Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2019

རེས་གཟའ་ཕུར་བུ། ༢༠༡༩།༠༣།༢༨

ཉན་པ།: Listen ཕབ་ལེན། Download སྤྱི་འཐུས་རྣམས་ཀྱིས་ལྔ་དང་ལྔ་བཅུའི་འཆར་སྣང་ཐད་ནས་བགྲོ་གླེང་གནང་བ། གྲོས་ཚོགས་ནང་དུ་གསར་འབྱོར་བའི་སྡོད་གནས་ཀྱི་དཀའ་ངལ་གླེང་སློང་། ༸གོང་ས་མཆོག་གིས་ལ་དྭགས་ཁུལ་དུ་སྐུ་ངལ་གསོ་རྒྱུ་ལས་མཛད་འཆར་གཞན་མེད་པར་གསུངས་འདུག རྒྱབ་ཤ་དཀར་བོ་དེས་ལོ་ངོ་དྲུག་ཅུའི་ནང་བོད་མིའི་བློ་སེམས་འགུག་ཐུབ་མེད། བོད་ནང་དུ་གྲྭ་བཙུན་ཚོར་ཁྲིམས་ལུགས་ཀྱི་ཡིག་རྒྱུགས་བླངས་བ། Thursday 28/03/2019 Tibetan Parliamentarians debate Sikyong’s clarification on Five Fifty vision TPiE in Session: Home Kalon questioned on rehabilitation of Tibetans from inside Tibet China’s White Paper, acknowledgement that China has failed to win the hearts and minds of Tibetans We want Dalai Lama to solely take rest in Ladakh: Ladakh Buddhist Association Thousands of Tibetan monks and nuns take exams on laws and regulations

གྲོས་ཚོགས་སུ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་གསལ་བཤད་ཐོག་བགྲོ་གླེང་ལྷུག་པོ་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་རྒྱལ་སྤྱིའི་ལྔ་དང་ལྔ་བཅུའི་ལྷན་ཚོགས་དང་། འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པའི་ལྔ་དང་ལྔ་བཅུའི་ལྷན་ཚོགས་བཅས་ཚོགས་འདུ་རིམ་པ་གསུམ་བསྐོང་ཚོགས་གནང་བའི་གྲུབ་དོན་ཐོག་བཀའ་འདྲི་མང་དག་ཞིག་ཕེབས་པའི་ཁྲོད། ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྔ་དང་ལྔ་བཅུའི་གྲུབ་དོན་སྙན་ཐོ་དེ་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་ཏུ་ཕུལ་བ་དང་འབྲེལ་ཏེ་འཆར་སྣང་དེའི་ཐོག་དམིགས་བསལ་གསལ་བཤད་གནང་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ཀྱི་ཉིན་རྒྱབ་ཚོགས་དུས་ཐོག་སྤྱི་འཐུས་རྣམས་ནས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ལ་དམིགས་བསལ་གྱི་གལ་གནད་དང་གསར་སྟོད་གང་ཡང་མེད་པ་དང་ཁག་གཅིག་གཅིག་གིས་དེར་རྒྱབ་སྐྱོར་དང་འབྲེལ་དེའི་ནང་གསལ་དོན་གནད་ཁག་གཅིག་གི་ཐོག་བཀའ་འདྲི་གནང་ཡོད་པ་རེད།དེའང་སྤྱི་འཐུས་ཤིག་ནས་ཁ་སང་བཀའ་ཤག་གི་གསལ་བཤད་གནང་སྐབས་ད་ནས་བཟུང་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་མཛད་རྒྱུ་དཀའ་བ་ཆགས་ཡོད་སྟབས་ང་ཚོས་དེར་བློ་འཚབ་བྱེད་དགོས་པ་ཞིག་རེད་ཅེས་གསུངས་པ་ལུང་འདྲེན་དང་འབྲེལ། ཞལ་ཙམ་མིན་པར་དེའི་ཚབ་ཏུ་བཀའ་བློན་རྣམ་པ་ཕྱི་རྒྱལ་ཁག་ཏུ་མང་བ་ཕེབས་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དང་། ལྷག་དོན་བཀའ་ཤག་ནས་དེ་འབྲེལ་འཆར་གཞི་བཀོད་སྒྲིག་གནང་ཡོད་མེད་དང་། དེ་བཞིན་སྤྱི་འཐུས་གཞན་ཞིག་ནས་དེ་སྔ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་དོན་ལྟར་ད་ལྟའི་སྲིད་འཛིན་ལས་ཐོག་ཊམ་མཆོག་གིས་གཙོས་པའི་གནད་ཡོད་དཔོན་རིགས་ཚོས་དེ་སྔ་གསུང་དོན་ལྟར་རྒྱུན་སྐྱོར་གནང་བར་གདེང་སྤེབས་ག་ཚོད་ཡོད་དམ་ཞེས་བཀའ་འདྲི་ཞུས་པ་མ་ཟད། བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཞིན་བཀའ་ཤག་གི་ལས་ཡུན་དུས་ཐུང་ནང་ལ་གནད་ཞུ་ཇི་ལྟར་ཐུབ་པར་དགོངས་ཀྱི་འདུག་གམ་ཞེས་བཀའ་འདྲི་ཞུས་སོང་།གཞན་ཡང་སྤྱི་འཐུས་ཤིག་གིས་དེ་སྔ་བཀའ་ཤག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་རེ་བ་ཆེན་པོ་ཡོད་པ་གསུངས་ཡོད་པ་རེད། ད་ལྟའི་ཆར་ཞི་ཅིན་ཕིང་ལ་དེ་སྔ་ལྟར་རེ་བ་གཟིགས་ཀྱི་ཡོད་མེད་དང་། ཞི་ཅིན་ཕིང་བོད་དང་འབྲེལ་བའི་ཚོགས་ཆུང་ཁག་གི་ཐོག་ལ་བཅར་གྱི་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ་ཞེས་བཀའ་འདྲི་ཞུས་ཡོད།དེ་བཞིན་སྤྱི་འཐུས་གཞན་ཞིག་གིས་ཆབ་སྲིད་བཙོན་པའི་གནས་སྟངས་དང་སྤྱི་ཁང་། དོན་ཁང་། དེ་བཞིན་གསར་འབྱོར་བའི་གནས་བབས་སོགས་ཛ་དྲག་ཆགས་ཀྱི་ཡོད་ཀྱང་། བཀའ་ཤག་གི་ངོས་ནས་དེ་དག་ལས་ཛ་དྲག་ཆེས་ཆེ་ཤོས་བོད་ནད་གི་བོད་མིའི་ཆབ་སྲིད་བཙོན་པའི་གནས་བབས་ཆགས་ཀྱི་ཡོད་པ་བཞིན་དེར་ཞིབ་འཇུག་གནང་མཁན་ཆེད་འཛུགས་གནང་ཐུབ་ཀྱི་ཡོད་མེད་ཐོག་བཀའ་འདྲི་ཞུས་སོང་།རྩ་བའི་སྲིད་སྐྱོང་མཆོག་གིས་ཁ་སང་བཀའ་ཤག་