Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2017

རེས་གཟའ་ལྷག་པ། ༢༠༡༧།༠༩།༢༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་དེ་རིང་ཚུར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་། བོད་མིའི་སྐྱབས་བཅོལ་ལག་དེབ་དང་ཕྱིར་བསྐྱོད་ལག་དེབ་ཀྱི་དཀའ་ངལ་སེལ་ཐབས་ཐོག་དགོངས་པ་བཞེས་དགོས་པ་གསུངས་སོང། བཞུགས་སྒར་དུ་རྒྱལ་ཡོངས་རང་བཞིན་ལྡན་པའི་སིལ་རྩེད་འགྲན་ཐོག་མ་དེ་འགོ་འཛུགས་གནང་སོང་། ལྷ་སར་ཕ་སྐད་གཙང་མའི་ལས་རིམ་དར་ཁྱབ་ཆེ་རུ་འགྲོ་བཞིན་འདུག རྒྱ་ནག་ནང་Whatappསྤྱི་ཚོགས་དྲ་བ་ལའང་དམ་དྲག་བྱེད་བཞིན་འདུག ༸གོང་ས་མཆོག་གིས་༢༠༡༤ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ། Wednesday 27/09/2017 Dalai Lama returns to Dharamsala from Europe trip Security Kalon urged to address problems regarding RC and IC First ever Tibetan National basket ball tournament begins Tibetans in Lhasa initiate grassroots campaign to preserve Tibetan language China blocks WhatsApp, broadening censorship FEATURE: Dalai Lama’s speech to Tibetan Parliamentarians in 2014

བདེ་སྲུང་ལས་ཁུངས་ནས་བོད་མིའི་སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་དེབ་ཀྱི་དཀའ་ངལ་སེལ་ཐབས་སུ་དགོངས་པ་བཞེས་དགོས།

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བདུན་པའི་ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦་༡༧ ལོའི་ལོ་འཁོར་ལས་བསྡོམས་ཐོག་དྲི་བ་དྲིས་ལན་གནང་སྐབས་སྤྱི་འཐུས་ཁག་གཅིག་ནས་ཚོར་ཤུགས་ཆེན་པོས་བདེ་སྲུང་སྲུང་ལས་ཁུངས་ནས་རྒྱ་གར་ནང་གནས་སྡོད་ཆོག་པའི་བོད་མིའི་སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་དེབ་སེར་པོའི་དཀའ་ངལ་ཁག་སེལ་ཐབས་སུ་དགོངས་པ་བཞེས་དགོས་པ་གསུངས་སོང་། དེ་ཡང་གྲོས་ཚོགས་ལས་ཉིན་བདུན་པ་དེ་དགོང་དྲོ་ཆུ་ཚོད་བདུན་པ་བར་འཕར་འགྱང་གནང་ཐོག་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦་༡༧ ལོའི་ལས་བསྡོམས་དང་འབྲེལ་བའི་དྲི་བ་དྲིས་ལན་ཁག་ཡོངས་སུ་གྲུབ་མ་ཐག་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ནས་བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་སོང་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་རྒྱས་པར་དཔྱད་ཞིབ་གནང་པའི་དམིགས་བསལ་དྲི་བ་གང་ཡང་གནང་མེད་པ་རེད། འོང་ཀྱང་སྤྱི་འཐུས་སྒེར་གྱི་དྲི་བ་དྲིས་ལན་གནང་པ་