Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2018

འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་མེ་ཏོག་དང་དྲི་མ་བཞིན་ཕན་ཚུན་ཁ་བྲལ་ཐབས་མེད།

རྒྱ་ནག་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་རྒྱ་གར་དབུས་རིག་གཞུང་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་གནང་སོང་བ་མ་ཟད། རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བ་ལ་ཆེ་བསྟོད་དང་སྦྲགས་འཕགས་བོད་ཀྱི་འབྲེལ་བ་ནི་མེ་ཏོག་དང་དྲི་མ་བཞིན་ཕན་ཚུན་ཁ་བྲལ་ཐབས་མེད་ཅེས་གསུངས་སོང་། དེ་རིང་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་རིག་གཞུང་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་དང་ཆེས་མཐོའི་དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་འཛིན་ཆབ་སྲིད་ཚོགས་པ་ BJP སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Ram Madav མཆོག གཞན་ཡང་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Chaturvedi མཆོག་དང་ཧི་མཱ་ཅལ་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shanta Kumar མཆོག ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུ་བློན་ཆེན་སྐུ་ཞབས་ Kishan Kapoor མཆོག་སོགས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་དང་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་མཛད་སྒོ་འདི་ནི་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་གངས་ཅན་ལྗོངས་ནས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་༸ཞབས་སོར་ཐོག་མར་འཁོད་ནས་ད་ཆ་ལོ་ངོ་ ༦༠ འཁོར་ལ་ཉེ་བའི་དུས་ཚིགས་ཁྱད་པར་བ་ཞིག་ཆགས་ཡོད་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་གལ་ཆེ་ཞིག་ཆགས་ཡོད་པ་རེད། དེ་སྔོན་འཆར་གཞི་ལྟར་བྱེད་ན་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དེ་རྒྱལ་ས་ལྡི་ལིར་འཚོགས་གཏན་ཡོད་པ་དང་སྐབས་དེར་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་མང་དག་ཅིག་གདན་ཞུ་གསོལ་འདེབས་ཞུ་འཆར་ཡོད་ནའང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གཞུང་འབྲེལ་དཔོན་རིགས་རྣམས་མཛད་སྒོ་དེའི་ཐོག་བསྐྱོད་མི་ཆོག་པའི་བཀོད་ཁྱབ་བཏང་བ་སོགས་རྒྱ་ནག་གཞུང་ནས་གནོན་ཤུགས་ཆེན་པོ་སྤྲད་ཡོད་པ་རེད། གཞུང་འབྲེལ་དམིགས་བསལ་མཛད་སྒོ་འདི་བཞིན་ལྡི་ལིར་ཚོགས་ཐུབ་མེད་ནའང་དེ་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོ་སྒྲིག་གཟབ་རྒྱས་ཐོག་ཚོགས་ཡོད་པ་དང་། ལྷག་པར་དུ་སྐབས་དེར་སྐུ་མགྲོན་གཙོ་བོ་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་རིག་གཞུང་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲིའི་གུས་འདུད་སྔོན་དུ་འགྲོ་བའི་ཐོག་ནས་༸གོང་ས་མཆོག་གིས་རྒྱ་གར་གྱི་ཡུལ་འདི་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་རྩ་ཆེའི་བསླབ་བྱ་དང་འཛམ་གླིང་ཀུན་ལ་ཞི་བདེ་གོང་འཕེལ་མཛད་བཞིན་པ་ལ་ཡི་རང་ཆེ་བསྟོད་ཞུས་པ་དང་སྦྲགས། དེ་རིང་གི་དུས་ཚིགས་དང་འབྲེལ་རྒྱ་གར་དང་བོད་དབར་ལ་ལོ་རྒྱུས་ཐོག་ནས་ལོ་ངོ་སྟོང་ཕྲག་རིང་གི་ཆོས་དང་རིག་གཞུང་གི་ཐོག་ནས་བླ་སློབ་དང་སྤུན་ཆེ་ཆུང་ལྟ་བུའི་འབྲེལ་བ་ཁྱད་པར་བ་ཞིག་ཆགས་ཡོད་སྟབས། གཅིག་གིས་གཅིག་ལ་ནམ་ཡང་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་མ་རེད། དེ་ལྟ་བུའི་ཐོུང་མ་ཡིན་པའི་འབྲེལ་བའི་རིན་ཐང་དེ་སུས་ཀྱང་འཇལ་ཐུབ་ཀྱི་མ་རེད་ཅེས་ངོས་འཛིན་དམིགས་བསལ་བ་ཞིག་གནང་སོང་། ང་ཚོས་བོད་མི་རྣམས་སྐྱབས་བཅོལ་བ་ཞིག་ལ་ངོས་འཛིན་ཞུ་ཡི་མེད་ཁྱེད་རྣམ་པ་ང་ཚོའི་རྒྱལ་ཁབ་ཀྱི་ཆེས་མཐོང་ལྡན་པའི་སྐུ་མགྲོན་དང་ནང་མི་གཅིག་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད་པས་དུས་ནམ་ཡང་ང་ཚོ་སྐྱབས་བཅོལ་བ་ཡིན་བསམ་པའི་བསམ་བློ་འཁོར་རྒྱུ་མེད་པར་རྒྱབ་སྐྱོར་ཤུགས་གནང་ཡོད། སྒོས་སུ་རྒྱ་གར་དབུས་རིག་གཞུང་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་གིས་འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་མེ་ཏོག་དང་དྲི་མ་བཞིན་ཕན་ཚུན་ཁ་བྲལ་ཐབས་མེད་ཅེས་གསུངས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་རྣམས་ལ་འཚམས་འདྲི་དང་སྦྲགས་དེ་རིང་གི་དུས་ཚིགས་འདིར་ཆེད་དུ་མངགས་ནས་ཕེབས་པ་ཙམ་མ་ཟད་གསུང་བཤད་གནང་སྐབས་འདྲ་ཆགས་ཆགས་མ་ཡིན་པར་སེམས་ནང་གི་བཀའ་མོལ་དེ་དག་ཚོར་བ་དང་བཅས་པར་གསུངས་གནང་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བ་དེ་ནི་རྒྱལ་ཁབ་གཞན་སུ་གཅིག་དང་མི་འདྲ་བར་སེམས་གཏིང་ནས་དད་མོས་དང་གུས་བཀུར་ཞུ་ཡུལ་དམིགས་བསལ་ཞིག་ཆགས་ཡོད། དེ་ཡང་དེ་སྔ་མགོན་པོ་མཆོག་རྒྱ་གར་དུ་ཐོག་མར་ཆིབས་སྒྱུར་བསྐྱངས་སྐབས་ཀྱི་གནས་སྟངས་སྐོར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་ང་ཚོ་རྒྱ་གར་དུ་འབྱོར་རྗེས་རྒྱ་གར་གཞུང་གིས་གཟིགས་སྐྱོང་རྒྱ་ཆེ་འོག་ཆོས་དང་ཤེས་རིག་གང་ཅིའི་ཐོག་ནས་རིག་གཞུང་མི་ཉམས་རྒྱུན་འཛིན་གང་ལེགས་བྱུང་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག ང་ཚོ་ད་ཆ་བཙན་བྱོལ་བ་ཆགས་པ་དེས་ཕྱོགས་གཞན་ཞིག་ནས་རྐྱེན་ངན་གྲོགས་ལ་ཤར་བ་ལྟར་སྔར་མེད་པ་བོད་མི་ཚང་མ་རྡོག་གཅིག་སྒྲིལ་ཐུབ་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་བཀའ་གནང་ཡོད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དུས་ཚིགས་འདིའི་ཐོག་ནས་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་གཙོས་པའི་བཙན་བྱོལ་ནང་གི་བོད་མི་ཡོངས་ནས་ད་བར་འདས་པའི་ལོ་ངོ་ ༦༠ དེའི་རིང་ལ་ཚང་མས་ཧུར་ཐག་གིས་ཡག་ཐག་ཆོད་བྱུང་ཡོད་ནའང་། མ་འོངས་པར་ལྷོད་ཡངས་མེད་པར་ཚང་མས་འགན་མཉམ་འཁུར་ཞུ་གལ་ཡིན་པའི་ལམ་རྒྱ་ཆེ་མཛད་ཡོད་པ་རེད། མཛད་སྒོ་དེའི་ཐོག་ནས་དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་འཛིན་ཆབ་སྲིད་ཚོགས་པ་ BJP སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Ram Madav མཆོག་དང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Chaturvedi མཆོག་དེ་བཞིན་ཧི་མཱ་ཅལ་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shanta Kumar