གི་གསལ་བཤད་གནང་སྐབས་ལྔ་དང་ལྔ་བཅུའི་སྲིད་བྱུས་དེ་ནི་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་རིམ་པའི་ཐོག་སྩལ་བའི་བཀའ་སློབ་ཀྱི་དགོངས་དོན་གཞི་རྩར་བཟུང་ནས་བྱུང་བ་ཞིག་ཡིན་པ་དེའང་རིམ་པས་བཟང་དུ་དང་ཡག་ཏུ་འགྲོ་རྒྱུའི་གདེང་ཚོད་ཆེན་པོ་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། འོན་ཀྱང་དེ་རིང་བཀའ་ཤག་གི་གསལ་བཤད་དང་འབྲེལ་བའི་བགྲོ་གླེང་དེའི་ཁྲོད་སྤྱི་འཐུས་ཁག་གཅིག་གིས་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་འཆར་སྣང་དེ་ལ་དམིགས་བསལ་གང་ཡང་མེད་པ་དང་དེ་ནི་བཀའ་ཤག་སྐབས་གོང་མ་ཚོའི་འཆར་གཞི་རྣམས་རྒྱུན་སྐྱོང་གནང་བ་དང་མིང་གསར་པ་བཏགས་པ་ཙམ་ཞིག་ཡིན་སྐོར་གསུང་མཁན་བྱུང་ཡོད།ལས་རིམ་ལ་གཞིས་ན་སང་ཉིན་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་གི་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་བར་གཟིགས་སྐྱོང་ཧ་ལས་པའི་བཀའ་དྲིན་ཆེན་པོ་གནང་ཡོད།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དགུ་པའི་སྔ་དྲོའི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དམིགས་བསལ་དང་རྒྱུན་གྲོན། དེ་བཞིན་ཟུར་བཀོལ་མ་དངུལ་གཏན་འབེབས་དང་ལས་དོན་གནང་ཕྱོགས་ཐོག་མུ་མཐུད་བགྲོ་གླེང་གནང་ཡོད་པ་རེད།སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་ཅིག་ནས་སྐབས་བཅུ་བཞི་པ་དང་བཅོ་ལྔ་པའི་བཀའ་ཤག་གི་ངོས་ནས་བོད་ནས་གསར་དུ་ཕེབས་པའི་གསར་འབྱོར་བ་ཁག་ཅིག་ལ་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཡོད་ཀྱང་། ད་ལྟ་ཡང་བཞུགས་སྒར་གཙོས་པའི་ས་གནས་ཁག་ཏུ་བོད་པ་གསར་འབྱོར་མི་ཉུང་བ་ཞིག་ལ་འཚོ་སྡོད་ཀྱི་དཀའ་ངལ་དང་། སླར་བོད་ལ་ལོག་ན་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། འབྲེལ་ཡོད་ལས་ཁུངས་དང་བཀའ་བློན་ཚོས་གསར་འབྱོར་བའི་དཀའ་སྡུག་གཟིགས་སྐྱོང་གནང་རྒྱུའི་དུས་ལ་བབས་འདུག་ཅེས་གསུངས་སོང་། སྐབས་དེར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཐོག་མར་བདུན་བཅུ་དོན་གྲངས་དང་བརྒྱད་བཅུའི་ནང་ལ་བོད་ནས་ཕེབས་མཁན་ཉུང་ཉུང་ཡིན་པའི་སྐབས་ནས་གསར་འབྱོར་བ་རྣམས་ཀྱི་གནས་སྟངས་དེ་ཆབ་སྲིད་ཀྱི་གལ་གནད་ཅིག་ཏུ་བརྩིས་ཏེ་སྐུ་སྒེར་ཡིག་ཚང་རང་ནས་ཐུགས་འགན་བཞེས་ཡོད་པ་དང་། དེ་ནས་རིམ་པས་བོད་ནས་ཕེབས་མཁན་མང་དུ་ཕྱིན་སྟབས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སྣེ་ལན་འབྲེལ་མཐུད་ཁང་ཞེས་ཟུར་དུ་བཙུགས་ཏེ་བལ་ཡུལ་ས་འཚམས་སུ་འབྱོར་བ་ནས་བཟུང་མཐའ་མའི་སྒྲིག་ཁོངས་ཤིག་ཏུ་མ་ཞུགས་ཀྱི་བར་དུ། ང་དང་ཁོ་ཞེས་དབྱེ་འབྱེད་མེད་པར་འགྲོ་སོང་ཆ་ཚང་སྐབས་དེའི་བོད་གཞུང་གིས་བཏང་པའི་ཐོག་གཟིགས་སྐྱོང་གནང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། སྒེར་གྱི་དཀའ་ངལ་རེ་ཟུང་ཙམ་མ་གཏོགས་སྤྱི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་བ་ཚོར་གཟིགས་སྐྱོང་ཧ་ལས་པའི་བཀའ་དྲིན་ཆེན་པོ་གནང་ཡོད་ཅེས་གསུངས་སོང་། མ་ཟད་བཀའ་བློན་མཆོག་གིས། ད་ལྟའི་ཆ་ལ་ནང་སྲིད་ལས་ཁུངས་ལ་ཐོ་གཞུང་འབྱོར་བའི་ནང་དུ་བོད་ནས་ཕེབས་པའི་ཁྱིམ་ཚང་གཅིག་སྟོང་གསུམ་བརྒྱ་ཙམ་ཡོད་པ་དང་། དེ་ཚོའི་རིགས་ལ་ཡང་ནང་སྲིད་ལས་ཁུངས་ནས་རོགས་རམ་ག་ལ་གང་འཚམས་ཞུས་ཡོད་པ་དང་། ལྷག་པར་དུ་སྡོད་ཁང་ས་ཆ་བཞུགས་སྒར་ཁུལ་དུ་ཐོབ་ཐབས་སུ་ད་ལོའི་སྔོན་རྩིས་ནང་སྒོར་ས་ཡ་༥༠ ཙམ་ཞུས་ཏེ། བཀའ་ཤག་འདིའི་ལོ་དུས་མ་རྫོགས་གོང་ལ་སྡོད་ཁང་ཞིག་བསྐྲུན་རྒྱུའི་འབད་རྩོན་ཞུས་མུས་ཡིན་པས། རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཀྱང་ལས་གཞི་འདི་འགྲུབ་ཐབས་སུ་འགོག་རྐྱེན་བཟོ་རྒྱུ་མེད་པ་གསུངས་སོང་།  