན་གྱི་སྲིད་བློན་ཟུར་པ་ལྕམ་སྐུ་ Theresa May མཆོག་ནི་སྐུ་ཞབས་སྲིད་བློན་ཟར་པ་ John Major ལགས་ཀྱི་རྗེས་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་མ་ཞུ་མཁན་གྱི་སྲིད་བློན་ཐོག་མ་དེ་ཆགས་ཡོད་པ་གསུངས་འདུག དཔྱད་གཏམ་དེའི་ནང་ད་དུང་སྤྱིར་རྒྱལ་ཁབ་ཅིག་གི་དབུ་འཁྲིད་དང་༸གོང་ས་མཆོག་རྣམ་གཉིས་དབར་མཇལ་མོལ་གྱི་གནད་དོན་དེ་ནི་རྒྱ་ནག་གི་དྲག་པོའི་དབང་སྒྱུར་འོག་གནས་པའི་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་པ་ཁོ་ན་མ་ཡིན་པར་རྒྱ་ནག་གི་འགོ་ཁྲིད་ཚོ་ལའང་བོད་ཀྱི་གནས་བབ་དེ་ ༡༩༥༠ ལྔ་གྲངས་བཞིན་ད་ལྟའང་སེལ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་མངོན་གསལ་གནང་རྒྱུའི་མཚོན་དོན་གལ་ཆེ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། ལྕམ་སྐུ་ Teresa མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་བབ་དང་ད་སྐབས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ཉུང་དུ་ཕྱིན་པ་སོགས་ཀྱི་རྒྱུ་མཚན་དུ་མ་ཞིག་བགྲང་ནའང། དོན་དམ་པར་ཁོང་གིས་ད་བར་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་མ་ཞུ་པའི་རྒྱུ་མཚན་གཙོ་བོ་དེ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག དབྱིན་ཡུལ་གྱི་སྲིད་བློན་རིམ་པས་འདས་པའི་ལོ་ཤས་ནས་བོད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་མཁྲེགས་པོ་ཞིག་བཟུང་ཐུབ་མེད་པར་སྐྱོན་བརྗོད་གནང་དང་འབྲེལ། ཕྱི་ལོ་ ༡༩༩༡ ལོར་ཨ་རིའི་སྲིད་འཛིན་ལས་ཐོག་ཞིག་གིས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཐེངས་དང་པོ་ཞུས་པ་ནས་བཟུང་ད་བར་ Trump མ་གཏོགས་ཨ་རིའི་སྲིད་འཛིན་རིམ་པས་༸གང་ཉིད་མཆོག་ལ་མཇལ་ཁ་ཞུས་ཡོད་པ་འགྲེལ་བརྗོད་གནང་སྟེ། གལ་ཏེ་དབྱིན་ཡུལ་གྱི་སྲིད་བློན་གསར་པས་ལྕམ་ Theresa May མཆོག་གི་གནས་སྟངས་ལྟར་༸གོང་ས་མཆོག་ལ་མཇལ་ཁ་མ་ཞུས་པ་རེད། མ་འོངས་པར་དེ་ལམ་སྲོལ་ཞིག་ཆགས་ཉེན་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག གང་ལྟར་སྲིད་བློན་ Boros Johnson མཆོག་གིས་རང་ཉིད་ཀྱི་རྒྱལ་ཁབ་འདི་བཞིན་རྒྱ་ནག་གི་དབང་ཤུགས་འོག་མ་ལྷུང་བར་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་བསྐྲུན་འདོད་ཡོད་ཚེ་ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ངེས་པར་དུ་མཇལ་འཕྲད་ཞུས་ཏེ་རང་དབང་ཅན་གྱི་དབུ་ཁྲིད་ཅིག་གི་རྣམ་པ་མཚོན་ཐུབ་པ་གནང་དགོས་ཞེས་གསུངས་འདུག གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་ཚེས་ ༢༥ ཉིན་སྐུ་ཞབས་ Boris Johnson མཆོག་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འཕྲིན་བསྩལ་ནས་བོད་མིར་བློ་ཐག་ཉེ་བའི་དབྱིན་ཡུལ་གྱི་མཛའ་གྲོགས་དག་གིས་བོད་མིའི་གཞི་རྩའི་རང་དབང་དང་མཚན་མཐོང་ལ་སྨན་པའི་རྒྱབ་སྐྱོརཤུགས་ཆེ་དང་ཧ་ཅང་དགའ་མོས་གནང་དང་གནང་བཞིན་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་ཏུ་ལོ་རྒྱུས་ཐོག་བོད་དང་དབྱིན་ཡུལ་དབར་ཡུན་རིང་ནས་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་ལྟར། དུས་ད་ལྟའང་ང་ཚོ་དང་དེ་སྔ་ཕྱི་ལོ་ ༡༩༥༩ གོང་བོད་ནང་ཕྱག་ལས་གནང་མྱོང་མཁན་གྱི་ཨིན་ཇིའི་གཞུང་ཞབས་པ་ཚོའི་ནང་མིའི་དབར་མཛའ་བརྩེའི་འབྲེལ་བ་རྒྱུན་སྐྱོང་བྱེད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ད་དུང་དབྱིན་ཡུལ་དེ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ནས་ཕྱིར་འཐེན་གནང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐད་༸གང་ཉིད་མཆོག་ནས་དགོངས་ཚུལ་ཇི་ཡོད་བསྩལ་ཟིན་སྐོར་བཀའ་བསྩལ་དང་སྦྲགས། མགོན་པོ་མཆོག་ནི་ཡུན་རིང་ནས་རྒྱལ་ཁབ་སོ་སོའི་སྒེར་གྱི་ཁེ་ཕན་ལས་སྤྱིའི་སྒྲིག་འཛུགས་དེ་གལ་ཆེ་བར་རྩིས་ཏེ་སྒྲིག་འཛུགས་དེ་འདྲ་ཞིག་གསར་འཛུགས་གནང་ཐུབ་པའི་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་སམ་སྒྲོམ་གཞིར་རྒྱབ་སྐྱོར་དང་ཡི་རངས་བསྔགས་བརྗོད་མཛད་མཁན་ཞིག་ཡིན་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༡༦ ལོར་དབྱིན་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་བ་ལྟར་སྐབས་དེར་ཨིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནས་ཕྱིར་འཐེན་གནང་རྒྱུའི་མང་ཚོགས་ཀྱི་དགོངས་ཚུལ་བསྡུ་ལེན་གནང་སྟེ་ཐག་གཅོད་གནང་བ་དེར་༸གོང་ས་མཆོག་ནས་གུས་བརྩི་ཡོད་སྐོར་བཀའ་བསྩལ་འདུག མཐར་མགོན་པོ་༸གང་ཉིད་མཆོག་གིས་དབྱིན་ཡུལ་དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲོམ་གཞི་ནས་ཕྱིར་ཐོན་པའི་མཇུག་འབྲས་གང་ཡོང་མིན་ལ་ལྟོས་མེད་དབྱིན་ཡུལ་དེ་མུ་མཐུད་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་འདིིའི་ནང་གཞན་ལ་བཟང་པོའི་ཤུགས་རྐྱེན་འཇོག་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་འགྱུར་བའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག དབྱིན་ཡུལ་གྱི་སྲིད་འཛིན་གསར་པ་མཆོག་གི་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་བཅས་མཛད་འདུག

ལྷོ་ཨ་ཕི་རི་ཀ་ནས་འགྲོ་བ་མིའི་རིན་ཐང་ལ་དོ་ཕོག་མ་བཏང་བའི་ཐོག་ནས་རྒྱ་ནག་དང་ཚོང་འབྲེལ་འཇོག་ཐུབ་རྒྱུ་ཡིན་པ།

ལྷོ་ཨ་ཕི་རི་ཀའི་(IFP) འམ་Inkatha རང་དབང་ཚོགས་པའི་འཐུས་མི་སྐུ་ཞབས་ Mkhuleko Hlengwa ལགས་ཀྱིས་དེ་གའི་རྒྱལ་ཁབ་ནས་འགྲོ་བ་མིའི་རིན་ཐང་ལ་དོ་ཕོག་མ་བཏང་བའི་སྒོ་ནས་རྒྱ་ནག་དང་ཚོང་འབྲེལ་འཇོག་ཐུབ་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡༡ ཉིན་གྲོས་ཚོགས་འོག་མ་དང་ Inkatha རང་དབང་ཚོགས་པའི་འཐུས་མི་སྐུ་ཞབས་ Mkhuleko Hlengwa ལགས་ཀྱིས་དེ་གའི་གྲོས་ཚོགས་སུ་ཕྱི་འབྲེལ་དང་མཉམ་འབྲེལ་གྱི་ཚོགས་དུས་ཐོག་བོད་བཟོའི་སྟོད་གོས་དཀར་པོ་ཞིག་སྤྲས་པའི་ཐོག   ཉེ་ལམ་ཁོང་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་Pretoria ནང་རྟེན་གཞི་བྱས་པའི་ལྷོ་ཨ་ཕི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་ནས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་དུས་སྟོན་གོ་སྒྲིག་གནང་བའི་ཐོག་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བྱུང་བ་དང་སྦྲགས།  ད་ཆ་གྱོན་པའི་སྟོད་གོས་དེ་སྐབས་དེའི་དུས་བྱུང་བས།  