མཆོག་སོགས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་འདུད་ཆེན་པོས་༸གང་ཉིད་མཆོག་གི་མཛད་འཕྲིན་ལས་ཆེ་བསྟོད་དང་། སྒོས་སུ་མགོན་པོ་མཆོག་དྷ་རྨ་ས་ལ་དང་རྒྱ་གར་གྱི་རྒྱལ་ཁབ་ནང་དུ་བཞུགས་གདན་འཇགས་པ་དེས་ས་གནས་མང་ཚོགས་ཀུན་ལ་ཐུགས་རྗེའི་བྱིན་རླབས་བླ་མེད་དུ་ཐོབ་ཀྱི་ཡོད་པ་མ་ཟད། ༸གང་ཉིད་མཆོག་བཞུགས་ཡུལ་ས་གནས་དེ་འཛམ་གླིང་ནང་སྙན་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་སོགས་༸རྒྱལ་བའི་བཀྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུས་སོང་། ལྷག་དོན་ཁོང་རྣམ་པས་༸གོང་ས་མཆོག་དང་བོད་མི་རྣམས་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད། དེ་དེ་བཞིན་ཆེས་མཐོའི་དཔོན་རིགས་གསུང་བཤད་གནང་མཁན་ཚོས་དེ་རིང་གི་དུས་འདིའི་ཐོག་ཕྱོགས་གཉིས་དབར་ལ་ཆབ་སྲིད་འབྲེལ་བ་ཆུང་ཚགས་རིགས་ཡོད་ནའང་གཙོ་ཆེ་བོད་པ་དང་རྒྱ་གར་གཉིས་བར་ཆོས་དང་རིག་གཞུང་གི་འབྲེལ་བ་ཆགས་ཡོད་སྟབས། རྒྱ་གར་མང་ཚོགས་ནས་བོད་མི་རྣམས་ལ་སྐྱབས་བཅོལ་བ་ཞིག་ཏུ་མ་ཡིན་པར་ནང་མི་གཅིག་གི་འདུ་ཤེས་འཛིན་གནང་གི་ཡོད་སྐོར་ཚོར་ཤུགས་ཆེན་པོས་གསུངས་སོང་བ་དང་། ཁྱད་པར་དུ་སྐུ་ཞབས་ཤན་ཏཱ་ཀུ་མྲ་མཆོག་གིས་༸གོང་ས་མཆོག་ནས་ཁ་བྲལ་རྩོད་གནང་གི་མེད་སྟབས་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་ཐུགས་དགོངས་བཞིན་བོད་ཀྱི་གནད་དོན་དེ་སེལ་དགོས་གལ་ཡིན་པ་དགོས་འདུན་བཏོན་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་འཕགས་བོད་ཀྱི་འབྲེལ་བ་དེ་ནི་འདས་པའི་ལོ་ཤས་ཤིག་གི་འབྲེལ་བ་བྱུང་བ་ཞིག་མ་ཡིན་པར་ལོ་ངོ་སྟོང་ཕྲག་རིང་གི་འབྲེལ་བ་ཁྱད་པར་བ་ཞིག་ཆགས་ཀྱི་ཡོད་པས་ཆེས་མཐོའི་དཔོན་རིགས་རྣམ་པ་བརྒྱུད་རྒྱ་གར་གཞུང་དམངས་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་མ་ཟད། ལྷག་པར་སྲིད་སྐྱོང་མཆོག་གིས་མཛད་སྒོ་འདི་ནི་གཞི་རྒྱ་ཆེ་ཆུང་དང་མི་སྣ་སུ་དང་སུ་ཡོད་མེད་ཀྱི་གནད་དོན་ཞིག་མིན་ཞིང་། དེ་རིང་གི་ཉིན་མོ་འདི་ནི་བོད་མི་ས་ཡ་དྲུག་གིས་རྒྱ་གར་ཞེས་པའི་རྒྱལ་ཁབ་དེའི་བཀྲིན་རྗེས་དྲན་གྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་གསུངས་ཡོད་པ་རེད། དེ་རིང་གི་གཞུང་འབྲེལ་མཛད་སྒོ་གྲུབ་བསྟུན་བོད་མིའི་སྒྲིག་འཛུགས་ནས་སྐུ་མགྲོན་རྣམ་པ་དང་མང་ཚོགས་ཀུན་ལ་ཉིན་གུང་གསོལ་ཚིགས་འདེབས་འབུལ་དང་བོད་ཀྱི་རིག་གཞུང་རྐང་བྲོ་གླུ་གཞས་ཁག་ཅིག་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་རེད།

༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༤ དབུ་འཛུགས།

འདི་ལོའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོ་རྩེད་འགྲན་ཐེངས་ཉི་ཤུ་རྩ་བཞི་པ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྩེད་ཐང་གསར་པར་དེ་རིང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་དབུ་འཛུགས་གནང་ཡོད་པ་རེད། དེ་རིང་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་ཕེབས་ཡོད་པ་དང་། དེ་བཞིན་གཟིགས་མོ་བ་སྟོང་ཕྲག་གཉིས་ཙམ་ཞིག་ཕེབས་འདུག