Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2018

རེས་གཟའ་ལྷག་པ། ༢༠༡༨།༡༠།༣༡

ཉན་པ།: Listen ཕབ་ལེན། Download བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་སྐུ་ཕུང་Dehradun སྨིན་སྒྲོལ་གླིང་དུ་གདན་ཞུ་གནང་རྒྱུ། རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་རན་པ་དང་བསྟུན་རྒྱལ་སྤྱིའི་གཞུང་ཚབ་ཁག་ཅིག་ལ་བོད་དོན་ཞུ་སྐུལ། དགོན་སྡེ་ཁག་ཆབ་སྲིད་སློབ་གསོའི་བསྟི་གནས་སུ་བསྒྱུར་བཞིན་པ་དེས་རྒྱ་གཞུང་གིས་ཆོས་དད་ལ་དོགས་ཟོན་ཇི་ཙམ་བྱེད་ཀྱི་ཡོད་པ་མངོན་གསལ་བྱེད་ཀྱི་ཡོད་པ། Cornell གཙུག་ལག་སློབ་གྲྭ་ཆེན་མོས་ Renmen གཙུག་ལག་སློབ་གྲྭ་དང་རིག་གཞུང་བརྗེ་ལེན་མཚམས་འཇོག དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ན་ཚན་རིག་སློབ་སྦྱོང་བྱ་གལ་ཡིན་པ་གསུངས། ཡར་ཀླུང་གཙང་པོར་སླར་ཡང་རི་ཉིལ་ནས་ཡུལ་མི་རྣམས་ཛ་དྲག་ངང་གནས་སྤོས། Wednesday 31/10/2018 Late Gyari Rinpoche’s last rites to be held at Mindrolling Monastery CTA team lobby support for Tibet ahead China UPR New Political Requirements for Tibetan Monastics reflects Beijing’s hostility: HRW Cornell drops exchanges with Chinese school over academic freedom issues To become a 21st century Buddhist, science is important: Tibetan monk Another landslide in Tibet blocks Yarlung Tsangpo

བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ལྡེ་ར་ལྡུན་སྨིན་གྲོལ་གླིང་དུ་གདན་ཞུ་གནང་རྒྱུ།

ཁ་ཉིན་ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རི་གྲོང་ཁྱེར་ san Francisco ནང་དུ་དགོངས་པ་རྫོགས་པའི་༸གོང་ས་མཆོག་གི་བྱ་ཨ་རིའི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དམཔ་དེ་ཉིད་ཀྱི་སྐུ་ཕུང་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པར་གདན་ཞུ་གནང་རྒྱུ་རེད་འདུགདེའང་དེ་རིང་འདི་ག་རླུང་འཕྲིན་ཁང་ལ་སྨོན་གྲོལ་གླིང་དགོན་པའི་དྲུང་ཆེ་དང་རྙིང་མའི་སྤྱི་ཟུར་བསྟན་སྐྱབས་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། དགོན་པ་དེའི་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ནང་མི་སྐུ་འཁོར་རྣམས་ནས་གཟའ་འཁོར་དེའི་གཟའ་མཇུག་གོང་དུ་དམ་པ་དེ་ཉིད་ཀྱི་སྐུ་ཕུང་དགོན་པ་དེར་གདན་ཞུ་གནང་རྒྱུ་ཡིན་པ་དང། དགོན་པའི་གཙོ་བདག་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་བཅས་དམ་པ་ཁོང་སྐུ་གཤེགས་པའི་གནས་ཚུལ་ཐོན་ཕྲལ་ཨ་རིར་ཆེད་ཕེབས་གནང་ཡོད་པ་རེད་འདུགརྩ་བའི་བཀའ་ཟུར་རྒྱ་རི་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་མཆོག་ཟླ་བ་འདིའི་ཚེས་ ༢༩ ཉིན་གྱི་སྔ་འདྲོ་ཚོུད་ ༦།༡༥ ཐོག་ཨ་རིའི་ San Francisco གྲོང་ཁྱེར་ནང་དགུང་ལོ་ ༦༩ ཐོག་མཆིན་སྐྲན་དབང་གི་དགོངས་པ་རྫོགས་ཡོད་པ་དང། ཁ་སང་བོད་མིའི་སྒྲིག་འཛུགས་ངོས་ནས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་གནང་བར་ཡི་རང་བསྔགས་བརྗོད་དང་རྗེས་དྲན་ཞུ་ཆེད་ཉིན་རྒྱབ་ལས་མཚམས་བཞག་སྟེ་བསྔོ་སྨོན་གསུང་དོན་གནང་ཡོད་པ་རེད།ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ Nancy Pelosi མཆོག་གིས་རྒྱ་རི་རིན་པོ་ཆེ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་དང་། ཕྱི་འབྲེལ་སྐུ་ཚབ། འཛིན་སྐྱོང་བ། དེ་བཞིན་ལས་འགུལ་བ་སོགས་ཡིན་པ་དེ་ལྟང་ཡང་། རིན་པོ་ཆེ་མཆོག་གཙོ་བོ་དགེ་རྒན་ཆེན་མོ་བ་ཞིག་ཀྱང་ རེད་ཅེས་གསུངས་པ་འབྲེལ། འཛམ་གླིང་འདི་ནས་ཆེས་ཐུན་མིན་གྱི་བོད་མི་འཐབ་རྩོད་པ་ཞིག་མེད་པ་གྱུར་ཡོད་པ་གསུངས་འདུག ལྕམ་སྐུ་མཆོག་གིས་ད་དུང་རྒྱ་གཞུང་གིས་བཙན་དབང་འོག་བོད་མི་རྣམས་བཙན་བྱོལ་དུ་ཕེབས་རྗེས་སྙིང་སྟོབས་ཞུམ་པ་མེད་པར་བོད་ཀྱི་མ་འོངས་བདེན་དོན་སླད་སྐུ་ལས་བསྐྱོན་ཡོད་པ་དང་། ལྷག་དོན་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གནང་བའི་རིང་ལ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དགོས་འདུན་ཁག་འཕེལ་རྒྱས་དང་འདི་བཞིན་ཨ་རིས་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ནས་བོད་དོན་ལ་གཏིང་ཟབ་ཀྱི་རྒྱབ་སྐྱོར་སོགས་ཐོབ་ཐུབ་པ་བྱུང་ཡོད་བཅས་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་རིན་པོ་ཆེ་མཆོག་གི་ནང་གི་རྟོགས་པ་དང་ཡོན་ཏན་ལས་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་འདུག ཁོང་གིས་ད་དུང་ང་ཚོའི་ངོས་ནས་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་གི་མཛད་རྗེས་རྣམས་མུ་མཐུད་ལག་ལེན་ནང་རྒྱུན་སྐྱོང་གནང་དགོས་པ་དང་། འཛམ་གླིང་ཐོག་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་དངོས་ཀྱི་གནད་དོན་གང་ཡིན་ཤེས་བཞིན་རང་ཉིད་ཀྱི་ཚོང་འབྲེལ་ཁེ་ཕན་ཁོ་ནའི་ཆེད་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གླེང་སློང་མ་གནང་ཚེ་འཛམ་གླིང་ཐོག་གི་ས་གནས་གང་ཡང་རུང་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་མེད་པར་ནན་བརྗོད་དང་སྦྲགས། རིན་པོ་ཆེ་མཆོག་སྐུ་གཤེགས་པར་མྱ་ངན་གུས་བཏུད་གནང་འདུག དེ་བཞིན་རིན་པོ་ཆེ་མཆོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་ཕྱི་ལོ་ ༡༩༧༠ ལོར་གསར་འཛུགས་གནང་མཁན་མི་སྣ་གཙོ་གྲས་སུ་ཡོད་པ་དང་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་ཡོད་སྟབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རིན་པོ་ཆེ་དམ་པ་དེ་ཉིད་སྐུ་ཚེ་གང་པོར་བོད་བསྟན་སྲིད་དང་མི་རིགས་སླད་ཕྱག་ལས་གནང་བར་གཞོན་ལྷན་དབུས་སའི་རྒྱུན་ལས་དང་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡི་རངས་བསྔགས་བརྗོད་གུས་འདུད་དང་ཤུལ་ལུས་སྐུ་འཁོར་ལྷན་རྒྱས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད།