དེས་ལྷོ་ཨ་ཕི་རི་ཀ་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པའི་ཁར་གཞན་གྱི་དྲག་གནོན་འོག་ལྷུང་བའི་མི་རིགས་དག་ལ་སྐྱབས་བཅོལ་གྱི་རོགས་རམ་སྤྲོད་དགོས་པ་དང་།    འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྣང་མེད་གཏོང་རྒྱུ་མེད་པ་དྲན་སྐུལ་གནང་གི་ཡོད་པ་གསུངས་འདུག   དེ་བཞིན་ཁོང་གིས་ང་ཚོའི་རྒྱལ་ཁབ་གཞན་གྱི་གནད་དོན་ཐོག་གྲོས་བསྡུར་བྱས་བ་བཞིན་རྒྱ་ནག་ལྟ་བུའི་ཆེས་ཐུབ་ཚོད་གཏོང་མཁན་གྱི་སྐོར་ལའང་གྲོས་བསྡུར་དགོས་པ་མ་ཟད།     རྒྱའི་དབང་བསྒྱུར་དང་དྲག་གནོན་འོག་ལྷུང་བའི་བོད་དང་ཐེ་ཝེན་སོགས་ནས་མང་གཙོ་དང་རང་དབང་འདོད་ཀྱང་ །   རྒྱ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་མི་རིགས་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་བཏང་དང་གཏོང་མུས་ཡིན་པར་འགྲེལ་བརྗོད་དང་འབྲེལ།   ང་ཚོས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཨ་ཕི་རི་ཀ་ནང་ཞབས་སོར་འཁོད་རྒྱུར་མཐོང་མཆན་ཕུལ་མེད་པའི་ཐོག་བསྐྱར་དུ་བསམ་གཞིགས་གནང་དགོས་པ་དང་འབྲེལ།   ཡང་སྒོས་རྒྱ་གར་ལྟ་བུ་ནས་༸གོང་ས་མཆོག་ལ་བཞུགས་གནས་དང་རྒྱབ་སྐྱོར་གནང་ཐུབ་ཚེ།  ང་ཚོས་ངོས་ནས་ཀྱང་འགྲོ་བ་མིའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་མི་གཏོང་བའི་སྒོ་ནས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་འཇོག་ཐུབ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་དེ་སྔ་ལྷོ་ཨ་ཕི་རི་ཀ་ནས་སུ་ཌན་གྱི་སྲིད་འཛིན་ཟུར་པ་ Omar Al-Bashir  ལ་རྒྱབ་སྐྱོར་གྱིས་དེ་གའི་མི་མང་གི་རེ་འདུན་ལ་སྣང་མེད་བཏང་བས།  སླད་མར་ང་ཚོའི་ངོས་ནས་ད་བར་ནོར་འཁྲུལ་བྱས་པ་རྣམས་བསྐྱར་དུ་མི་བྱེད་པའི་ཐོག་འགྲོ་བ་མིའི་གནད་དོན་ལ་བརྩི་འཇོག་བྱེད་དགོས་པ་གསུངས་འདུག རྩ་བའི་ལྷོ་ཨ་ཕི་རི་ཀ་རྒྱལ་ཁབ་དང་རྒྱ་ནག་གཉིས་བར་ཕྱི་ལོ་ ༢༠༠༩ ལོར་ཚོང་འབྲེལ་བྱུང་བ་ནས་བཟུང་༸གོང་ས་མཆོག་ཁུལ་དེར་ཞབས་སོར་འཁོད་རྒྱུའི་མཐོང་མཆན་ཕུལ་མེད་པ་དང་། རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་ཐག་གཅོད་དེར་རྒྱབ་སྐྱོར་བྱས་ཡོད་པ་རེད།  ཡིན་ནའང་དེ་སྔོན་ཕྱི་ལོ་ ༢༠༡༨ ལོར་ Inkatha རང་དབང་ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁུལ་དེར་གདན་འདྲེན་ཞུས་པ་དང་།  དེར་Pretoria ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ལྷོ་ཨ་ཕི་རི་ཀ་ནས་དེ་གའི་རྒྱལ་ཁབ་དང་རྒྱ་ནག་གཉིས་བར་གྱི་ཆབ་སྲིད་ཀྱི་འབྲེལ་ལམ་ཐད་ཡིད་ཆེས་ཡོད་པ་དེར་སྣང་ཆུང་བྱས་པས།  བྱ་སྤྱོད་དེས་རྒྱ་ནག་ནས་ལྷོ་ཨ་ཕི་རི་ཀ་ནང་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་ཕྱོགས་ལ་ཁྱད་པར་བཟོ་ངེས་ཡིན་པ་ངོ་རྒོལ་བྱས་པ་དེ་ལྟར་ཡང་།    འདི་ལོའི་ཟླ་བ་ ༢ པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁུལ་དེར་བསྐྱར་དུ་འཚམས་གཟིགས་ཀྱིས།   དེ་གའི་སྲིད་འཛིན་ཟུར་པ F W de Klerk  མཆོག་དང་།  Inkatha རང་དབང་ཚོགས་པའི་ཚོགས་མི།  དེ་བཞིན་སྲིད་དོན་པ་དང་།  བོད་དོན་རྒྱབ་སྐྱོར་བ་སོགས་ཐུག་འཕྲད་གནང་ཡོད་པ་རེད།

Latest news