ཐོག་མར་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་རོལ་དབྱངས་དང་བཅས་ཏེ་བླངས་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བོད་མི་རང་ལུས་མེར་སྲེག་གནང་མཁན་རྣམས་གཙོ་གྱུར་རྒྱལ་གཅེས་པ་འདས་སོན་ཡོངས་ཀྱི་ལྷག་བསམ་སྙིང་སྟོབས་རྗེས་སུ་དྲན་པའི་སྒོ་ནས་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་སོང་བ་དང་། སྐུ་གྲོན་གཙོ་བོ་མཆོག་གིས་རྩེད་འགྲན་དབུ་འབྱེད་གནང་བ་དང་འབྲེལ། རྩེད་འགྲན་དེ་འདྲ་ཞིག་གནང་ཐུབ་པར་ཡི་རངས་བསྔགས་བརྗོད་གནང་ཐོག་སླད་མར་རྒྱ་གར་ཙམ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཁྱབ་ཐུབ་ཐབས་སུ་ཡར་རྒྱས་གཏོང་ཕྱོགས་ཀྱི་བླང་དོར་གསུང་བཤད་གནང་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་པ་སངས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང་། བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་གྱི་བྱུང་རིམ་དང་རྩེད་འགྲན་དེའི་དགོས་དམིགས། དེ་བཞིན་རྩེད་འགྲན་དེ་ཚགས་ཚུད་ལམ་ལྷོང་ཡོང་བར་སྒྲིག་གཞི་ཁག་བརྩི་སྲུང་ཞུ་གལ་ཡིན་པར་འབོད་སྐུལ་གནང་སོང་། དེ་རིང་ཉིན་དང་པོའི་རྩེད་འགྲན་ལས་ཐོག་མ་སྦེལ་ཀོབ་བོད་མིའི་གཞིས་ཆགས་གྷོ་ལ་ཐ་ལ་རུ་ཁག་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རུ་ཁག་ཀ་པ་གཉིས་དབར་རྩེད་འགྲན་གནང་ཡོད། རྩེད་འགྲན་དེ་རིང་ཟླ་ ༣ ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༤ ཚེས་ ༡༠ བར་ཚོགས་གནང་གི་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ནང་རྒྱ་གར་དང་བལ་ཡུལ། ཁེ་ན་ཌ་བཅས་ནས་ཁྱོན་རྩེད་འགྲན་རུ་ཁག་ ༡༩ ཐོ་འགོད་དེབ་སྐྱེལ་བྱས་འདུག འགྲན་སྡུར་སྐབས་རྩེད་འགྲན་གྱི་འགྲོ་ལུགས་ལྟར་ (League Cum knock out System) རུ་ཁག་རེར་ཉུང་མཐར་ཐེངས་གཉིས་རེར་རྩེད་འགྲན་གནང་རྒྱུའི་གོ་སྐབས་ཡོད་འདུག སང་ཉིན་མུ་མཐུད་བོད་ཕྲུག་ཁྱིམ་སྡེའི་སྤྱི་མཐུན་རུ་ཁག་དང་སྦེལ་ཀོབ་གྷོ་ལ་ཐལ་རུ་ཁག་གཉིས་དང་། གྷོ་བ་རུ་ཁག་དང་ཀོ་ཐ་གྷི་རི་རུ་ཁག DYSA དར་ཆེ་གླིང་རུ་ཁག་དང་སམ་བྷོ་ཌ་རུ་ཁག  སྦེལ་ཀོབ་བདེ་སྐྱིད་སླར་གསོ་ཪུ་ཁག་ཁ་པ་དང་ Victory ལྦིག་ཀོ་ཀྲོ་རི་རུ་ཁག་བཅས་རུ་ཁག་བཅུ་དབར་འགྲན་བསྡུར་གནང་རྒྱུ་རེད་འདུག གཞི་རྩའི་རྩེད་འགྲན་དེ་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ཁྲོད་ནས་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

རེས་གཟའ་སྤེན་པ། ༢༠༡༨།༠༣།༣༡

ཉན་པ།: Listen ཕབ་ལེན། Download རྒྱ་གར་དབུས་རིག་གཞུང་བློན་ཆེན་མཆོག་ནས་འཕགས་བོད་ཀྱི་འབྲེལ་བ་ནི་མེ་ཏོག་དང་དྲི་མ་བཞིན་ཕན་ཚུན་ཁ་བྲལ་ཐབས་མེད་ཅེས་གསུངས་འདུག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༤ པ་དབུ་འཛུགས། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གི་གསུང་ཆོས། དབུ་མ་རིན་ཆེན་ཕྲེང་བ། Saturday 31/03/2018 Indo-Tibet relation is like a flower and it’s fragrance: Culture Minister at Thank You India event 24th Gyalyum Chenmo Memorial Cup held in Bylakuppe, South India FEATURE: Dalai Lama's teaching on 'Uma Rinchen Trengwa' (Precious Garland)