ཨ་རིའི་ Cornell གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་གི Renmen གཙུག་ལག་སློབ་གྲྭ་དང་རིག་གཞུང་བརྗེ་ལེན་གྱི་ལས་གཞི་མཚམས་འཇོག

ཨ་རིའི་ནང་རྟེན་གཞི་བྱས་པའི་ Cornell གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ Renmen གཙུག་ལག་སློབ་གྲྭར་ཤེས་ཡོན་སློབ་གསོའི་རང་དབང་ལ་བཀག་འགོག་བྱས་པར་སློབ་གྲྭ་ཆེན་མོ་དེ་དག་གཉིས་ཀྱི་དབར་རིག་གཞུང་བརྗེ་ལེན་གྱི་ལས་གཞི་རེ་ཞིག་མཚམས་འཇོག་བྱས་འདུག Reuter གསར་ཁང་གིས་གནས་ཚུལ་སྤེལ་བར་ Cornell གཙུག་ལག་སློབ་གྲྭ་ཆེན་མོ་དང་ Renmen གཙུག་ལག་སློབ་གྲྭ་གཉིས་ཀྱི་དབར་འདས་པའི་ལོ་ངོ་དྲུག་ནང་ཕན་ཚུན་རིག་གཞུང་བརྗེ་ལེན་གྱི་ལས་རིམ་ཞིག་སྤེལ་བཞིན་ཡོད་ནའང།  Renmen གཙུག་ལག་སློབ་གྲྭའི་རྒྱ་རིགས་སློབ་མ་ཁག་ཅིག་གིས་ཉེ་ལམ་དྲྭ་རྒྱའི་བརྒྱུད་ནས་རྒྱ་ནག་གི་ལྷོ་ངོས་སུ་ཡོད་པའི་ Huizhou རྒྱལ་སའི་ནང་གི་ཚ་ལ་རྒྱག་སའི་ཚོང་ལས་ཁང་ཞིག་གི་ངལ་རྩོལ་བའི་ཁེ་དབང་ཚོགས་པ་འཛུགས་ཆོག་པའི་དགོས་འདུན་ཆེད་བཏོན་དང་། ངལ་རྩོལ་བ་རྣམས་ལ་རྒྱབ་སྐྱོར་བྱས་པར་བརྟེན་སློབ་མ་དེ་དག་ལ་ཆད་པ་བཅད་པ་ནི་ཤེས་ཡོན་སློབ་གསོའི་རང་དབང་གི་བྱ་སྤྱོད་ལ་བཀག་འགོག་བྱས་པ་རེད་ཅེས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོས་སྐྱོན་བརྗོད་ནན་པོ་གནང་སྟེ་རིག་གཞུང་བརྗེ་ལེན་གྱི་ལས་གཞི་མཚམས་འཇོག་གནང་བའི་གནས་ཚུལ་སྤེལ་འདུག Cornell གཙུག་ལག་སློབ་གྲྭ་ཆེན་མོའི་མགོ་འཛིན་སྐུ་ཞབས་ Michael kotlikoff་ལགས་ཀྱིས་ཐག་གཅོད་དེ་ལྟར་གནང་དོན་གཙོ་བོ་ནི་རྒྱ་ནག་གི་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་རྒྱ་རིགས་སློབ་མ་ཚོས་ངལ་རྩོལ་བའི་ཆེད་དུ་འབོད་སྒྲ་སྒྲོག་པར་སློབ་མ་དེ་དག་ལ་ཉེས་ཆད་བཏང་རྐྱེན་ཡིན་པར་འགྲེལ་བརྗོད་གནང་འདུག བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་གཞིགས་ཚེ་ Renmen གཙུག་ལག་སློབ་གྲྭའི་རྒྱ་རིགས་སློབ་མ་ཁག་ཅིག་ནས་ངལ་རྩོལ་བའི་ཆེད་དུ་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་རིགས་སློབ་མ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད། Remen གཙུག་ལག་སློབ་གྲྭ་གཙོ་གྱུར་ཡུལ་དེའི་གཙུག་ལག་སློབ་གྲྭ་གཞན་རྣམས་ལ་ཡང་ལས་འགུལ་དེ་རིགས་ནང་མཉམ་ཞུགས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད་འདུག Cornell གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ལས་གཞིའི་འགན་འཛིན་སྐུ་ཞབས་ Eli Friedman ལགས་ཀྱིས་རྒྱ་ནག་གི་གཙུག་ལག་སློབ་གྲྭ་ཆེན་མོའི་བྱ་སྤྱོད་ནི་ཤེས་ཡོན་སློབ་གསོའི་རང་དབང་ལ་བརྩི་མེད་བཏང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་པ་དང་འབྲེལ། སློབ་མ་ཚོས་ངལ་རྩོལ་བ་དེ་དག་གི་ཆེད་དུ་འབོད་སྒྲ་སྒྲོག་མཁན་སློབ་ཕྲུག་དེ་དག་གི་ཕ་མ་རྣམས་ལ་གནོན་ཤུགས་སྤྲད་རྒྱུ་དང་། གསང་བའི་ངང་ནས་དམ་དྲག་བྱ་རྒྱུ་དེ་དག་ནི་ཐལ་ཆ་ཅན་གྱི་བྱ་སྤྱོད་ཞིག་ཡིན་པར་མ་ཟད་གཙུག་ལག་སློབ་གྲྭ་དེས་ཐལ་ཆ་ཅན་གྱི་ལག་བསྟར་གནང་སྐོར་གསུངས་པ་དང་འབྲེལ་ནམ་ཞིག་རྒྱ་ནག་གི་གཙུག་ལག་སློབ་གྲྭ་དེའི་ནང་ཤེས་ཡོན་སློབ་གསོའི་རང་དབང་ཐོག་ཡར་རྒྱས་ཕྱིན་པའི་དཔང་པོ་རིགས་བྱུང་ཚེ་ཕན་ཚུན་དབར་རིག་གཞུང་བརྗེ་ལེན་ཡོང་ངེས་ཡིན་པ་བརྗོད་འདུག རྩ་བའི་ Cornell གཙུག་ལག་སློབ་གྲྭ་ཆེན་མོ་དང་ Renmen གཙུག་ལག་སློབ་གྲྭ་ཆེ་མོ་གཉིས་ཀྱི་དབར་རིག་གཞུང་བརྗེ་ལེན་དེ་ཕྱི་ལོ་ ༢༠༡༤ ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ལོ་ལྟར་དབྱར་དུས་ཀྱི་སྐབས་ཨ་རི་ནས་སློབ་མ་ ༡༠ ཙམ་ renmen གཙུག་ལག་སློབ་གྲྭར་སློབ་སྦྱོང་ཆེད་ཡོང་གི་ཡོད་པ་དང་། དེ་བཞིན་ཨ་རིའི་ནང་རྒྱ་རིགས་སློབ་མ་རྣམས་ལོ་ཕྱེད་ཀྱི་སློབ་སྦྱོང་བྱ་ཕྱིར་གཏོང་སྲོལ་ཡོད་པ་རེད།