ད་དུང་ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ། སྤྱི་འཐུས་ཁག་ཅིག་ནས་ཉམས་ཐག་བསྐྱར་ཞིབ་ཀྱི་ལས་དོན་དང་། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་བོད་མིའི་གཞིས་སྒར། དེ་བཞིན་ལ་དྭགས་བྱང་ཐང་སོགས་མཐའ་མཚམས་ཀྱི་གཞིས་ཆགས་ཁག་གི་འབྱུང་བའི་དཀའ་ངལ་སེལ་ཐབས་ག་རེ་གནང་ཡོད་སོགས་ཀྱི་བཀའ་འདྲི་ཞུས་ཡོད། མ་ཟད་སྤྱི་འཐུས་ཁག་ཅིག་ནས་དེ་སྔ་བཙན་བྱོལ་བོད་མིའི་མཉམ་འབྲེལ་དེ་དག་བོད་པའི་སྤྱི་ཚོགས་ས་བརྟན་དང་། རང་ཁ་རང་གསོ་ཐུབ་ཐབས་སོགས་ལ་དམིགས་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆ་ལ་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་གི་གནས་བབས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་བཀའ་དྲི་ཞུས་སོང་བ་དང་། སྐབས་དེར་བཀའ་བློན་མཆོག་གིས། བཙན་བྱོལ་བོད་མིའི་མཉམ་འབྲེལ་དེ་དག་ཐོག་མའི་རེ་བ་བྱས་པ་གཞིར་བཟུང་ཡོང་གི་ཡོད་མེད་ཞུ་ཚོད་མ་ཐིག་པ་ཞིག་ཏུ་གྱུར་ཡོད་པ་དང་། སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེའི་ཐད་བློ་ཚབ་ཡོང་གི་འདུག་ཅེས་གསུངས་སོང་། ཐེངས་འདིའི་ནང་སྲིད་ཀྱི་ལས་དོན་སོགས་ཀྱི་ཐད་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་སྐབས་བཀའ་བློན་མཆོག་ནས། དེ་སྔ་གྲོས་ཚོགས་རིམ་པའི་ཐོག་བོད་པའི་སྤྱི་ཚོགས་ནང་སོ་ནམ་འདེབས་ལས་ཀྱི་ལས་གཞི་རྒྱུན་གནས་ཐུབ་ཐབས་སུ་ཕུལ་བྱུང་སོ་ནམ་གཟེངས་བསྟོད་ཀྱི་བྱ་དགའ་ཞིག་ཕུལ་དགོས་གལ་གྱི་བསམ་ཚུལ་མང་པོ་བྱུང་པ་ལྟར། འདི་ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་དུས་ཆེན་ཉིན་སོ་ནམ་འདེབས་ལས་རྩེད་ཕུད་སོན་པ་ཞིག་དང་། ལོ་ན་བཞི་བཅུ་མན་གྱི་གཞོན་སྐྱེས་སོ་ནམ་འདེབས་ལས་གནང་མཁན་གཅིག་བཅས་ལ་སྒོར་འབུམ་རེ་རེ་དང་ཕྱག་ཁྱེར་བཅས་གནང་གཏན་འཁེལ་ཡོད་པ་གསུངས་སོང་།

རྒྱ་ནག་གི་རྒྱབ་ཤ་དཀར་པོ་དེས་མི་ལོ་དྲུག་ཅུའི་ནང་བོད་མིའི་བློ་སེམས་འགུག་མ་ཐུབ་པ་མཚོན་ཡོད།

ཁ་སང་སྔ་དྲོར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ནང་གི་དམངས་གཙོའི་བཅོས་བསྒྱུར་གྱི་མི་ལོ་དྲུག་ཅུ་ཞེས་པའི་དོན་ཚན་བཅུ་ཅན་གྱི་རྒྱབ་ཤ་དཀར་པོའི་སྙན་ཐོ་ཞིག་འདོན་སྤེལ་བྱས་འདུག་པ་དང་། སྙན་ཐོ་དེའི་ནང་བོད་ཀྱི་ལོ་རྒྱུས་ནང་དམངས་གཙོ་བཅོས་བསྒྱུར་ནི་སྤྱི་ཚོགས་ཀྱི་འགྱུར་བ་ཆེ་ཤོས་དེ་ཡིན་པ་དང་། རྒྱ་ནག་གིས་༸གོང་ས་མཆོག་གིས་དབུ་ཁྲིད་པའི་མུན་ནག་གི་ཞིང་བྲན་ལམ་ལུགས་རྩ་མེད་བཏང་སྟེ་སྤྱི་ཚོགས་གསར་པའི་ལམ་ལུགས་སྤེལ་ཡོད་པར་བསྒྲགས་ཏེ།  རྒྱ་ནག་གི་བཅིངས་གྲོལ་དམག་མི་བོད་དུ་སླེབས་པ་ནས་བཟུང་།  བོད་ཀྱི་གདོད་མའི་སྤྱི་ཚོགས་ལམ་ལུགས་ལ་བསྒྱུར་བཅོས་བཏང་ནས་མང་གཙོའི་ལམ་ལུགས་ཀྱི་འོག་ནས་སྤྱི་ཚོགས་འཚོ་བར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཟད།  རྒྱ་ནག་གིས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་བྱེད་བཞིན་པ་སོགས་ཀྱི་ལོག་བཤད་བྱས་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་རིང་རྒྱ་ནག་གིས་བོད་དོན་ཐོག་བཏོན་པའི་ཐེངས་བཅུ་བཞི་པའི་རྒྱབ་ཤ་དཀར་པོའི་སྙན་ཐོ།  བོད་ནང་གི་མང་གཙོ་བཅོས་བསྒྱུར་གྱི་ལོ་ངོ་དྲུག་ཅུ་ཞེས་པ་དེར་དགག་ལན་ནན་པོ་བསྐྱོན་ཏེ།   སྙན་ཐོ་དེ་འདྲ་ཞིག་འདོན་སྤེལ་བྱེད་དོན་ནི།  རྒྱ་ནག་གཞུང་གི་སྲིད་བྱུས་ཀྱིས་ལོ་ངོ་དྲུག་ཅུའི་རིང་ལ་བོད་མི་རིགས་ཀྱི་ཡིད་སེམས་འགུག་མ་ཐུབ་པའི་མཚོན་རྟགས་དེ་ཕྱིར་མངོན་པ་ཙམ་རེད་ཅེས་དགག་གཞག་བྱས་འདུག དགག་གཞག་དེའི་ནང་དུ།  རྒྱ་ནག་གིས་ཡིག་ཆ་དཀར་པོ་དེ་བྲན་གཡོག་བཅིངས་གྲོལ་ཉིན་མོ་དང་སྟབས་བསྟུན་ནས་འདོན་སྤེལ་བྱས་ཡོད་ནའང་།  ༸གོང་ས་མཆོག་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གཞུང་། ད་དུང་ངོ་བོ་སོགས་མཚོན་པའི་ལོ་རྒྱུས་ཀྱི་མཚོན་རྟགས་དངོས་ཤིག་ཡིན་པར་བརྟེན།   རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུའི་ནང་དུ་ཡིད་ཆེས་བྲལ་བའི་དྲིལ་བསྒྲགས་རྫུན་མ་ཁོ་ན་བྱས་ཡོད་པ་ཙམ་ལས།  བོད་མི་རིགས་ཀྱི་འཚོ་བ་དུས་དེ་རིང་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་ཏུ་དཀའ་སྡུག་གི་གནས་སྟངས་འོག་ཏུ་ལྷག་ཡོད་པ་གསལ་འདོན་གནང་འདུག རྒྱ་ནག་གིས་ཕྱི་རྒྱལ་གྱི་ཡུལ་མི་དག་བོད་ནང་དུ་འགྲོ་རྒྱུར་བཀག་སྡོམ་བྱས་ཡོད་ནའང་།   རྒྱབ་ཤ་དཀར་པོའི་ཡིག་ཆ་དེ་ནང་དུ།  བོད་ནང་གི་བོད་མི་དག་གི་འཚོ་བ་ཕུན་སུམ་ཚོགས་པ་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་ལུང་འདྲེན་བྱས་ཏེ། གལ་ཏེ། བོད་ནང་གི་བོད་མི་དག་གི་འཚོ་བ་བདེ་སྐྱིད་ཀྱི་ངང་གནས་ཡོད་ན།   རྒྱ་ནག་གིས་ཅིའི་ཕྱིར་རྒྱལ་སྤྱིའི་སྟེང་གི་རང་དབང་ལྡན་པའི་ཞིབ་འཇུག་པ་དང་གསར་འགོད་པ།  