ནང་པའི་ཆོས་ཀྱི་ལྟ་གྲུབ་དང་སེམས་ཁམས་རིག་པར་སློབ་གཉེར་བྱ་རྒྱུ་མ་གཏོགས་ཆོ་ག་ཕྱག་ལེན་གལ་ཆེན་པོ་མ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Latin ཨ་མི་རི་ཀའི་དད་ལྡན་པ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བ་དང་འབྲེལ། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ་དགོས་གལ་སྐོར་བཀའ་སློབ་ནན་པོ་སྩལ་བ་མ་ཟད། ནང་པའི་ཆོས་ཀྱི་ལྟ་གྲུབ་དང་སེམས་ཁམས་རིག་པར་སློབ་གཉེར་བྱ་རྒྱུ་མ་གཏོགས་ཆོ་ག་ཕྱག་ལེན་གལ་ཆེན་པོ་མ་རེད་ཅེས་ལམ་སྟོན་མཛད་སོང་། དེའང་ལོ་བཅུ་ཙམ་གྱི་གོང་དུ་ལྷོ་ཨ་མི་རི་ཀའི་བཙུན་མ་ཁག་ཅིག་གིས་བཞུགས་སྒར་དུ་༸གོང་ས་མཆོག་གི་༸སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་རྗེས་སྤྱི་ཚོགས་ཁྲོད་ཞི་བདེ་གོང་འཕེལ་གནང་རྒྱུར་དམིགས་ཏེ་བཙུན་མའི་ཚོ་ཁག་ཞིག་གསར་འཛུགས་དང་འབྲེལ། ༸གོང་ས་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་ཐོག་ཕྱག་ལས་གནང་བ་ཟད། དྲ་རྒྱའི་བརྒྱུད་ནང་པའི་ཆོས་ལ་བསླབ་པ་སློབ་གཉེར་བྱ་རྒྱུའི་ལས་གཞི་ཞིག་ཀྱང་སྤེལ་ཡོད་པ་རེད། ལྷག་དོན་ལོ་གསུམ་གྱི་གོང་དུ་མེག་སི་ཀོར་གནས་སྤོ་གནང་སྟེ་ཆོས་ཚོགས་ཤིག་གསར་འཛུགས་གནང་ཡོད་པ་ལྟར། དེ་རིང་༸གོང་ས་མཆོག་ནས་ཆོས་ཚོགས་དེ་དང་འབྲེལ་བའི་མི་སྣ་ ༥༠ སྐོར་ཞིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ནས་དེང་གི་འཛམ་གླིང་ཐོག་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་བསོད་རེས་དང་རུལ་སུངས་ཀྱི་དཀའ་ངལ། དེ་བཞིན་རྒྱ་ནག་དང་རྒྱ་གར་གཙོས་པའི་རྒྱལ་ཁབ་ནང་དབུལ་ཕྱུག་གི་ཁྱད་པར་ཆེ་བའི་ངལ་བ་མང་དག་ཞིག་འཕྲད་བཞིན་པ་དེ་དག་ནི་བཟང་སྤྱོད་ཀྱི་ལྟ་གྲུབ་མ་འདང་བའི་དབང་གིས་ཡིན་སྐོར་བཀའ་གནང་སྟེ། གང་ཟག་མི་རེ་ངོ་རེ་ནས་འགྲོ་བ་མི་གཅིག་འགྱུར་གི་འདུ་ཤེས་གཞི་རྩར་བཟུང་ཐོག་འཛམ་གླིང་འདི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་འགན་བསྒྲུབ་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད། ཡང་སྐབས་དེར་ལྷོ་ཨ་མི་རི་ཀའི་ཚོ་ཁག་དེ་སྣེ་ཁྲིད་གནང་མཁན་གིས་མེག་སི་ཀོར་ཡོད་པའི་ཆོས་ཚོགས་དེའི་ལས་དོན་ཞུ་ཕྱོགས་ཐད་ལ་ལམ་སྟོན་གསོལ་འདེབས་ཞུས་པ་ལྟར། ༸གོང་ས་མཆོག་ནས་སྐབས་དེར་གཙོ་བོ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་གལ་སྐོར་ལམ་སྟོན་བཀྲིན་ཆེ་བ་བསྩལ་བ་དང་ཆབས་ཅིག  ནང་པའི་ཆོས་ཀྱི་ལྟ་གྲུབ་དང་སེམས་ཁམས་རིག་པར་སློབ་སྦྱོང་བྱ་རྒྱུ་མ་གཏོགས་ཆོ་ག་ཕྱག་ལེན་གནང་རྒྱུ་དེ་གནད་ཆེ་མིན་སྐོར་བཀའ་ནན་མཛད་སོང་། ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་རྒྱལ་ཞེན་རིང་ལུགས་ཀྱི་ལམ་ལ་སོང་བཞིན་པའི་དཀའ་ངལ་ལ་གདོང་ལེན་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་གལ་ཏེ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ན། འཛམ་གླིང་ནང་གི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཡོངས་རྫོགས་འཇིག་རྟེན་བཀོད་པ་པོ་གཅིག་གིས་བཀོད་པའི་ཕྲུ་གུ་ཡིན་པ་དང། གལ་ཏེ་ཆོས་ལ་ཡིད་ཆེས་བྱེད་མཁན་ཞིག་མིན་ཚེ་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་དང་ལྷག་པར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་བཅས་ཀྱི་ཁྲོད་འཛམ་གླིང་འདིའི་རྒྱལ་ཁབ་ཡོངས་རྫོགས་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་མཉམ་གནས་བྱེད་དགོས་སྟབས། བསམ་བློ་དེའི་རིགས་ནི་དངོས་ཡོད་གནས་སྟངས་དང་མ་འཚམ་པ་དང། ཕུགས་རྒྱང་མེད་པའི་བསམ་བློ་ཞིག་རེད་ཅེས་བཀའ་གནང་བ་མ་ཟད། ཨ་རི་ལྟ་བུར་ཆ་མཚོན་ན་རང་དབང་ལྡན་པའི་འཛམ་གླིང་སྣེ་ཁྲིད་གནང་མཁན་རྒྱལ་ཁབ་ཞིག་ཆགས་ཡོད་ཀྱང་སྲིད་འཛིན་ Trump མཆོག་གིས་ཨ་མི་རི་ཀ་དང་པོ་ཞེས་རང་རྒྱལ་ཁབ་ཀྱི་ཁེ་ཕན་སྔོན་ལ་བཟུང་བའི་སྲིད་བྱུས་དེ་༸གང་ཉིད་ཀྱི་ཐུགས་ལ་རྩ་བ་ནས་འབབ་མེད་སྐོར་བཀའ་གནང་བ་དང་འབྲེལ། རྒྱལ་ཁབ་དེའི་མ་འོངས་གནས་བབ་དེའང་འཛམ་གླིང་ཡོངས་ལ་རག་ལས་ཡོད་སྐོར་བཀའ་བསྩལ་ཡོད། ༸གོང་ས་མཆོག་ནས་གཞན་ཡང་ལྷོ་ཨ་མི་རི་ཀའི་དད་ལྡན་དེ་དག་ལ་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་བསྩལ་བ་མ་ཟད།  གཞན་གྱི་བདེ་དོན་བསྒྲུབ་རྒྱུ་ནི་དོན་དངོས་ཐོག་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཆེན་པོ་ཆགས་ཡོད་སྟབས། རང་གཅེས་འཛིན་གྱི་བསམ་བློ་བཟུང་ནའང་གླེན་པ་ལྟར་མ་ཡིན་པར་ཐབས་མཁས་པ་དང་བསམ་བློ་རྒྱ་ཆེན་པོས་གཅེས་འཛིན་གྱི་བློ་འཁྱེར་ནས་གཞན་ཕན་བསྒྲུབ་དགོས་པའི་ལམ་སྟོན་མཛད་འདུག

རེས་གཟའ་པ་སངས། ༢༠༡༨།༠༣།༣༠

ཉན་པ།: Listen ཕབ་ལེན། Download ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ། ཆོ་ཁ་ཕྱག་ལེན་ལས་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་བྱ་རྒྱུ་གལ་ཆེ་བ་རེད། ཞི་བའི་གོམ་བགྲོད་པ་རྣམས་ལ་བཞུགས་སྒར་དུ་སྣེ་ལེན་ཟབ་རྒྱས་ཞུས་པ། འདས་པའི་ལོ་ཤེས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཏུ་ཕྱིན་ཡོད་པ་གསུངས་འདུག ཀརྨ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱངས་ཆོག་པའི་ཆོག་མཆན་གནང་འདུག བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། Tibetan animal lovers ཚོགས་པ། Friday 30/03/2018 Kirti monk sentenced to five years imprisonment Study of Buddhist philosophy and Psychology more important than rituals: Dalai Lama CTA extends warm welcome to Monpa ‘Padyatris’ Report of worsening human rights situation in Tibet submitted for UN review Karmapa's visit to Sikkim gets centre nod despite China's reservations DIASPORA FEATURE: Tibetan Animal Lovers

༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་འཐུས་ཆོག་པའི་ཆོག་མཆན་གནང་འདུག

རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་གྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་འཐུས་ཆོག་པའི་ཆོག་མཆན་གནང་འདུག དེ་ཡང་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བླ་མ་བསོད་ནམས་ལགས་ནས་ཁ་སང་གནད་དོན་དེ་དང་འབྲེལ། འབྲས་ལྗོངས་ཀྱི་ The Statesman གསར་ཁང་ལ་རྒྱ་གར་གཞུང་ནས་ཀརྨ་པ་རིན་པོ་ཆེ་མཆོག་ལ་ད་རེས་རྒྱལ་དབང་ཀརྨ་པ་༸སྐུ་གོང་མའི་གདན་ས་རུམ་བཏེག་དགོན་པ་མ་གཏོགས། འབྲས་ལྗོངས་ནང་གི་ས་གནས་གང་དུ་ཆིབས་བསྒྱུར་བསྐྱང་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་དང་། མཛད་འཆར་སྔོན་སྒྲིག་ལྟར་ན་ཀརྨ་པ་རིན་པོ་མཆོག་ཕྱི་ཟླ་བཞི་པའི་ཟླ་མཇུག་དང་ལྔ་པའི་འགོ་སྟོད་དུ་ཆིབས་བསྒྱུར་གྲ་སྒྲིག་གནང་གི་ཡོད་པ་གསུངས་འདུག