ནང་བསམ་བློའི་ཐོག་ནས་ངོས་རང་ཁྱེད་རྣམས་ལས་རྒྱ་གར་བ་ཚད་ལྡན་པ་ཞིག་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་གྱི་མཐོ་རིམ་སློབ་མ་ཁག་ཅིག་ལ་ཐུགས་བརྩེ་བ་ཆེན་པོས་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་གལ་གནད་ཐད་བཀའ་སློབ་བསྩལ་བར་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་གནའ་བོའི་རིག་གནས་གོང་འཕེལ་གནང་མཁན་གྱི་ཕོ་ཉ་ལྟ་བུ་ཞིག་ཡིན་སྐོར་བཀའ་བསྩལ་བ་མ་ཟད་སྤྱིར་ནང་བསམ་བློའི་ཐོག་ནས་ངོས་རང་ཁྱེད་ཚོ་ལས་རྒྱ་གར་བ་ཚད་ལྡན་པ་ཞིག་ཡིན་ཞེས་བཀའ་བསྩལ་འདུག དྷ་སའི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་ Hamirpur ནང་འཚོགས་བཞིན་པའི་Coexistence ཞེས་ཕན་ཚུན་མཉམ་གནས་ཀྱི་ཚོགས་འདུ་དང་སྟབས་བསྟུན། Haryana ཧརཡཱནཱ་དང་ Chandigarh ཅནྡི་གྷར། ཝཱ་རཱ་ཎ་སཱི་ལ་སོགས་པའི་རྒྱ་གར་གྱི་ས་གནས་འདྲ་མིན་གྱི་མཐོ་སློབ་ཆེ་གྲས་ཁག་ཅིག་ལས་བསྡུས་པའི་སློབ་མ་དེ་དག་ལ་༸གོང་ས་མཆོག་གིས་ལོ་ངོ་སྟོང་ཕྲག་གསུམ་ལྷག་ཕྱིན་པའི་དཔལ་ནཱ་ལནྡཱ་ནས་བརྒྱུད་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་ཆེས་རྩོད་རྙོག་ལྡན་པའི་དེང་གི་འཛམ་གླིང་དེའི་ནང་ཧ་ཅང་གི་དགོས་མཁོ་ཆེན་པོ་ཆགས་ཡོད་སྐོར་བཀའ་བསྩལ་བ་མ་ཟད། དབུལ་ཕྱུག་དབར་བར་ཁྱད་ཆེ་བའི་དཀའ་ངལ་དང་། ཆོས་ལུགས་ཀྱི་མིང་ཐོག་རྩོད་རྙོག་ཧ་ཅང་ཆེ་བའི་དུས་སྐབས་འདིར་རྒྱ་གར་གྱི་ངོས་ནས་ཆོས་ལུགས་མཉམ་གནས་ཀྱི་རིག་གནས་བཟང་པོ་དེ་འཛམ་གླིང་ཐོག་གོང་འཕེལ་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་བཀའ་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་མ་དེ་དག་ལ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་སྒེར་གྱི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་རྣམས་ངོ་སྤྲོད་མཛད་པ་དང་འབྲེལ། དེ་དག་ལས་གོ་ལའི་ཁོར་ཡུག་ལ་བདག་གཅེས་བྱ་རྒྱུའི་གལ་གནད་སྐོར་ལ་བཀའ་བསྩལ་བར་དེ་སྔ་ཕྱི་ལོ་ ༡༩༦༠ ལོར་༸གང་ཉིད་མཆོག་བཞུགས་སྒར་དྷ་སར་ཆེས་ཐོག་མ་ཆིབས་བསྒྱུར་མཛད་སྐབས་ཀྱི་༸སྐུའི་མྱོང་བ་ཁག་དཔེ་མཚོན་དུ་བཀོད་ནས་ལོ་དེའི་དགུན་དུས་སུ་དྷ་སར་གངས་ཧ་ཅང་མང་པོ་འབབ་ཡོད་ཀྱང་། ད་ཆ་ལོ་རེ་ནས་ལོ་རེ་བཞིན་གངས་ཉུང་དུ་འགྲོ་གི་ཡོད་པས་དེ་ནི་གོ་ལའི་ཚ་དྲོད་རྒྱས་པའི་རྟགས་མཚན་ཛ་དྲག་གི་རང་བཞིན་ཆགས་ཡོད་སྟབས་ང་ཚོས་གོ་ལའི་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་ཉར་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་ནས་སྐར་མ་ཉི་ཤུའི་རིང་བཀའ་སློབ་བསྩལ་གྲུབ་རྗེས་སློབ་མ་མང་དག་ཞིག་ནས་༸གོང་ས་མཆོག་ལ་རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་ཁོང་ཁྲོ་དང་ཞེ་སྡང་ལ་སོགས་པར་གཉེན་པོ་བསྟན་སྟངས་དང་། རྩོད་རྙོག་ཅན་གྱི་འཛམ་གླིང་དེའི་ཁྲོད་ཕན་ཚུན་ཞི་བདེའི་ངང་མཉམ་གནས་གནང་སྟངས་བཅས་ཀྱི་ཐོག་བཀའ་འདྲི་འདྲ་མིན་ཁག་ཅིག་ཕུལ་ཡོད་པ་རེད།ལས་རིམ་དེའི་མཇུག་ཏུ་དགེ་རྒན་ཞིག་གིས་ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁར་བཅར་བའི་མཐོ་རིམ་སློབ་མ་དེ་དག་དང་ལྷན་དུ་སློབ་གྲྭ་ཁག་གི་དགེ་རྒན་དང་འགོ་ཁྲིད། དེ་བཞིན་སྦྱིན་བདག་ཁག་ཅིག་ཀྱང་བཅར་ཡོད་པ་སྙན་གསེང་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ལ་དམིགས་བསལ་ལམ་སྟོན་ཞུས་པར་༸གོང་ས་མཆོག་ནས་ཤེས་ཡོན་གྱི་སྡེ་ཁག་དང་འབྲེལ་བའི་ཆེད་ལས་པ་དང་འབྲེལ་ཡོད་མི་སྣ་ཚོས་བྱམས་བརྩེ་ལྡན་པའི་སློབ་མ་སྐྱེ་སྲིང་གནང་རྒྱུར་དགོངས་བཞེས་གནང་བའི་དུས་ལ་བབ་ཡོད་པ་དང་། ༸གོང་ས་མཆོག་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་གི་མཐོ་སློབ་དང་མཉམ་དུ་ནང་སེམས་ཀྱི་རིན་ཐང་གོང་འཕེལ་དང་འབྲེལ་བའི་ལས་གཞི་ཞིག་དབུ་འཛུགས་ཟིན་ཡོད་པ་མ་ཟད། རིང་མིན་ལོ་རྗེས་མའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཤེས་ཡོན་གྱི་སློབ་གསོའི་ཁྲོད་དུ་ནང་སེམས་ཀྱི་རིན་ཐང་གོང་འཕེལ་གྱི་བསླབ་གཞི་གཏན་འབེབས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཀྱང་འཚོགས་གཏན་ཁེལ་བ་ལྟར། དེ་རིང་གི་མཇལ་ཁར་བཅར་བའི་སློབ་གྲྭ་ཁག་གི་འགོ་གཙོ་དང་འབྲེལ་ཡོད་རྣམས་ལས་གཞི་དེའི་ཐོག་ཐུགས་སྣང་དང་ཚོགས་འདུར་ནང་མཉམ་ཞུགས་གནང་ཚེ་དགའ་བསུ་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། ༸སྐུ་པར་དཔལ་ལྡན་དགའ་ཕོ་བྲང་ཡིག་ཚང་།