དེ་བཞིན་གཞུང་ཚབ་པ་སོགས་བོད་ནང་དུ་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པར་དྲི་བ་བཏང་སྟེ། པེ་ཅིན་སྲིད་གཞུང་གིས་བོད་ནང་གི་བོད་མི་དག་ལ་སྲིད་གཞུང་གིས་ཕན་རླབས་ཆེན་པོ་བསྐྲུན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ན།   བོད་ནང་གི་བོད་མིའི་འགྲོ་འདུག་དང་སྨྲ་བརྗོད་རང་དབང་ལ་གུ་ཡངས་བྱོས་དང་།  དེ་ནས་བོད་མི་དག་གིས་དངོས་ཡོད་ཀྱི་གནས་ཚུལ་དེ་ཕྱི་ལ་བརྗོད་ཡོང་གི་རེད་ཅེས་བརྗོད་འདུག གཞན་ཡང་ལན་འདེབས་དེའི་ནང་དུ།    རྒྱ་ནག་གིས་བོད་ས་བཅིངས་གྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་ཡོད་པའི་འུར་སྒྲོག་བྱེད་བཞིན་ཡོད་ནའང་།  དོན་དངོས་སུ་བོད་མི་དག་གིས་ལོ་ངོ་འདི་དག་གི་རིང་ལ་རྒྱ་ནག་གི་དབྱེ་འབྱེད་ཀྱི་སྲིད་བྱུས་འོག་ནས་དཀའ་སྡུག་དུ་མ་མྱོང་བཞིན་ཡོད་པ་མ་ཟད།  ཉིན་རེའི་འཚོ་བའི་ཁྲོད་རང་དབང་དང་ཆེ་མཐོང་སོགས་ཀྱི་ཐོབ་ཐང་གཅིག་ཀྱང་མེད་པ་གསལ་འདོན་གྱིས།   རྒྱ་ནག་གི་ཕྱི་འབྲེལ་གྱི་ཐོག་ནས་བོད་དེ་རྙོག་གླེང་ཆེ་བའི་གནད་དོན་ཞིག་ཆགས་ཡོད་པ་ལྟར།  སྔར་ལོའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞི།    བོད་ནང་དུ་ཕར་འགྲོ་ཚུར་འོངས་ཀྱི་ཁྲིམས་འཆར་གཏན་འབེབས་བྱུང་བ་དེ་ཡང་རྒྱ་ནག་གིས་བོད་ནང་དུ་འགྲོ་སྐྱོད་ཀྱི་རང་དབང་ལ་བཀག་སྡོམ་བྱེད་བཞིན་པའི་དཔེ་མཚོན་ཞིག་ཆགས་ཡོད་པ་རེད་ཅེས་ཐ་ཚིག་བསྒྲགས་འདུག གཞན་ཡང་དགག་ལན་དེའི་ནང་དུ།  རྒྱ་ནག་གི་རྒྱབ་ཤ་དཀར་པའི་སྙན་ཐོ་དེའི་ནང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་བྱས་ཉེས་ལ་བསྙད་འདོགས་ཀྱིས་སྐྱོན་བརྗོད་མང་པོ་ཞིག་བྱས་ཡོད་པ་ལས།   འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་དུ།  བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བརྒྱ་དང་ལྔ་བཅུ་ང་གྲངས་ཤིག་བྱུང་ཡོད་པ་དེའི་རྒྱུ་རྐྱེན་གང་ཡང་བཀོད་མེད་པར་དོགས་འདྲི་བྱས་འདུག དགག་ལན་དེའི་མཇུག་སྡོམ་དུ།  ༸གོང་ས་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་མགོན་སྐྱབས་ཁོ་ན་དེ་ཡིན་པར་གསལ་འདོན་གྱིས། རྒྱ་ནག་གིས་གསལ་བོར་ཤེས་ཡོད་པ་ཞིག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་བྱས་པ་བརྒྱུད་ནས།   བོད་ནང་དུ་སྤྱི་ཚོགས་བརྟན་བརླིང་བསྐྲུན་ཐབས་ནི་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་མ་འོངས་བའི་བོད་ཀྱི་གནད་དོན་ཐོག་ཞི་མོལ་བྱེད་རྒྱུ་དེ་ཡིན་ནའང་།  རྒྱ་ནག་ལ་ཆབ་སྲིད་རང་བཞིན་གྱི་ཐོག་ནས་ལམ་ཁ་དེར་འཇུག་རྒྱུའི་སྙིང་སྟོབས་མེད་པར་བརྟེན།  རྒྱབ་ཤ་དཀར་པོའི་སྙན་ཐོ་སོགས་ཆེད་སྤེལ་གྱིས་འགྲེལ་ལོག་ཁོ་ན་རྒྱག་བཞིན་དེས་ད་ལྟའི་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་གཅིག་ཀྱང་མཚོན་མི་ཐུབ་ཅེས་སྡོམ་ཚིག་བཀོད་འདུག        

རེས་གཟའ་ལྷག་པ། ༢༠༡༩།༠༣།༢༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གི་དགོངས་དོན་ལྟར་ལྔ་དང་ལྔ་བཅུའི་འཆར་སྣང་ལག་བསྟར་བྱས་ཡོད། དགེ་རྒན་ཞིག་གིས་ཚུལ་མིན་གྱི་བྱ་སྤྱོད་གནང་བ་དེ་བཟང་སྤྱོད་དང་འགལ་ཡོད། དོན་འགྲུབ་དབང་ཆེན་ལགས་སུ་ ༢༠༡༩ ལོའི་ཇི་ནི་ཝའི་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟག་ཕུལ་བ། དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དེར་འགྲེལ་བརྗོད་ཡག་ཤོས་ཐུབ་མཁན་བོད་ཀྱི་སྐད་ཡིག་ཡིན། གློ་ཚེ་རོགས་རྣམ་རྒྱལ་གླིང་བོད་མིའི་གཞིས་གྲོང་དུ་ས་ཉིལ་བྱུང་བ། Wednesday 27/03/2019 TPiE in session: Sikyong gives clarification on Five Fifty vision Education Kalon grilled on recent sexual abuse incident in Tibetan school Dhondup Wangchen receives 2019 Geneva Summit’s Courage Award Dalai Lama interacts with members of Singapore 1880 Landslide in LoTserok Tibetan settlement in Pokhra

༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་རིམ་པའི་སྐབས་སྩལ་བའི་བཀའ་སློབ་ཀྱི་དགོངས་དོན་ལྟར་ལྔ་དང་ལྔ་བཅུའི་འཆར་སྣང་དེ་བྱུང་ཡོད།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བརྒྱད་པའི་ཉིན་རྒྱབ་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ལྔ་དང་ལྔ་བཅུའི་བྱུང་རིམ་དང་། ད་བར་ཚོགས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུའི་དགོས་དམིགས་སོགས་ཀྱི་ཐད་ལ་དམིགས་བསལ་གསལ་བཤད་ཀྱི་གོ་སྐབས་བླངས་ཐོག་ལྔ་དང་ལྔ་བཅུ་ཞེས་པ་དེ་ནི་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་རིམ་པའི་ཐོག་སྩལ་བའི་བཀའ་སློབ་ཀྱི་དགོངས་དོན་གཞི་རྩར་བཟུང་ནས་ལྔ་དང་ལྔ་བཅུ་ཞེས་པ་དེ་བྱུང་ཡོད་པ་གསུངས་སོང་།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་དེ་སྔ་སྲིད་སྐྱོང་གི་དམ་འབུལ་ཐོག་མར་ཕུལ་བའི་རྗེས་སུ་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁར་ཡང་ཡང་བཅར་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ད་ཁྱེད་རང་ཆབ་སྲིད་ཀྱི་འགན་འཁྱེར་དགོས། ངོས་མེད་པ་ནང་བཞིན་བྱས་ནས་འཆར་གཞི་སྒྲིགས་ཤིག་ཞེས་བཀའ་ཡང་ཡང་ཕེབས་ཡོད་སྟབས། སེམས་ལྗིད་ཏིག་ཏིག་དང་སྐྱོང་ལྷང་ལྷང་ཡོང་མིན་ལ་ལྟོས་མེད། ༸གོང་ས་མཆོག་གི་བཀའ་སྒྲུབ་རྒྱུའི་འགན་དེ་བཀའ་ཤག་ལ་ཡོད་བསམ་པའི་ཐོག་ནས་བཀའ་ཤག་ལྷན་རྒྱས་དང་མང་ཚོགས་ཁྲོད་ལ་༸གོང་ས་མཆོག་ཡོད་པའི་སྐབས་ཀྱི་འཆར་གཞི་དང་མེད་པའི་སྐབས་ཀྱི་འཆར་གཞི་ཞེས་གསུང་ཕོད་པ་ཞིག་མེད་སྟབས། ལྔ་དང་ལྔ་བཅུ་ཞེས་ཕྱོགས་གཅིག་ནས་ལོ་ལྔ་དང་ལྔ་བཅུ། ཕྱོགས་གཉིས་ནས་འཕྲལ་དང་ཕུགས། ད་ལྟ་དང་མ་འོངས་བཅས་ལྔ་དང་ལྔ་བཅུའི་འཆར་སྣང་དང་། འཆར་གཞི། སྲིད་བྱུས་དང་ལག་བསྟར་བཅས་བྱུང་ཡོད་པ་ངོ་སྤྲོད་དང་སྦྲགས། ལྔ་དང་ལྔ་བཅུ་འདི་བཞིན་རིམ་པས་བཟང་དུ་དང་ཡག་ཏུ་འགྲོ་རྒྱུའི་གདེང་ཚོད་ཆེན་པོ་ཡོད་པ་གསུངས་སོང་། སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་གིས་ད་བར་མི་ལོ་བདུན་ཅུ་ཙམ་གྱི་ནང་གནང་བའི་བོད་མིའི་ཆེད་མཐོང་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་བབས། དེ་བཞིན་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་བཅས་མི་ཉམས་གོང་འཕེལ་གནང་རྒྱུ་གལ་ཆེན་པོ་ཡིན་པ། མགོན་པོ་༸གང་ཉིད་མཆོག་དགུང་ལོའོ་བབས་ལ་གཞིགས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕེབས་རྒྱུ་ཁག་པོ་ཡིན་པ་སོགས་ཀྱི་བཀའ་སློབ་ཕེབས་ཁག་ལུང་འདྲེན་དང་སྦྲགས། ལྔ་དང་ལྔ་བཅུའི་འཆར་སྣང་འདིའི་ཐོག་ནས་བོད་པའི་རྩ་དོན་གྱི་འགན་དེ་བོད་མི་མང་ཚོགས་ནས་འཁྱེར་ཐུབ་དགོས་གལ་ཡིན་པ་གསུངས་ཡོད།  ལྷག་པར་དུ་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་གིས་ད་བར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོ་གྱུར་མང་གཙོ་དར་སྤེལ་དང་ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་མཛད་འཕྲིན་རླབས་ཆེན་བསྐྱངས་པ་རྣམས་མུ་མཐུད་རྒྱུན་སྐྱོང་ཞུ་རྒྱུའི་འགན་དེ་ང་ཚོ་བོད་པ་ཚོར་ཡོད་སྟབས། ང་ཚོས་ག་ཚོད་སྒྲུབ་ཐུབ་ཀྱི་ཡོད་མེད་ལ་དགོངས་པ་བཞེས་གལ་ཡིན་པ་དང་། ༸གོང་ས་མཆོག་གི་བཀའ་དྲིན་ཐོག་ད་བར་རྒྱལ་སྤྱིའི་ཁྲོད་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་པ་ཁག་གཙོ་གྱུར་བོད་ཀྱི་ཆབ་སྲིད་གནད་དོན་ཁག་རྒྱུན་སྐྱོང་ཞུ་རྒྱུའི་བོད་མི་ཚོར་འགན་ཡོད་སྟབས། གནད་དོན་དེ་དག་སྒྲུབ་ཐབས་སུ་ཐོག་མར་ཆབ་སྲིད་ཀྱི་ལྔ་དང་ལྔ་བཅུ་ཞེས་འགོ་འཛུགས་གནང་ཡོད་པ་གསུངས་སོང་།  སྐབས་དེར་སྲིད་སྐྱོང་མཆོག་ནས་ཆབ་སྲིད་ཀྱི་ལྔ་དང་ལྔ་བཅུའི་རྗེས་སུ་གཞོན་སྐྱེས་ལྔ་དང་ལྔ་བཅུ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པའི་ལྔ་དང་ལྔ་བཅུ་བཅས་ཀྱི་ཚོགས་འདུ་རིམ་པ་ཚོགས་པ་ཁག་ངོ་སྤྲོད་དང་སྦྲགས། ལྔ་དང་ལྔ་བཅུ་འདི་ད་རེས་ཀྱི་བཀའ་ཤག་ནས་མཚམས་འཇོག་རྒྱུ་ཞིག་མིན་པར་མུ་མཐུད་གནང་དགོས་གལ་ཡིན་པ་གསུངས་ཡོད།  བཀའ་ཤག་གི་གསལ་བཤད་དེའི་ཁྲོད་སྲིད་སྐྱོང་མཆོག་ནས་ལྔ་དང་ལྔ་བཅུའི་འཕྲལ་ཕུགས་ཀྱི་ལས་དོན་སོགས་དང་འབྲེལ། ད་བར་འཛིན་སྐྱོང་ནས་ཆོས་རིག་དང་འབྲེལ་བའི་ཐོག་ལ་མཐའ་མཚམས་ཁག་ཏུ་ཡོད་པའི་དགོན་ཁག་རྣམས་ཉམས་གསོ་དང་དཔེ་ཁྲིད་དགེ་རྒན་བསྐོ་གཞག དེ་བཞིན་ནང་སྲིད་དང་འབྲེལ་བོད་པའི་གཞིས་ཁག་རྒྱ་གར་གཞུང་གྱི་ཁྲིམས་མཐུན་ངོས་ལེན་དང་སྲིད་བྱུས་ལྡན་པ། དེ་བཞིན་དཔལ་འབྱོར་དང་འབྲེལ་བའི་དངུལ་ཁང་དང་བུན་གཡར་ལས་གཞི་བརྒྱུད་སྒྲིག་འཛུགས་དང་མང་ཚོགས་གཉིས་ཀར་ཕན་པའི་ལས་གཞི། གཞན་ཡང་བདེ་སྲུང་གི་ལས་དོན་དང་འབྲེལ་༸གོངས་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱོབ་ཐོག་སྔར་ལྷག་ཚགས་ཚུད་དང་། ཤེས་ཡོན་དང་འབྲེལ། ཤེས་ཡོན་ལྷན་ཚོགས་གསར་འཛུགས་དང་ཤེས་ཡོན་སྲིད་བྱུས་ལག་བསྟར་གཙོས་དགེ་རྒན་གསོ་སྐྱོང་དང་ཟབ་སྦྱོང་རྒྱ་ཆེ་གནང་བ། འཕྲོད་བསྟེན་དང་འབྲེལ་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་སོགས་འཆར་གཞི་དང་ལྡན་པའི་ཐོག་ནས་གནང་ཐུབ་ཡོད་པ་སོགས་ཀྱང་གསུངས་ཡོད།