ད་དུང་བླ་མ་བསོད་ནམས་ལགས་ཀྱིས་ད་རེས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དུས་ཡུན་རིང་པོ་ཞིག་གི་འབད་བརྩོན་འོག་འབྲས་ལྗོངས་སུ་ཆིབས་བསྒྱུར་ཐེངས་དང་པོ་བསྐྱང་འཆར་ཡོད་སྟབས། ས་གནས་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ནས་རིན་པོ་ཆེ་མཆོག་གི་ཞལ་མཇལ་དང་གསུང་ཐོས་རྒྱུར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ངང་སྒུག་གིས་ཕེབས་བསུའི་གྲ་སྒྲིག་ཞུ་བཞིན་ཡོད་པ་གསུངས་འདུག ཀརྨ་པ་རིན་པོ་ཆེ་མཆོག་གི་ཆིབས་སྒྱུར་དེའི་སྐོར་དང་འབྲེལ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Pawan Kumar Chamling མཆོག་ནས་སྐུ་སྒེར་གྱི་ངོ་དེབ་སྟེང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་ཐོག་ཁོང་གི་ངོས་ནས་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་ Sushma Swaraj མཆོག་ལ་རིན་པོ་ཆེ་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱང་ཐུབ་ཆེད་མཐུན་འགྱུར་རོགས་རམ་གང་ཐུབ་གནང་དགོས་པའི་ཞབས་སྐུལ་ཞུས་ཡོད་པ་གསུངས་པ་དང་སྦྲགས། ད་རེས་ཀྱིས་གནས་ཚུལ་འདི་ནི་དགའ་ཚོར་ཆེན་པོ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཁོང་གི་ཡང་སྲིད་གཉིས་བྱུང་བའི་གནས་ཚུལ་ལྷག་ཡོད་པ་རེད། ད་རེས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་དང་འབྲེལ་བའི་ཐོག་ད་བར་འབྲས་ལྗོངས་གཞུང་ནས་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་དང་ནང་སྲིད་བཀའ་བློན་གཉིས་ལ་ཕྱག་ཡིག་ཐེངས་ ༣༥ ལས་མང་བ་ཕུལ་འདུག་པ་དང་།   ལྷག་པར་དུ་ཕྱི་ལོ་ ༢༠༡༦ ནས་འབྲས་ལྗོངས་ནང་གི་དགོན་སྡེ་ཁག་ཅིག་གི་དགེ་འདུན་པ་མང་དག་ཞིག་ནས་རྒྱ་གར་གཞུང་ལ་རིན་པོ་ཆེ་མཆོག་ཁུལ་དེར་ཆིབས་བསྒྱུར་གསོལ་འདེབས་ཀྱིས་ཟས་བཅད་ངོ་རྒོལ་དང་ཞུ་གཏུགས་སོགས་ཀྱི་ལས་འགུལ་ཡང་སྤེལ་བ་དང་། ད་ལྟའི་གནས་སྐབས་སུའང་དགེ་འདུན་པ་ཁག་ཅིག་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༦༣༠ སོང་ཡང་ཀརྨ་པ་རིན་པོ་ཆེ་མཆོག་ས་གནས་སུ་༸ཞབས་སོར་མ་འཁོད་བར་དུ་མུ་མཐུད་ཟས་བཅད་ངོ་རྒོལ་ལས་འགུལ་གནང་རྒྱུ་རེད་འདུག རྩ་བའི་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ལོ་ ༢༠༠༠ ལོར་དགུང་ལོ་ ༡༤ ཐོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་དང་། དུས་དེ་ནས་བཟུང་རིན་པོ་ཆེ་མཆོག་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཞུ་ཕྱིར་བཞུགས་ཡོད་པ་རེད།

བཞུགས་སྒར་དུ་བོད་གཞུང་མང་གཉིས་ནས་མོན་པའི་ཞི་བའི་གོམ་བགྲོད་པ་རྣམས་ལ་སྣེ་ལེན་གཟབ་རྒྱས་ཞུས་པ།