རེས་གཟའ་མིག་དམར། ༢༠༡༨།༡༠།༣༠

ཉན་པ།: Listen ཕབ་ལེན། Download ངོས་ནི་ནང་བསམ་བློའི་ཐོག་ནས་ཁྱེད་རྣམས་ལས་རྒྱ་གར་བ་ཚད་ལྡན་ཞིག་ཡིན། བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ། བོད་ཀྱི་འདས་མ་ད་གསུམ་གྱི་གནས་བབས་འཁོད་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དབུ་འབྱེད། བསྟན་པ་སྤྱི་ལ་ཞབས་འདེགས་ཞུ་ཕྱིར་ཕྱིར་བསྐྱོད་ལག་འཁྱེར་བཟོས་པ་ཡིན། ལྷོ་ཨ་རིའི་རྒྱལ་ཁབ་ཅི་ལིའི་གྲོས་ཚོགས་འཐུས་མི་རུ་ཁག་བཞུགས་སྒར་དུ་ཕེབས་པ། Tuesday 30/10/2018 Mentally I am more Indian than you: Dalai Lama to Indian High School Students Exile Tibetans mourn demise of Kasur Gyari Lodi Gyaltsen CTA launches flagship tri-lingual report on Middle Way Policy Karmapa clarifies his stand on taking Dominican citizenship Chilean parliamentary delegation meets Dalai Lama, speaks on Secular Ethics