ལས་སྤྱི་འཐུས་ཁག་ཅིག་གིས་བར་སྐབས་ཤིག་ནས་རྒྱ་གར་གཞུང་གིས་བོད་མི་ཚོར་གནང་པའི་ཕྱི་སྐྱོད་ལག་དེབ་སེར་པོ་དེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ནས་ངོས་ལེན་མེད་པ་དང་། ལྷག་པར་དུ་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་ཡང་ངོས་ལེན་ཡོད་མེད་སོགས་ཀྱི་དཀའ་ངལ་མང་དག་ཞིག་མུ་མཐུད་འཕྲད་བཞིན་པ་དང་། དེ་བཞིན་རྒྱ་གར་དུ་གནད་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་སྐྱབས་བཅོལ་ལག་དེབ་འམ་ RC ཞེས་པ་དེ་འཕར་འགྱང་གནང་སྟངས་དང་། ལྷག་དོན་ས་གནས་གཅིག་ནས་གཞན་ལ་གནས་སྤོ་ཞུ་སྐབས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། འབྲེལ་ཡོད་བདེ་སྲུང་ལས་ཁུངས་ནས་ངལ་བ་དེ་དག་སེལ་ཐབས་སུ་དགོངས་པ་ཆེ་བཞེས་གནང་དགོས་ཀྱི་འདུག་ཅེས་གསུངས་ཡོད།  སྐབས་དེར་བཀའ་བློན་མཆོག་ནས་དཀའ་ངལ་དེ་དག་སེལ་ཐབས་སུ་ད་ལྟའི་ཆར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབྲེལ་ཡོད་རྒྱ་གར་གཞུང་དང་ལྷན་དུ་ལས་རིམ་ཞིག་གནང་མུས་ཡིན་ཞེས་ལན་འདེབས་གསལ་བཤད་གནང་སོང་། དེ་དེ་བཞིན་སྤྱི་འཐུས་གཞན་ཁག་ཅིག་གིས་འདས་པའི་ལོ་དུས་ནང་ལ་བདེ་སྲུང་ལས་ཁུངས་གཙོས་པའི་རྒྱ་གར་དབུས་ས་སྤྱི་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཕྱྭའི་སྲུང་ཆ་ཐོག་ཕྱག་ལས་འཐུས་ཚང་གནང་པར་བསྔགས་བརྗོད་ཞུས་སོང་བ་དང་། ཡང་ལ་ལས་འདས་པའི་ལོ་དུས་ནང་མགོན་པོ་༸གང་ཉིད་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་མཛད་འཕྲིན་མང་དྲག་སྟབས་ཕྱི་རྒྱལ་གྱི་མཛད་འཕྲིན་ཁག་ཅིག་ཕྱིར་འཐེན་གནང་དགོས་བྱུང་བ་དང་། ལྷག་པར་དུ་༸གོང་ས་མཆོག་སྔར་ལོ་རྒྱ་གར་བྱང་ཤར་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་སྐབས་གནམ་གཤིས་ལེགས་མིན་རྐྱེན་པས་གནམ་གྲུར་འཁྲུག་ཆ་ཐེབས་པའི་གནས་སྟངས་བྱུང་སྐོར་ལུང་འདྲེན་གྱིས་འབྲེལ་ཡོད་ལྷན་ཁང་གི་ངོས་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་ཉུང་དུ་གཏང་རྒྱུ་དང་། ཁྱད་པར་དུ་ཆིབས་སྒྱུར་སྐབས་སུ་ས་གནས་ཀྱི་གནམ་གཤིས་གནས་སྟངས་གང་ཡིན་ཐོག་སྔོན་ཚུད་ནས་ཞིབ་དཔྱད་གནང་གལ་ཡིན་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་པ་རེད།

རྒྱལ་ཡོངས་རང་བཞིན་ལྡན་པའི་བོད་མིའི་སིལ་སྤོལ་རྩེད་འགྲན་ཐོག་མ་དེ་དབུ་འཛུགས།