དཔལ་ནཱ་ལེནྡཱའི་ཐུན་མིན་གྱི་ཆོས་བརྒྱུད་དེར་འགྲེལ་བརྗོད་ཡག་ཤོས་བརྒྱབ་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་རེད།

དེ་རིང་སྔ་དྲོ་ཚོུད་ ༡༠༌༠༠ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པུར་གྱི་ ༡༨༨༠ ཞེས་པའི་རྒྱབ་ལྗོངས་མིན་ལས་གྲུབ་པའི་ཚོགས་པའི་ཚོགས་མི་ ༨༥ ལྷག་ཙམ་ཞིག་དང་མཇལ་འཕྲད་ཀྱིས་ ༸གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་དག་ངོ་སྤྲོད་མཛད་པ་དང་འབྲེལ་ཏེ་དཔལ་ནཱ་ལེནྡཱའི་ཐུན་མིན་གྱི་ཆོས་བརྒྱུད་དེར་འགྲེལ་བརྗོད་ཡག་ཤོས་བརྒྱབ་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་རེད་ཅེས་བཀའ་བསྩལ་སོང་།མཇལ་འཕྲད་ཀྱི་ཐོག་མར་ཚོགས་མི་དེ་དག་ཁྲོད་ནས་ལོ་ན་ཆུང་བ་ཁག་གཅིག་ལ་གཟིགས་སྐབས་ཁོ་ཚོ་ནི་དུས་རབས་ཉེར་གཅིག་གི་མི་རབས་ཡིན་པ་དང་། ད་ལྟའི་མི་རབས་ཀྱི་ཤེས་ཡོན་བརྒྱུད་འཛམ་གླིང་ཞི་བདེ་གོང་སྤེལ་སླད་འབད་བརྩོན་བྱེད་ན་ གྲུབ་འབྲས་དེ་དུས་རབས་རྗེས་མའི་མི་རབས་ནས་མཐོང་རྒྱུ་དང་མྱོང་རྒྱུ་ཡོད་པས་དེ་ཡོང་བར་ད་ལྟའི་མི་རབས་ལ་འགན་ཡོད་ཅེས་ལམ་སྟོན་མཛད་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མི་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་འབྲེལ་བཀའ་སློབ་བསྩལ་དོན།  འཛམ་བུ་གླིང་གི་མི་ཐེར་འབུམ་ ༧ ལྷག་ཡོད་པ་རྣམས་ཕྱིའི་གཟུགས་ཀྱི་སྒོ་ནས་མི་འདྲ་བ་ཙམ་ལས་འགྲོ་བ་མི་གཅིག་མཚུངས་ཡིན་པས་ཆོས་ལུགས་ལ་ཁས་ལེན་ཀྱང་རུང་མི་ལེན་ཀྱང་རུང་བྱམས་དང་བརྩེ་བ། དེ་བཞིན་སྙིང་རྗེ་ནི་འགྲོ་བ་མི་སྤྱི་ཡོངས་ལ་དགོས་ངེས་ཤིག་ཡིན་པ་དང། ལྷག་པར་དུ་ང་ཚོའི་དུས་རྟག་ཏུ་སེམས་ཀྱི་ཞི་བདེ་གནས་ཐབས་སུ་བྱང་ཆུབ་ཀྱི་སེམས་དང་གཞན་ཕན་གྱི་བློ་སྒོམ་དགོས་གལ་ཡིན་པའི་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་ད་ཆ་འཛམ་གླིང་སྤྱི་ཡོངས་སྤྱི་ཚོགས་གཅིག་ལྟ་བུར་འགྱུར་ཡོད་པ་དང་ཡང་སྒོས་འགྲོ་བ་མི་རྣམས་སྡུག་བསྔལ་མི་འདོད་ཀྱང་། ད་ལྟར་ཀཤྨིར་དང་། སི་རི་ཡ། དེ་བཞིན་ཨབ་གྷ་ནིས་ཏན་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་དང། ཨ་རི་དང་མེཀ་སི་ཀོ་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་བརྒྱུད་མེཀ་སི་ཀེན་མི་སེར་མང་པོ་ཞིག་དཀའ་སྡུག་དེའི་འོག་ནས་མྱོང་བཞིན་པ་སོགས་ཀྱི་གནད་དོན་ལ་ཐུགས་ཕམ་དང་སྦྲགས། ཁྱིམ་མཚེས་རྒྱལ་ཁབ་ནས་ཞི་བདེ་ཐོག་མཉམ་གནས་གནང་དགོས་པར་བཀའ་བསྩལ་དང་འབྲེལ། ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ངོ་སྤྲོད་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་སྐོར་བཀའ་སློབ་བསྩལ་དོན་དུས་རབས་ ༧ པའི་ནང་བོད་ནང་ཡི་གེ་གཏན་འབེབས་དང་། དེ་བཞིན་ནཱ་ལེནྡཱ་གཙུག་ལག་སློབ་ཁང་ནས་སློབ་དཔོན་ཞི་བ་འཚོ་གདན་འདྲེན་གྱིས་བོད་དུ་ནང་པའི་ཆོས་བརྒྱུད་དར་འཕེལ་བྱུང་ཚུལ་དང་། རྒྱ་གར་ནང་ནཱ་ལེནྡཱའི་ཆོས་བརྒྱུད་ཉམས་པ་ནས་བཟུང་བོད་ནང་དེ་འབྲེལ་བདག་ཉར་གནང་པས་ནཱ་ལེནྡཱའི་ཐུན་མིན་གྱི་ཆོས་བརྒྱུད་ཀྱི་སེམས་ཁམས་རིག་པ་དང་། ལྟ་གྲུབ་རིག་པ། དེ་བཞིན་ཚད་མ་རིག་པ་སོགས་ཀྱི་ཐད་འགྲེལ་བརྗོད་ཡག་ཤོས་བརྒྱབ་ཐུབ་མཁན་གྱི་སྐད་ཡིག་དེ་ད་ལྟ་སྤྱོད་བཞིན་པའི་བོད་ཀྱི་སྐད་ཡིག་ཡིན་པར་བཀའ་བསྩལ་སོང་། ལྷག་པར་དུ་དེ་ལས་འཕྲོས་ཏེ་༸གོང་ས་མཆོག་གིས་སྤྱིར་བོད་ནི་ལོ་རྒྱུས་ལ་གཞིགས་ན་རང་དབང་གི་རྒྱལ་ཁབ་ཡིན་ཀྱང། ད་ཆ་བོད་མི་ཚོས་དབུ་མའི་ལམ་རྩོད་པ་དེ་དུས་ཚོད་དང་རན་པོ་ཆགས་པར་བཀའ་བསྩལ་བ་མ་ཟད། དེང་སྐབས་བོད་ནང་རྒྱ་ནག་གི་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་གནམ་ཐང་དང། རྒྱ་ལམ་སོགས་ཀྱི་ཡར་རྒྱས་བཏང་བ་དང་། དེ་བཞིན་རྒྱ་ནག་ནང་ནང་པ་ཧ་ཅང་མང་པོ་ཡོད་པས་དབུ་མའི་ལམ་གྱི་སྲིད་བྱུས་ལས་ང་ཚོ་ཕན་ཚུན་དབར་རོགས་སྐྱོར་གནང་ཐུབ་སྐོར་བཀའ་བསྩལ་སོང་།མགོན་པོ་མཆོག་གི་བཀའ་སློབ་གྲུབ་མཚམས་སུ་ཚོགས་མི་རྣམས་ནས་བཀའ་འདྲི་ཁག་གཅིག་ཞུས་ཡོད་པ་ལྟར་དེའི་ཁོངས་ནས་ཚོགས་མི་ཞིག་གིས་༸གོང་ས་མཆོག་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་ཡང་སྲིད་དུ་འཁྲུངས་པར་ཐུགས་ཚོར་གང་ཡོང་གི་འདུག་གམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་མཚན་གནས་འདི་མིས་བཟོས་པ་དང་ཐ་སྙད་བཏགས་པ་ཞིག་ཡིན་སྟབས་མགོན་པོ་མཆོག་ནས་རྣམ་ཀུན་ཏུ་འགྲོ་བ་མི་གཅིག་མཚུངས་ཤིག་ལ་དགོངས་ཀྱི་ཡོད་པ་བཀའ་བསྩལ་ཡོད། ༸གོང་ས་མཆོག་གིས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པས་ང་ཚོ་རིམ་པ་གཉིས་པའི་ཐོག་ལ་བསམ་བློ་མ་གཏང་བར་རིམ་པས་ནང་སེམས་ཀྱི་རིན་ཐང་ཐད་ཐུགས་སྣང་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།