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་གནང་བ།

ཁ་སང་ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རི་ནང་གི་སྔ་དྲོ་ཚོུད་ ༦།༡༥ སྟེང་གྲོང་ཁྱེར་ San Francisco ནང་དུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་དགུང་ལོ་ ༦༩ ཐོག་མཆིན་སྐྲན་དབང་གིས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དེ་རིང་ཉིན་རྒྱབ་ཚོུད་ ༢༌༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པའི་ནང་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་བཀའ་ཟུར་དམ་པ་མཆོག་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། དེ་རིང་གི་ཉིན་མོར་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྐུ་གཤེགས་དམ་པ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཕམ་ཆེན་པོས་མྱ་ངན་གུས་བཏུད་ཡོད་ཅེས་གསུངས་པ་དང་སྦྲགས།  དམ་པ་དེ་ཉིད་ཀྱི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་གནང་སོང་།རྩ་བའི་རིན་པོ་ཆེ་མཆོག་ཁ་སང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ་ཏེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཚོགས་སྐྱིད་ཁག་གིས་ཀྱང་ངོ་དེབ་དང་ Instagram དེ་བཞིན་ Twitter སོགས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་མྱ་ངན་གུས་འདུད་དང་ཐུགས་གསོའི་གསུང་འཕྲིན་སོགས་ཀྱང་སྤེལ་འདུག་པ་དང་། ལྷག་པར་དུ་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་བདེ་དོན་སླད་དུ་བསྐྱེལ་ཡོད་པར་འགྲེལ་བརྗོད་གནང་བ་དང་སྦྲགས། རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་མདོ་ཁམས་ཉག་རོང་རྫོང་དུ་སྐུ་འཁྲུངས་ཡོད་པ་དང།  ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་པོས་བཙན་གནོན་འོག་བོད་ལ་དུས་གྱུར་ཆེན་པོ་བྱུང་རྐྱེན་བཙན་བྱོལ་རྒྱ་གར་དུ་ཕེབས་ཡོད་པ་རེད།རིན་པོ་ཆེ་དམ་པ་མཆོག་ནི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་མ་ཟད་དགུང་ལོ་ ༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བ་དང་། ཕྱི་ལོ་ ༡༩༨༨ ལོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ཡང་གནང་ཡོད་པ་བཅས་སྐབས་དེའི་ བོད་མི་མང་སྤྱི་འཐུས་དང་བཀའ་བློན་དགུང་ལོ་ཆུང་ཤོས་དེ་ཡིན་པ་རེད།ཁྱད་པར་དུ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༠ ཐམ་པའི་ལོ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ་དང་།ཕྱི་ལོ་ ༡༩༨༢ ལོ་དང་དེ་རྗེས་ཕྱི་ལོ་ ༡༩༨༤ ལོ་སོ་སོར་བོད་ནང་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་མི་སྣ་གཙོ་བོ་གསུམ་ཡོད་པའི་ནང་ནས་གཅིག་ཆགས་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༢ ལོ་ནས་ཕྱི་ལོ་ ༢༠༡༡ བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་བོད་མིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་དང།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་པའི་བསམ་ཆར་ཡིག་ཆ་བོད་ཨིན་རྒྱ་གསུམ་གྱི་སྐད་ཡིག་ཐོག་ཕུལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་མང་ཚོགས་ནས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་མགོན་པོ་༸གང་ཉིད་མཆོག་གི་སྲིད་དབང་ཡོངས་རྫོགས་གསོལ་བསྩལ་མཛད་ཡོད་སྟབས།  རིན་པོ་ཆེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་ནས་དགོངས་ཞུ་གནང་རྒྱུར་དགོངས་བཞེས་གནང་ཡོད་ནའང་ལོ་གཅིག་གི་རིང་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐུགས་རེ་དང་དེར་ཐུགས་བརྩོན་ཤུགས་ཆེ་གནང་དོན་བཞིན་གྲུབ་འབྲས་ལེགས་སོན་གང་ཡང་མེད་པར་དེ་མུར་ལྷག་རྐྱེན་ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་དངོས་སུ་ལས་གནས་ནས་དགོངས་ཞུ་གནང་ཡོད།རྩ་བའི་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༡ ནས་ ༡༩༩༩ བར་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གནང་བ་དང་ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་གནང་འདུག རིན་པོ་ཆེ་མཆོག་གིས་བོད་དང་བོད་མིའི་བདེན་དོན་སླད་ཕྱག་ལས་ཇི་སྙེད་ཅིག་གནང་བ་ལས་ཕྱི་ལོ་ ༡༩༩༡ ནས་ ༢༠༡༡ བར་ཨ་རིའི་གཞུང་གི་ངོས་ནས་བོད་མིར་ཨ་སྒོར་ས་ཡ་ ༡༨༥ རོགས་སྐྱོར་རག་ཐུབ་ཡོད་པར་མ་ཟད་ལྷག་དོན་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེའང་གཏན་འབེབས་གནང་ཐུབ་པར་ཐུགས་བརྩོན་ཤུགས་ཆེ་གནང་ཡོད།  དེ་བཞིན་བོད་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པའི་ཚོགས་གཙོ་གནང་བའི་རིང་ལ་ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༨ པའི་ནང་རྒྱལ་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད།རྒྱ་རི་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་མཆོག་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་གསང་སྔགས་སྔ་འགྱུར་རྙིང་མའི་དགོན་པ་ཀླུ་མོ་རབ་མགོན་གྱི་མཁན་ཆེན་འཇམ་དཔལ་བདེ་བའི་ཉི་མ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་བོད་ཀྱི་གནའ་སྲོལ་ལྟར་དགོན་པའི་ནང་གཞུང་ཆེན་དག་ལ་སློབ་གཉེར་གནང་ཡོད་པ་རེད། གཞི་རྩའི་རྒྱ་རི་རིན་པོ་ཆེ་མཆོག་ཨ་རིའི་ Mclean ནང་གནས་བཞུགས་གནང་གི་ཡོད་པ་དང། ་ཁོང་གི་སྐུ་ཟླ་ཟླ་བ་ཆོས་སྐྱིད་ལགས་རྣམ་གཉིས་ལ་སྲས་སྲས་མོ་ཁྱོན་དྲུག་ཡོད་པ་རེད།