དེ་རིང་ཟླ་ ༣ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་ཉེ་སྔོན་ཟླ་ ༣ ཚེས་ ༡༧ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༧ བར་༸གོང་ས་མཆོག་ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡུལ་བྱང་ཤར་མོན་རྟ་དབང་གི་ཆུ་དྭངས་མ་ནས་ཨ་སམ་གྲོང་ཁྱེར་ཏེ་ཛ་པུར་བར་ཉིན་གྲངས་བཅུ་གཅིག་ལྷག་ Padayatra ཞེས་གོམ་བགྲོད་ལས་འགུལ་གོ་སྒྲིག་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ RK Khirmey  མཆོག་དང་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག དེ་བཞིན་ལས་འགུལ་དེར་མཉམ་ཞུགས་གནང་མཁན་བོད་དོན་རྒྱབ་སྐྱོར་བ་དང་མོན་ཡུལ་མང་ཚོགས་ཀྱི་སྐུ་ཚབ་མི་སྣ་བཅས་ཁྱོན་མི་གྲངས་ ༥༠ ལྷག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བཞུགས་སྒར་དྷ་རྨ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གནས་མི་མང་བརྒྱ་སྐོར་ལྷག་ནས་འདུ་འཛོམས་ཀྱིས་ཁོང་རྣམས་ལ་དགའ་བསུའི་མཇལ་དར་སྒྲོན་ཐོག་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། ལས་འགུལ་གོ་སྒྲིག་ཞུ་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ RK Khirmey  མཆོག་གིས་ཕྱི་ནང་གི་གསར་འགོད་པར་ཁོང་རྣམས་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འདྲ་མིན་ནང་འབྱོར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་ཕྱིར་སྨོན་ལམ་གསུང་འདོན་དང་ཞབས་རིམ་ཁག་ཅིག་གསོག་སྒྲུབ་གནང་བ་མ་ཟད། ས་གནས་སོ་སོའི་མི་རབས་གཞོན་པ་དག་ལ་༸གོང་ས་མཆོག་རྒྱ་གར་དུ་ཕེབས་དོན་གང་ཡིན་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་མཛད་རྣམ་ངོ་སྤྲོད། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་དགོས་གལ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་སོང་། རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད་ཧི་མཱ་ལ་ཡའི་མི་རྒྱུད་སྤྱི་དང་ལྷག་པར་དུ་མོན་པའི་མི་རིགས་ཚོའི་ཤེས་ཡོན་དང་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་སོགས་ཀྱི་ཐོག་བཀའ་དྲིན་ཆེན་པོ་ཡིན་སྟབས། ད་ལན་གོམ་བགྲོད་གནང་བ་འདིས་དེ་སྔ་༸གོང་ས་མཆོག་རྒྱ་གར་དུ་ཕེབས་པའི་དུས་ཚིགས་དྲན་གསོ་ཞུ་རྒྱུ་ཙམ་མ་ཟད། ཧི་མཱ་ལ་ཡའི་མི་མང་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་ཤིན་ཏུ་ཆེ་བ་དེ་དག་རྗེས་དྲན་མཚོན་ཆེད་ཞིག་ཆགས་ཡོད་པ་གསུངས་ཡོད། གཞི་རྩའི་ཐེངས་འདིའི་དྲན་གསོའི་གོམ་བགྲོད་ཀྱི་ལས་འགུལ་འདི་ནི་ཟླ་ ༣ ཚེས་ ༡༧ ཉིན་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་ཆུ་དྭངས་མོ་ནས་འགོ་འཛུགས་གནང་སྟེ། ཁུལ་དེའི་གྲོང་ཁྱེར་རླུང་ལ་གྲོང་ཁྱེར་དང་ས་གནས་རྟ་དབང་དང་བྱང་སྡེ་རང་། འབུམ་སྡེ་ལ། དེ་བཞིན་སེང་གེ་རྫོང་སོགས་དེ་སྔ་༸གོང་ས་མཆོག་ཆིབས་བསྒྱུར་མཛད་ཡུལ་ས་གནས་སོ་སོར་གོམ་བགྲོད་གནང་ནས་ཕེབས་པ་མ་ཟད་ས་གནས་དེ་དག་ནང་འབྱོར་སྐབས་མང་ཚོགས་རྣམས་ལ་༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་༸སྐུ་པར་འགྲེམས་སྤེལ། དེ་བཞིན་དགོན་སྡེ་ཁག་ལ་ཆོས་ཕྱོགས་ཀྱི་ལས་དོན་སོགས་རྒྱ་ཆེ་སྤེལ་བ་མ་ཟད། མཐར་ཕྱི་ཚེས་ ༢༧ ཉིན་ཨཱ་སམ་མངའ་སྡེའི་གྲོང་ཁྱེར་ཏེ་ཛ་པུར་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད། དེ་རིང་བཞུགས་སྒར་རྡ་རམ་ས་ལར་འབྱོར་བའི་མོན་པའི་ཞི་བའི་གོམ་བགྲོད་པ་དེ་རྣམས་སང་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་གི་ཡོད་པ་རེད།

Latest news