དགེ་རྒན་ཞིག་ནས་ཚུལ་མིན་གྱི་བྱ་སྤྱོད་གནང་བ་ནི་བཟང་པོའི་སྤྱོད་པ་དང་འགལ་བ་རེད།

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཉིན་རྒྱབ་ཀྱི་ཚོགས་དུས་དང་དེ་རིང་ལས་ཉིན་བརྒྱད་པའི་སྔ་དྲོའི་ཚོགས་དུས་ཐོག་ཤེས་རིག་ལས་ཁུངས་ཀྱི་རྒྱུན་གྲོན་མ་དངུལ་གཏན་འབེབས་དང་ལས་དོན་བཅས་ཀྱི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་མང་དག་ཅིག་གིས་བློ་འཚབ་ཆེན་པོས་ཉེ་ལམ་དྷ་སྟེང་བོད་ཁྱིམ་ནང་དུ་སློབ་གྲྭའི་དགེ་རྒན་ཞིག་དང་སློབ་ཕྲུག་དབར་ལ་ཚུལ་མིན་བྱ་སྤྱོད་ཀྱི་གླེང་གཞི་བྱུང་བ་དེ་དངོས་འབྲེལ་ཡིན་ནམ་ཞེས་དང་། ཅི་སྟེ་དེ་ལྟར་ཡིན་ཚེ་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་སློབ་གྲྭ་ནས་ཐག་གཅོད་གང་གནང་ཡོད་མེད་ཐོག་ལ་བཀའ་འདྲི་གནང་ཡོད།ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་རྙོག་གླེང་དེའི་བྱུང་རབས་དང་། འབྲེལ་ཡོད་སློབ་གྲྭ་ནས་ཐག་གཅོད་གང་གནང་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། སློབ་མ་དེ་རང་ལོ་ ༡༨ སོན་ཡོད་པ་དང་དགེ་སློབ་གཉིས་ཀྱི་དབར་ལ་ཕན་ཚུན་མོས་མཐུན་ཡོད་པ་ལས་དགེ་རྒན་གྱིས་བཙན་གཡེམ་བྱས་པར་ངོས་འཛིན་གནང་མེད་སྐོར་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་འབྲེལ་ཡོད་སློབ་གྲྭས་དགེ་རྒན་དེ་ཕྱིར་ཕུད་བཏང་ཡོད་སྐོར་གསུངས་སོང་།རྩ་བའི་བོད་མིའི་སྒྲིགས་འཛུགས་ནས་ཕྱི་ལོ་ ༢༠༡༧ ལོའི་ནང་བཀའ་ཤག་གོང་མའི་སྐབས་གཏན་འབེབས་གནང་བའི་བོད་ཀྱི་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་དོན་ཚན་ ༧ ཅན་གྱི་སྲིད་བྱུས་གསར་པ་ཞིག་ཡོངས་ཁྱབ་དང་འབྲེལ་བེུད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་ལ་བཟོད་སྲན་རྩ་བ་ནས་གནང་རྒྱུ་མིན་པ་མངོན་གསལ་གནང་ཡོད་པ་ལྟར། དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་ཤིག་གིས་གནད་དོན་དེ་ལུང་འདྲེན་དང་འབྲེལ། ཐེངས་འདིའི་གནད་དོན་ཁྲོད་འབྲེལ་ཡོད་སློབ་གྲྭ་ནས་དགེ་སློབ་ཕན་ཚུན་དབར་མོས་མཐུན་བྱུང་བ་ལས་དགེ་རྒན་གྱིས་བཙན་གཡེམ་བྱས་མེད་སྐོར་གསུངས་པར་ངོས་ལེན་མེད་ཅེས་ནན་གསུངས་གནང་བ་མ་ཟད། གནད་དོན་དེ་ནི་དགེ་རྒན་ཞིག་གི་བཟང་སྤྱོད་དང་ཚུལ་ཁྲིམས་གཉིས་ཀའི་ཐོག་ནས་འགལ་ཡོད་སྐོར་གསུངས་ཡོད།བཀའ་བློན་མཆོག་གིས་གང་ལྟར་གནད་དོན་དེའི་ཐོག་ཤེས་རིག་ལས་ཁུངས་ཀྱིས་རོགས་འདེགས་གང་ཐུབ་ཞུ་རྒྱུའི་ཞལ་བཞེས་དང་འབྲེལ། སྤྱིར་སློབ་ཁག་ཚང་མའི་ནང་དུ་བཙན་གཡེམ་དང་འབྲེལ་བའི་གནད་དོན་དེ་རིགས་སླད་མར་མི་ཡོང་བར་ཚང་མས་ཚུལ་ཁྲིམས་སྲུང་དགོས་གལ་ཡིན་པའི་འབོད་སྐུལ་གནང་སོང་།བོད་མིའི་སྒྲིགས་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་བའི་དེ་རིང་གྲོས་ཚོགས་སུ་གཞན་ཡང་སྤྱི་འཐུས་ཁག་གཅིག་ནས་ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཀྱི་ནང་སློབ་ཁག་ག་ཚོད་བླངས་ཟིན་ཡོད་མེད་དང་། གལ་སྲིད་དེ་ལྟར་གནང་ཐུབ་མེད་ཚེ་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད། དེ་བཞིན་ ༢༠༡༠ ནས་ ༢༠༡༩ བར་སློབ་ཁག་ཇི་ཙམ་ཟླ་སྒྲིལ་དང་སྒོ་བརྒྱབ་ཡོད་སྐོར་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས་སྔ་ལོར་སློབ་ཁག་བརྒྱད་རྩིས་བླངས་པའི་རྗེས་སུ་ད་ཆ་འཛིན་རིམ་བཅིུས་ཅན་གྱི་མ་སུ་རི་སློབ་གྲྭ་དང་། སིམ་ལ། ཌལ་ཧོ་སི། ཀ་སྦུག རྡོ་རྗེ་གླིང་། ཧར་པཱ་པུར་བཅས་སློབ་ཁག་དྲུག་རྩིས་བླང་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༩ བར་སཾ་བྷོ་ཊའི་ཁྱབ་ཁོངས་སུ་སློབ་ཁག་བཞི་དང་། བོད་ཁྱིམ་གྱི་ཁྱབ་ཁོངས་སུ་ཡན་ལག་སློབ་གྲྭ་གཉིས། བ་ཡུལ་ནང་སློབ་ཁག་གཉིས་བཅས་ཁྱོན་སློབ་ཁག་བརྒྱད་སྒོ་བརྒྱབ་དགོས་བྱུང་ཡོད་པ་གསུངས་སོང་།ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཟའ་མཇུག་སློབ་གྲྭའི་གནད་དོན་སྐོར་ལ་དྲི་བ་ཁག་ཅིག་ཕེབས་པར་བཀའ་བློན་མཆོག་གིས་རིང་མིན་ཨ་རིའི་ནང་གཟའ་མཇུག་སློབ་གྲྭ་ཁག་གི་བསླབ་གཞི་རྩ་འཛིན་གཏན་འབེབས་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་རྒྱ་གར་འབྲས་ལྗོངས་དང་ཨོ་སི་ཊོ་ལི་ཡ་སོགས་ཀྱི་གཟའ་མཇུག་སློབ་གྲྭ་ཁག་ཅིག་ནས་བོད་ཀྱི་སྐད་ཡིག་དེ་ཕྱི་རྒྱལ་སློབ་ཁག་གི་ནང་དུ་སྐད་ཡིག་གཉིས་པའི་ཁོངས་སུ་ཚུད་ཐབས་གནང་བཞིན་ཡོད་པ་ལྟར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་འབད་བརྩོན་གནང་དགོས་པའི་གསོལ་འདེབས་ཞུས་ཡོད་པ་རེད།དེ་བཞིན་སྤྱི་འཐུས་ཤིག་ནས་ད་ཆ་ཕྲུ་གུ་དང་ན་གཞོན་མང་དག་ཅིག་དྲྭ་ལམ་བརྒྱུད་ PUBG ཞེས་པའི་རྩེད་རིགས་ཤིག་ཁྱབ་ཆེན་པོས་རྩེད་བཞིན་ཡོད་པ་མ་ཟད། རྩེད་མོ་དེ་རྩེད་དྲག་རྐྱེན་མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ལ་དཀའ་ངལ་ཆེ་བ་ཡོང་ངེས་སུ་མཐོང་ནས་ད་ཆ་རྒྱ་གར་གྱི་མངའ་སྡེ་ཁག་གཅིག་ནང་རྩེད་མོ་དེ་བཀག་འགོག་གནང་བཞིན་ཡོད་པ་ལྟར། གང་མགྱོགས་བཀག་འགོག་གནང་ཐབས་གནང་དགོས་གལ་ཡིན་སྐོར་སོགས་གསུངས་པ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་དྲྭ་རྒྱ་དང་འཕྲུལ་ཆས་བརྒྱུད་རྣམ་དཔྱོད་འཕེལ་རྒྱུའི་རྩེད་རིགས་མང་དག་ཅིག་ཡོད་ཀྱང་། ད་ཆ་རྩེད་མོ་དེར་རོལ་རྐྱེན་བོད་ཕྲུག་ཚོའི་དུས་ཚོད་འཕྲོ་བརླག་གཏོང་བཞིན་ཡོད་སྟབས་ཕ་མ་ཚོས་ཐུགས་འགན་བཞེས་དགོས་པ་གསུངས་སོང་། གཞན་ཡང་ཤེས་རིག་ལས་ཁུངས་ཀྱི་རྒྱུན་གྲོན་དང་ལས་དོན་གྱི་སྐོར་ལ་བགྲོ་གླེང་གནང་སྐབས་སློབ་གྲྭ་ཁག་གི་དགེ་རྒན་ལ་ལྷག་བསམ་དང་སེམས་ཤུགས་ཡོད་ནའང་ཐུན་རྐྱེན་སྦྱོར་རྒྱུ་གལ་ཆེན་པོ་ཡིན་སྟབས་གསོལ་ཕོགས་སྐོར་ལ་དགོངས་བཞེས་གནང་དགོས་པ་དང་བོད་སློབ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་དང་འབྲེལ་བའི་དྲི་བ་ཁག་གཅིག་ཀྱང་ཕེབས་ཡོད་པ་རེད།

གློ་ཚེ་རོགས་རྣམ་རྒྱལ་གླིང་བོད་མིའི་གཞིས་གྲོང་དུ་ས་ཉིལ་བྱུང་བ།

ཁ་ཉིན་དགོང་མོའི་ནམ་གོང་གི་ཆུ་ཚོད་གཉིས་པ་ཡས་མས་ཙམ་ལ་བལ་ཡུལ་གྱི་སྤོག་ར་ས་གནས་ཁྱབ་ཁོངས་གློ་ཚེ་རོགས་རྣམ་རྒྱལ་གླིང་བོད་མིའི་གཞིས་གྲོང་དུ་ཉེ་འདབས་ཀྱི་རྒྱུག་ཆུའི་རྐྱེན་གྱིས་ས་ཉིལ་བྱུང་སྟེ་གཞིས་ཆགས་ཀྱི་སྨན་ཁང་དང་། སྤྱི་སྤྱོད་ཀྱི་གསང་སྤྱོད་དང་འཁྲུས་ཁང་། དེ་བཞིན་ཟམ་པ་བཅས་ལ་གནོད་སྐྱོན་ཕོག་ཡོད་པ་རེད། ལྷག་དོན་རང་བྱུང་གོད་ཆག་དེ་བྱུང་རྗེས་ས་གནས་རྫོང་གི་མགོ་ཁྲིད་དང་སྤོག་ར་བོད་མིའི་ས་གནས་འགོ་འཛིན་བཅས་ཕེབས་ཏེ་ས་གནས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་པ་རེད།གསར་འགོད་པས་བལ་ཡུལ་བོད་མིའི་སྐུ་ཚབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་ད་ལྟའི་ས་ཉུལ་བྱུང་སའི་ཡུལ་དངོས་ཀྱི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གཞིས་གྲོང་ཉེ་འདབས་ཀྱི་རྒྱུག་ཆུའི་རྐྱེན་གྱིས་ཟམ་པ་དང་ལམ་ཁ་བརྡིབས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་། གཞིས་སྒར་ལ་གནོད་སྐྱོན་ཐེབས་པ་ཐེངས་དང་པོ་ཡིན་པ་དང་། ད་ལྟའི་ཆར་སྨན་ཁང་དང་གསར་སྤྱོད། དེ་བཞིན་ཟམ་པ་བཅས་ལ་གནོད་སྐྱོན་ཕོག་ཡོད་པ་ལས་བོད་མིའི་སྡོད་ཁང་སོགས་ལ་གནོད་སྐྱོན་ཕོག་མེད་པར་འགྲེལ་བརྗོད་གནང་སོང་། རྩ་བའི་བལ་ཡུལ་གྱི་ Kathmandupost གསར་ཁང་གིས་བོད་མིའི་སྡོད་ཁང་དགུ་ཙམ་ཉེན་ཁའི་ངང་གནས་ཡོད་པར་བརྟེན། ཡུལ་མི་དག་གནས་སྐབས་སུ་རང་ཁྱིམ་ནས་ཉེན་གཡོལ་དུ་ཕྱིན་ཡོད་པ་བཀོད་འདུགའདི་ག་གསར་ཁང་གི་ངོས་ནས་བལ་ཡུལ་བོད་མིའི་སྐུ་ཚབ་འབྲེལ་མཐུད་ཁང་གིས་ཆེད་དུ་ཡུལ་དངོས་ལ་རྟོག་ཞིབ་ཀྱི་ཆེད་བཏང་བའི་འབྲེལ་མཐུད་པ་ནོར་བུ་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་འགྲེལ་ལམ་ཞུས་ཀྱང་བརྡ་རྟགས་ཀྱི་རྐྱེན་གྱིས་འབྲེལ་ལམ་མཐུད་ཐུབ་མ་སོང་། དེ་བཞིན་གསར་ཁང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་མཆོག་ལ་ཡུལ་དངོས་ཀྱི་ངལ་སེལ་རོགས་སྐྱོར་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཀྱང་གནས་སྐབས་སུ་ཡུལ་དངོས་ཀྱི་གནས་ཚུལ་ཇི་བཞིན་གསལ་བའི་སྙན་ཐོ་དེ་ལག་སོན་མ་བྱུང་བར་རེ་ཞིག་བཀའ་མོལ་གནང་རྒྱུ་དཀའ་སྐོར་གསུངས་སོང་།

Latest news