བསྟན་པ་སྤྱི་ལ་ཞབས་འདེགས་ཞུ་ཕྱིར་ཕྱིར་བསྐྱོད་ལག་འཁྱེར་བཟོས་པ་ཡིན།

ཟླ་བ་འདིའི་ཚེས་ ༢༨ ཉིན་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁེ་ན་ཌའི་ནང་དྲ་ལམ་བརྒྱུད་ཐད་གཏོང་གསུང་ཆོས་བསྩལ་བ་དང་བསྟུན་གནད་དོན་ཁག་ཅིག་ལ་གསལ་བཤད་གནང་སྐབས་སུ་བོད་ཀྱི་བླ་ཆེན་རྣམས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྟན་པ་སྤྱི་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ཏེ་འགྲུལ་བསྐྱོད་སྟབས་བདེ་ཡོང་བར་ཕྱིར་བསྐྱོད་ལག་འཁྱེར་བཟོས་གནང་ཡོད་པ་ལྟར་རིན་པོ་ཆེ་མཆོག་ནས་ཀྱང་མ་འོངས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྟན་པ་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུའི་ཆེད་ཕྱིར་བསྐྱོད་ལག་འཁྱེར་བཟོས་གནང་བ་ཞིག་ཡིན་པ་དང་། ལག་འཁྱེར་དེའི་བརྒྱུད་རྒྱ་གར་ལ་གང་མགྱོགས་ཕེབས་ཐུབ་ཕྱིར་ཐོངས་མཆན་ཞུ་བཞིན་ཡོད་ཅེས་གསལ་བཤད་གནང་འདུགརིན་པོ་ཆེ་མཆོག་གིས་སྤྱིར་རྒྱ་གར་གཞུང་གིས་བོད་མི་ཚོར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུའི་སླད་འགྲུལ་བསྐྱོད་ལམ་ཡིག་གནང་བཞིན་ཡོད་པ་དེ་ལྟར་ཡང་། དོན་དངོས་ཐོག་ལག་འཁྱེར་དེ་ཕྱི་རྒྱལ་ཡུལ་གྲུག་ཁག་ཅིག་ཏུ་འགྲིམ་འགྲུལ་བྱེད་སྐབས་ངོས་ལེན་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ངོ་སྤྲོད་དང་འབྲེལ། དེ་སྔ་བརྒྱུད་ལམ་ཁག་ཏུ་རིན་པོ་ཆེ་མཆོག་ནས་Dominican Republic གྱི་མེ་སེར་བཞེས་ཀྱི་ཡོད་སྐོར་གྱི་གནས་ཚུལ་རིམ་པ་ཐོན་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་མ་ཡིན་པར་རྫུན་མ་ ཡིན་པ་དང་། དོན་དངོས་ཀྱི་གནས་ཚུལ་ནི་ Commonwealth of Dominica ཞེས་པའི་ལུང་པ་དེའི་ཕྱིར་བསྐྱོད་ལག་འཁྱེར་བཟོས་ཡོད་པར་བཀའ་བསྩལ་བ་དང་སྦྲགས། ༸གོང་ས་མཆོག་དང་རྒྱ་གར་གཞུང་། དབུས་བོད་མིའི་སྒྲིག་འཛུགས་བཅས་ལ་སྙན་སེང་ཞུས་ཡོད་སྐོར་གསུངས་འདུག  དེ་བཞིན་རིན་པོ་ཆེ་མཆོག་གིས་ལོ་ཤས་སྔོན་ནས་༸གོང་ས་མཆོག་གིས་བཀའ་དགོངས་ལམ་སྟོན་དང་། ༸སྐུ་ཉིད་ཀྱི་ཆུང་དུས་ནས་ཐུགས་རེ་གནང་བ་བཞིན་ཟླ་བ་འདིའི་ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་ཀྱི་རིང་ France ཡི་དབེན་པའི་གནས་ཤིག་ཏུ་༸རྒྱལ་དབང་མཐའ་ཡས་རྡོ་རྗེ་མཆོག་དང་མཇལ་འཕྲད་བྱུང་བ་ནི་ངོ་ཤེས་བཟང་པོ་ཞིག་ཡོང་རྒྱུ་དང་། མི་རབས་ནས་མི་རབས་ལ་དུམ་བུ་གཉིས་སུ་འགྲོ་མི་དགོས་པ། ཀརྨ་པའི་ཡང་སྲིད་ལ་བདེན་རྫུན་གྱི་འཁྲུག་རྩོད་མི་ཡོང་བའི་ཆེད་༸སྐུ་སྒེར་གྱི་ངོས་ནས་ཀརྨ་ཚང་གི་སྤྱི་དོན་ལ་དམིགས་ཏེ་ཐུགས་ཐག་བཅད་པ་ཞིག་ཡིན་པ་དང་རིན་པོ་ཆེ་རྣམ་གཉིསཀྱི་མཇལ་འཕྲད་དེ་ཡང་ཕྱི་རྒྱལ་མ་གཏོགས་རྒྱ་གར་ནང་ཡོང་ཐབས་མེད་པ་ཞིག་ཡིན་སྐོར་བཀའ་བསྩལ་ཡོད།རིན་པོ་ཆེ་མཆོག་གིས་མཇལ་འཕྲད་སྐབས་༸རྒྱལ་དབང་མཐའ་ཡས་རྡོ་རྗེ་མཆོག་ནི་ཐུགས་གཤིས་བཟང་པོ་དང་བསྟན་པ་སྤྱི་ལ་དགོངས་པ་བཞེས་མཁན། ཁ་རུ་ཁ་ཐུག་དང་འདྲིས་བདེ་པོ་ཞིག་ཡོད་པ་སོགས་ཀྱི་ཐུགས་ཚོར་བྱུང་ཞེས་བཀའ་བསྩལ་བ་དང་། མཇལ་འཕྲད་དེ་དབུ་འཛུགས་པ་ལས་མཇུག་བསྡོམས་སམ་ཐག་བཅད་པ་ཞིག་མིན་སྟབས། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་ཀརྨ་ཀཾ་ཚང་གི་རྗེས་འཇུག་ཡོངས་དང་སྤྱི་ཚོགས་ཡོངས་ལ་རག་ལས་པ་ཞིག་ཡིན་པས་ཚང་མས་ཕུགས་རྒྱང་རིང་པོར་དགོངས་བཞེས་གནང་རོགས་ཞེས་རེ་སྐུལ་གནང་ཡོད་པ་རེད།རྩ་བའི་རིན་པོ་ཆེ་མཆོག་ལོ་ ༢ མ་ཟིན་ཙམ་ཞིག་ཨ་རིར་བཞུགས་བཞག་གནང་བ་དེ་ནི་རྒྱ་གར་ནང་ལོ་ ༡༨ རིང་བཞུགས་བཞག་གནང་བ་ལས་ཕྱི་རྒྱལ་དུ་བཞུགས་ཡུན་རིང་ཤོས་ཆགས་ཀྱི་ཡོད་ཀྱང་། ཕྱི་ཚུལ་ནས་རང་དབང་ཡོད་པ་མཐོང་ཚུལ་ཞིག་ཡོང་གི་ཡོད་པ་དེ་ལྟར་ཡང་དེ་ནི་ལྟ་ཚོད་ཞིག་ཡིན་པ་ལས་སྐུ་ཉིད་ཀྱི་སྐུའི་འཕྲོད་བཞེས་ཀྱི་དཀའ་ངལ་དང་ཕྱི་ནང་གི་གནས་ཚུལ་མང་དག་ལ་གདོང་ལེན་གནང་དགོས་པའི་རྐྱེན་གྱིས་རིན་པོ་ཆེ་མཆོག་གི་༸སྐུ་ཚེའི་ནང་དཀའ་ངལ་ཆེ་ཤོས་བྱུང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག

བོད་ཀྱི་འདས་མ་ད་གསུམ་གྱི་གནས་བབས་འཁོད་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དབུ་འབྱེད།

ཁ་སང་ཉིན་རྒྱབ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་མགྲོན་གཙོ་བོ་མཁས་དབང་  Dr. Anand Kumar མཆོག་དབུ་བཞུགས་ཀྱིས་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་བར་ལག་བསྟར་རུང་བའི་ཐབས་ལམ་ཞིག་ཡིན་ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་རེད།རྒྱལ་ས་ལྡི་ལི་གསར་པའི་ IIC རྒྱ་གར་དང་རྒྱལ་སྤྱིའི་བལྟེ་གནས་ཁང་དུ་ཚོགས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་དོན་ཐོག་ཐུགས་སྣང་ཡོད་པའི་རྒྱ་གར་གྱི་མཁས་དབང་དང་། ཉམས་ཞིབ་པ།   ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གི་སྐུ་ཚབ་སོགས་མི་གྲངས་དྲུག་ཅུ་སྐོར་ཞིག་འདུ་འཛོམས་གནང་ཡོད་པ་མ་ཟད། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསར་དུ་འདོན་སྤེལ་གནང་བའི་དཔེ་དེབ་དེ་ནི་རྒྱ་ནག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་དངོས་ཡོད་གནས་སྟངས་དང་མི་མཐུན་པའི་འཁྱོགས་བཤད་དྲིལ་བསྒྲགས་བྱེད་བཞིན་པར་ལན་འདེབས་ཤིག་ཡིན་སྐོར་གནད་དོན་ཁག་ཅིག་གསལ་བཤད་གནང་བ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཐད་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཀྱི་དབང་ཚད་དེ་འབྲེལ་ཡོད་ནང་བསྟན་བླ་མ་སྐྱེ་ཆེན་རྣམས་ལ་ཡོད་པར་ངོ་སྤྲོད་གནང་ཡོད། རྒྱ་ནག་གཞུང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད། སྐབས་དེའི་སྐུ་མགྲོན་གཙོ་བོ་སྤྱི་ཚོགས་རིང་ལུགས་པ་མཁས་དབང་ Anand Kumar  མཆོག་ནས་རྒྱ་གར་ནི་བོད་ཀྱི་དཀའ་ངལ་སེལ་ཐབས་དང་དེ་བཞིན་དཀའ་རྙོག་ཡོང་གཞི་བཅས་ཕྱོགས་གཉིས་ཀའི་ཆ་ཤས་ཤིག་ཡིན་སྐོར་གསུངས་པ་མ་ཟད་རྒྱལ་ཁམས་རིང་ལུགས་ཀྱི་སྲིད་བྱུས་ལ་མདུན་ལམ་མེད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་གར་གཞུང་གི་ངོས་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་ལྟར་མདུན་བསྐྱོད་གནང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རྒྱུ་དེ་ཕྱོགས་ཡོངས་ཀྱི་ཁེ་ཕན་ཉག་གཅིག་ཡིན་སྐོར་སོགས་གསུངས་ཡོད།དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེ་གྲུབ་བསྟུན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཁས་དབང་  Wahid Siddiq མཆོག། ལྕམ་སྐུ་མཁས་དབང་  Madhuri Sondhi  མཆོག སློབ་དཔོན་ཡེ་ཤེས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག་བོད་ཀྱི་གནད་དོན་སྤྱི་དང་།   ཧི་མཱ་ལ་ཡའི་མི་མང་གི་བོད་དོན་དགོངས་པ་བཞེས་ཕྱོགས། ཉེ་བའི་ཆར་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་འཕེལ་རིམ་བཅས་ཀྱི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་ཀྱང་གནང་སོང་།དབུས་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་དབུས་པའི་ལས་བྱེད་ཁག་ཅིག་ཆེད་ཕེབས་གནང་འདུག་པ་ལྟར་འདི་ག་རླུང་འཕྲིན་ཁང་ནས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་དཔེ་དེབ་དབུ་འབྱེད་གནང་བའི་བརྒྱུད་ཐུགས་རེ་གསར་པ་གང་དག་གནང་གི་ཡོད་དམ་ཞེས་བཅར་འདྲི་ཞུས་ཡོད།གཞི་རྩའི་རྒྱ་གར་རྒྱལ་ས་ལྡི་ལིར་དབུ་འབྱེད་གནང་བའི་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་བར་ལག་བསྟར་རུང་བའི་ཐབས་ལམ་ཞིག་ཡིན་ཞེས་པའི་དཔེ་དེབ་དེ་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ནང་འདོན་སྤེལ་གནང་འདུག་པ་མ་ཟད།   དེབ་དེའི་ནང་བརྗོད་གཞི་ལེ་མཚན་དགུ་ཡོད་པ་ལྟར་བོད་ནང་རང་ལུས་མེར་སྲེག་གནང་སྟེ་བོད་མི་ཚོས་ངོ་རྒོལ་གནང་བཞིན་པའི་གནས་སྟངས་དང་།  འདས་པའི་བོད་ཀྱི་གནས་བབ།  འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་པའི་གནད་དོན། བོད་ཀྱི་ཁོར་ཡུག་གནས་སྟངས།  དཔལ་འབྱོར།  རྒྱ་ནག་གིས་རིམ་པས་བོད་དེ་གྲོང་ཁྱེར་གྱི་ངོ་བོར་སྒྱུར་བཞིན་པའི་གནད་དོན་བཅས་འཁོད་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་བརྒྱུད་བོད་ལ་དབང་སྒྱུར་ཡོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བཅས། བོད་ཀྱི་འདས་པ་དང་ད་ལྟ་བཅས་ཀྱི་དངོས་ཡོད་གནས་སྟངས་ཁག་གསལ་བཤད་གནང་འདུག བརྗོད་གཞི་ལེ་མཚན་མཐའ་མའི་ནང་དབུ་མའི་ལམ་ནི་བོད་རྒྱ་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐབས་ལམ་ཞིག་ཡིན་སྐོར་བཅས་འཁོད་འདུག

ལྷོ་ཨ་རིའི་རྒྱལ་ཁབ་ཅི་ལིའི་གྲོས་ཚོགས་འཐུས་མི་རུ་ཁག་བཞུགས་སྒར་དུ་ཕེབས་པ།

ལྷོ་ཨ་རིའི་རྒྱལ་ཁབ་ Chile ནང་གི་སློབ་གྲྭ་ཁག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཁྲིད་གོང་འཕེལ་གནང་ཐབས་དང་འབྲེལ། ཡུལ་དེའི་གྲོས་ཚོགས་འཐུས་མི་རུ་ཁག་ཞིག་བཞུགས་སྒར་དུ་ཆེད་ཕེབས་གནང་སྟེ་དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བཞུགས་སྒར་དུ་ཕེབས་པའི་ Chile རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རུ་ཁག་ནང། Chile གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་ Vlado Mirosevic Verdugo ལགས་དང་ Alejandro Bernales ལགས། དེ་བཞིན་ Humanist ཆབ་སྲིད་ཚོགས་པའི་ ༢༠༠༥ ལོའི་སྲིད་འཛིན་འོས་མིར་བཞེང་མྱོང་ཡོད་པ་གྲོས་ཚོགས་འཐུས་མི་ Tomas Hirsch ལགས།  Dario Ergas ལགས། དེ་བཞིན་ཅི་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Fernando Salinas Manfredini ལགས། ཡུལ་དེའི་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་འབྲེལ་མཐུད་པ་སྐུ་ཞབས་ Felix Milanes ལགས་བཅས་ཆེད་ཕེབས་གནང་འདུག དེ་བཞིན་རུ་ཁག་སྣེ་ཁྲིད་པ་གྲོས་ཚོགས་འཐུས་མི་ Vlado Mirosevic Vergugo ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཅི་ལི་ནང་དང་ལྷག་པར་དུ་གུ་ཡངས་ཚོགས་པའི་ནང་དུ་༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་མིའི་ལས་འགུལ་ལ་བསྔགས་བརྗོད་ཞུ་མཁན་མང་པོ་ཡོད་པ་དང་། ཁོང་རང་ཉིད་ནས་བོད་མིའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་སྐོར་གསུངས་སོང་། ད་རེས་བོད་མིའི་གནད་དོན་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བཞུགས་སྒར་ལ་ཕེབས་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་གི་ལྷན་དུ་མཇལ་འཕྲད་གནང་བར་དམིགས་གསལ་གྱི་མྱོང་ཚོར་ཆེན་པོ་བྱུང་ཡོད་པ་དང། ༸གོང་ས་མཆོག་ནི་བྱམས་པ་དང་བརྩེ་བ། འགྲོ་བ་མིའི་རིན་ཐང་གོང་འཕེལ་གནང་མཁན་གྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་དང། རིན་ཐང་དེ་དག་གོང་འཕེལ་གང་ཐུབ་གནང་ཐབས་སུ་ནང་པའི་ལྟ་གྲུབ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཤེས་དགོས་གལ་ཡིན་སྟབས། ད་རེས་ཁོང་རྣམས་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ཡིན་ཞེས་གསུངས་ཡོད། དེ་བཞིན་ Humanist ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tomas Hirsch ལགས་ཀྱིས་ང་ཚོ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་དུས་ཡུན་སྐར་མ་ ༤༥ ཡིན་པ་དེ་ལྟར་ཡང། ང་ཚོའི་དེ་སྔ་༸གོང་ས་མཆོག་གི་དྲུང་ནས་ལམ་སྟོན་ཞུས་ནས་འདས་པའི་ལོ་གསུམ་བཞིའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གནང་ཐབས་ཐོག་ང་ཚོའི་ Erica གྲོང་ཁྱེར་དུ་ལས་གཞི་སྤེལ་ཡོད་པ་ལྟར། ༸གོང་ས་མཆོག་ནས་ཀྱང་དེ་དག་སྐོར་ཐུགས་ཞིབ་ཆེན་པོས་གསན་གནང་སྟབས་མཐར་མཇལ་འཕྲད་དེ་ཚོུད་གཅིག་དང་ཕྱེད་ལྷག་གནང་ཡོད་པ་གསུངས་སོང་། ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་ལ་རིན་ཐང་ལྡན་པའི་ཤེས་ཡོན་གྱི་ཐབས་ལམ་གསར་པ་དེ་དག་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ང་ཚོས་ Erica གྲོང་ཁྱེར་ཙམ་མ་ཡིན་པར་ Chile རྒྱལ་ཡོངས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་སྦྱོང་གོང་འཕེལ་གཏང་རྒྱུའི་འདུན་པ་དང་སེམས་ཤུགས་ཡོད་པ་སོགས་སྙན་གསེང་ཞུས་ཡོད་སྐོར་གསུངས་ཡོད། ཅི་ལིའི་གྲོས་ཚོགས་འཐུས་མི་རུ་ཁག་དེ་དེ་རིང་སྔ་དྲོ་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྗེས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང། ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་མཇལ་འཕྲད་གནང་སྟེ་སྤྱིར་བཙན་བྱོལ་བོད་མིའི་གནས་སྟངས་ལ་རྒྱུས་ལོན་གནང་རྒྱུ་དང། ལྷག་པར་དུ་བོད་པའི་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟུང་སྦྱོད་ཀྱི་སློབ་སྦྱོང་གནང་ཕྱོགས་ཐད་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་དང་། ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་ཆེད་ཕེབས་ཀྱིས་དཔེ་མཛོད་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལག་དང་ལྷན་དུ་མཇལ་འཕྲད་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་འཚམས་གཟིགས་སུ་ཕེབས་རྒྱུ་སོགས་ཀྱི་མཛད་རིམ་སྔོན་སྒྲིག་ཡོད་པ་དང་ཚེས་ ༢ ཉིན་བཞུགས་སྒར་ནས་ཕྱིར་ཕེབས་ཐོན་གནང་རྒྱུ་རེད་འདུག

Latest news