དེ་རིང་བཞུགས་སྒར་གངས་ཅན་སྐྱིད་ཤོངས་སུ་བཙན་བྱོལ་བོད་མིའི་གཞོན་སྐྱེས་རུ་ཁག་ཁག་ཅིག་དབར་ལ་རྒྱལ་ཡོངས་རང་བཞིན་ལྡན་པའི་སིལ་སྤོལ་རྩེད་འགྲན་ཆེས་ཐོག་མ་དེ་དབུ་འཛུགས་གནང་སོང་། རྩེད་འགྲན་འདི་ནི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ནས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། དེ་རིང་ནས་བདུན་ཕྲག་གཅིག་རིང་རྩེད་འགྲན་གནང་རྒྱུ་དེའི་ནང་རྡ་ས་རུ་ཁག་དང་ལྡི་ལིའི་རུ་ཁག ལ་དྭགས་བསོད་ནམས་གླིང་། བྱང་ཤར་རྡོ་རྗེ་གླིང་རུ་ཁག་སོགས་རྒྱ་གར་དང་བལ་ཡུལ་ནས་རུ་ཁག་མི་འདྲ་བ་ ༡༢ འདུག དེ་རིང་ཉིན་དང་པོ་དབུ་འབྱེད་མཛད་སྒོའི་ཐོག་ནས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གློ་ནད་ TB འི་དཀའ་ངལ་འདི་ནི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཐེངས་འདིའི་ལས་རིམ་དེ་ནི་སྒྲིག་འཛུགས་ནས་དུས་ཀྱི་འགྱུར་འགྲོས་དང་མང་ཚོགས་ཀྱི་དོ་སྣང་ལ་གཞིགས་པས་སྤྱི་ཚོགས་ནང་རྩེད་མོའི་བརྒྱུད་ལམ་ཐོག་ནས་ ཊི་སྦི་སོགས་འཕྲོད་བསྟེན་ལ་དོ་སྣང་དང་གོ་རྟོགས། རྩེད་མོའི་གལ་གནད་སོགས་ལ་དམིགས་ཡོད་པ་གསུངས་སོང་། བོད་རྒྱལ་ཡོངས་རྩེད་རིགས་པའི་འགན་འཛིན་པ་སངས་ལགས་ཀྱིས་ངོ་སྤྲོད་གནང་པར་དེ་རིང་ནས་ཐོག་མའི་ཉིན་བཞིའི་རིང་ལ་ཉིན་རེར་འགྲན་བསྡུར་བཞི་རེ་གནང་རྒྱུ་དང་། ཟླ་བ་རྗེས་མའི་ཕྱི་ཚེས་ ༢ ཉིན་ཉིན་རྒྱབ་ཏུ་རུ་ཁག་རྩེད་ཕུད་གཉིས་དབར་ལ་མཐའ་མའི་འགྲན་བསྡུར་གནང་རྒྱུ་ཡིན་པ་གསུངས་ཡོད། རྩ་བའི་རྒྱལ་ཡོངས་རང་བཞིན་པའི་བོད་རིགས་ནང་ཁུལ་གྱི་རྩེད་འགྲན་འདི་ལྟ་བུ་ལ་འགྲོ་གྲོན་ཧ་ཅང་ཆེན་པོ་གནས་ཀྱི་ཡོད་ནའང། མ་འོངས་པར་བོད་རྒྱལ་ཡོངས་རྩེད་ཚོགས་པའི་ངོས་ནས་ལས་རིམ་འདི་ལྟ་བུ་མུ་མཐུད་ཚོགས་ཐུབ་རྒྱུའི་འཆར་གཞི་སྒྲིག་མུས་ཡིན་པ་རེད་འདུག དེ་རིང་སྔ་དྲོ་ཚོུད་ ༩ པའི་སྟེང་རྩེད་འགྲན་དང་པོ་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་རུ་ཁག་དང་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་རུ་ཁག་གཉིས་དབར་ལ་རྩེད་འགྲན་གནང་ཡོད་པ་རེད། ཕྱི་ཟླ་ ༡༠ ཚེས་ ༢ ཉིན་རྩེད་འགྲན་མཐའ་མའི་རྒྱལ་ཁ་ཐོབ་མཁན་རུ་ཁག་ཨང་དང་པོར་བྱ་དགའ་ཧིན་སྒོར་༥༠༠༠༠ དང་ཨང་གཉིས་པར་སྟོང་ཕྲག་ ༣༠ བཅས་གསོལ་རས་གནང་གཏན་འཁེལ་འདུག

༸གོང་ས་མཆོག་ཡོ་རོབ་རྒྱལ་ཁབ་བཞིའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཨིན་ཡུལ་དང་འཇར་མ་ནི། ཨི་ཊ་ལི། ལ་ཊི་ཝི་ཡ་བཅས་ཀྱི་ནང་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་ཉིན་དགུང་ཚོུད་ ༡༢།༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་ཡོ་རོབ་ནང་གི་འཛད་འཕྲིན་ཆེད་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་ཡོད་པ་དང་། མཛད་འཕྲིན་གྱི་ཐོག་མ་ཟླ་བ་འདིའི་ཕྱི་ཚེས་ ༩ ནས་ ༡༢ བར་མགོན་པོ་༸གང་ཉིད་མཆོག་དབྱིན་ཡུལ་གྱི་བྱང་ Ireland མངའ་ཁུལ་གྱི་གྲོང་ཁྱེར་ LondonDerry ནང་བཞུགས་ཞག་མཛད་དེ། ཁུལ་དེར་རྟེན་གཞི་བྱས་པའི་ Children in Cross Fire ཞེས་སྡུག་རྩུབ་དང་དབུལ་ཕུག་གིས་མནར་བའི་བྱིས་པ་སྲུང་སྐྱོང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བ་དང་བསྟུན། ཁུལ་དེའི་ Millennium Forum ཞེས་པའི་ཚོགས་ཁང་དུ་ཚོགས་པ་དེའི་ཚོགས་མི་དང་སློབ་མ། དེ་བཞིན་ས་གནས་ཀྱི་དད་ལྡན་མང་ཚོགས་བཅས་ཁྱོན་མི་མང་སྟོང་ཕྲག་བརྒལ་བར་བྱམས་བརྩེའི་ཉམས་ལེན་ཐོག་བཀའ་སློབ་དང་སེམས་ཀྱི་སློབ་གསོ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད། དེ་རྗེས་མགོན་པོ་༸གང་ཉིད་མཆོག་འཇར་མ་ནི་གྲོང་ཁྱེར་ Frankfurt ནང་རྟེན་གཞི་བྱས་པའི་འཇར་མན་བོད་ཁང་གི་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། འཇར་མ་ནི་བོད་ཀྱི་ཁང་པ་གསར་རྒྱག་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་ཡོད་པ་མ་ཟད། ཁུལ་དེར་ཆེད་བཅར་ཞུས་པའི་ས་གནས་བོད་མི་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་གཙོ་གྱུར་གྱི་རིག་གནས་ཐོག་སློབ་གཉེར་གནང་གལ་ཡིན་པར་བཀའ་སློབ་སྩལ་བ་དང་ཆབས་ཅིག མགོན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་ལས་དོན་ནས་རྒས་ཡོལ་ཞུས་ཟིན་ཀྱང་བོད་སྤྱིའི་གནད་དོན་དེ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ནས་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་སྐལ་བཟང་གི་བཀའ་སློབ་བསྩལ་ཡོད། གཞན་ཡང་༸གོང་ས་མཆོག་ནས་ཐེངས་འདིའི་འཇར་མ་ནི་ནང་གི་འཛད་འཕྲིན་ཁྲོད་ས་གནས་མང་ཚོགས་རྣམས་ལ་གོ་ལ་གཅིག་འགྱུར་གྱི་བཟང་སྤྱོད་ཐོག་བཀའ་སློབ་དང་། རྒྱལ་སྤྱིའི་ཚན་རིག་པ་དང་ལྷན་དུ་ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་པའི་ལྟ་ཚུལ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ་མ་ཟད། ས་གནས་ཀྱི་རྒྱ་རིགས་སློབ་མ་དང་གསར་འགོད་པར་བོད་རྒྱའི་གནད་དོན་སྐོར་ངོ་སྤྲོད་ཀྱང་མཛད་ཡོད་པ་རེད། དེ་རྗེས་ཚེས་ ༡༦ ནས་ ༢༡ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ཨི་ཊ་ལིའི་གྲོང་ཁྱེར་ Taormina དང་ Messina Palermo དེ་བཞིན་ Florence དང་ Pisa བཅས་ཀྱི་ནང་ས་གནས་ཀྱི་སློབ་ཕྲུག་དང་མང་ཚོགས་ལ་བཀའ་སློབ་བསྩལ་བ་དང་། ཆོས་ལུགས་མཐུན་འབྲེལ། ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཡོད། ཨི་ཊ་ལི་གྲོང་སྡེ་སོ་སོའི་སྤྱི་ཁྱབ་མཆོག་ནས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། ༸གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་ལ་ཆེ་བསྟོད་ཀྱི་ཞི་བའི་ཐམ་ཀ་དང་ཞི་བདེ་བྱེད་པོ། དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་མཁས་དབང་གི་ཕྱག་འཁྱེར་དང་གྲོང་སྡེའི་ཆེ་བསྟོད་མི་སེར་གྱི་མཚན་གནས་སོགས་འབུལ་བཞེས་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་ཡོ་རོབ་ནང་ཉིན་གྲངས་ ༢༠ ཙམ་གྱི་མཛད་འཕྲིན་བསྐྱངས་པ་ལས་མཛད་འཆར་མཐའ་མ་དེ་ཡོ་རོབ་བྷལ་ཊིག་ Baltic རྒྱལ་ཁབ་ལ་ཊི་ཝི་ཡའི་རྒྱལ་ས་ Riga ནང་དུ་བསྐྱངས་ཡོད་པ་དང་། དེ་ཡང་ཕྱི་ཚེས་ ༢༣ ནས་ ༢༥ བར་མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་ས་ Riga ནང་རྟེན་གཞི་བྱས་པའི་ Skonto ཚོགས་ཁང་ཆེན་མོར་ཨུ་རུ་སུ་ནས་ཕེབས་པའི་ཆོས་ཞུ་བ་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན། དེ་བཞིན་རྫོགས་ཆེན་གྱི་བཀའ་ཆོས་བསྩལ་ཡོད་པ་མ་ཟད། ས་གནས་ཀྱི་མང་ཚོགས་རྣམས་ལ་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ། བྷལ་ཊིག་རྒྱལ་ཁབ་ Latvia དང་ Estonia དེ་བཞིན་ Lithuania བཅས་ཀྱི་གྲོས་ཚོགས་འཐུས་མི་ ༡༦ དང་མཇལ་མོལ་མཛད་པ་སོགས་ཀྱི་མཛད་འཕྲིན་དུ་མ་བསྐྱངས་ཡོད་པ་རེད། མཛད་འཆར་ལྟར་ན་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་ ༡༠ ཚེས་ ༣ ནས་ ༦ བར་ཉིན་གྲངས་བཞིའི་རིང་ཐེ་ཝན་གྱི་དད་ལྡན་མི་མང་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

བོད་སློབ་འཛིན་ཚོགས་ཁག་གི་སློབ་ཁག་ཚང་མ་ལོ་རྗེས་མ་གཙང་བཞེས་གནང་རྒྱུའི་ཁས་ལེན་བྱུང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དེ་རིང་གྲོས་ཚོགས་ནང་ཤེས་རིག་ལས་བསྡོམས་དང་འབྲེལ་བའི་འཛིན་སྐྱོང་གི་ལན་འདེབས་གནང་པའི་ཁྲོད། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཚང་མ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ པའི་ནང་ཚུད་གཙང་བཞེས་གནང་རྒྱུའི་ཁས་ལེན་བྱུང་ཡོད་པ་གསུངས་སོང་། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བདུན་པ་ཉིན་འཁྱོངས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་༢༠༡༦་༡༧ལོའི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན། ལན་འདེགས་གསལ་བཤད་བཅས་ཞིབ་ཚགས་གནང་སོང་བ་དང་། སྐབས་དེར་སློབ་གྲྭ་ཁག་གིི་ནང་དུ་སློབ་མའི་གྲུབ་འབྲས་དང་ཤེས་ཚད་ཡར་རྒྱས་ཇེ་མཐོར་གཏང་སྟངས་དང་། དེ་འབྲེལ་དགེ་རྒན་གྱི་མཐུན་རྐྱེན་སྦྱོར་ཕྱོགས་དང་དགེ་རྒན་རྣམས་ཀྱི་གསོལ་ཕོགས་སོགས་ཐོབ་ཐང་ཇེ་བཟང་དུ་གཏང་རྒྱུའི་སྐོར། དེ་དེ་བཞིན་སློབ་མའི་བཟས་བཅུད་དང་འཕྲོད་བསྟེན་གྱི་གནས་སྟངས་དང་ཤེས་རིག་ལས་ཁུངས་ཀྱི་བྱིས་སྒྲུང་ལས་གཞི་དང་ཕྱི་རྒྱལ་དུ་གཟའ་མཇུག་སློབ་གྲྭའི་གལ་གནད་སོགས་ཤེས་ཡོན་སྤྱིའི་སྐོར་ལ་བཀའ་མོལ་བྱུང་སོང་། ལྷག་པར་དུ་དེ་རིང་སྔ་དྲོ་བོད་སློབ་ཚོགས་ཀྱི་སློབ་གྲྭ་ཁག་རྩིས་ལནེ་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་གཅིག་དང་དྲི་བ་དེའི་ལན་ལས་འཕྲོས་ནས་སྤྱི་འཐུས་ཁ་ཤས་ནས་ད་བར་སློབ་གྲྭ་དེ་དག་རྩིས་ལེན་མ་ཐུབ་དགོས་དོན་སོགས་དྲི་བ་ཁག་ཅིག་སླེབས་ཡོད་སྟབས། ཤེས་རིག་བཀའ་བློན་མཆོག་གིས་འཛིན་སྐྱོང་ནས་ཕྱི་ལོ་ ༢༠༡༣ ལོར་སློབ་གྲྭ་ཁག་རྩིས་ལེན་རྒྱུ་འགོ་འཛུགས་མ་ཐག་པ་ནས་དུས་ཚོུད་ཐུང་ཐང་ཞིག་དང་གང་མགྱོགས་མགྱོགས་རེ་བ་གནང་ཡོད་ནའང་། བར་ལམ་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཁག་ཅིག་ཡང་ཡང་འཕོ་འགྱུར་སོང་རྐྱེན་ད་བར་འགག་ཡོད་པ་གསལ་བཤད་དང་སྦྲགས། མ་འོངས་ཟླ་བ་དྲུག་ནང་ཚུད་སློབ་གྲྭ་ཁག་ ༡༤ ལྷག་ཡོད་པ་ཚང་མ་གཙང་བཞེས་ཁས་ལེན་གནང་ཡོད་པ་ལན་འདེབས་གསལ་བཤད་གནང་སོང་། གཞན་ཡང་དེ་རིང་གྲོས་ཚོགས་ཀྱི་ར་བ་དེའི་ནང་༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་གཞིའི་སྐོར་དང་འབྲེལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་ནི་ཕྱི་རྒྱལ་བ་ལས་བོད་པ་དང་བོད་པའི་སྤྱི་ཚོགས་ནང་འགྲེམས་སྤེལ་གསལ་བཤད་དགོས་མིན་སྐོར་ལ་བགྲོ་གླེང་ཡོང་སོང་བ་དང་། ཤེས་རིག་བཀའ་བློན་མཆོག་ནས་འཛིན་སྐྱོང་བཀའ་ཤག་ནས་ད་ཆ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་བརྒྱུད་ཐོག་ཕྱག་ལས་གནང་བཞིན་ཡོད་པ་དང་། རིམ་པས་དེ་སྒྲུབ་རྗེས་སློབ་གྲྭ་ཁག་ཏུ་ལག་བསྟར་གནང་རྒྱུའི་སྐོར་གསུངས་ཡོད་པ་གསུངས་སོང་།  དེ་རིང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་སྤྱི་འཐུས་ ༢༠ ཐམ་པས་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་ཆ་ཤས་བཞེས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ཀྱི་གནད་དོན་སྤྱིའི་ཐོག་ལ་དགོངས་ཚུལ་ལྷུག་པོ་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱ་གར་དང་བལ་ཡུལ་གཉིས་ནང་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་ ༦༧ འདུག་པ་དང་འདས་པའི་ལོ་དེའི་ནང་སློབ་ཕྲུག་ཕོ་མོ་གྲངས་༡༩༠༦༣ དང་དགེ་རྒན་ལས་བྱེད་ ༢༠༠༢ བཅས་སོགས་འདུག

རེས་གཟའ་མིག་དམར། ༢༠༡༧།༠༩།༢༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ཡོ་རོབ་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་རྒྱ་གར་ཕྱོགས་སུ་ཕེབས་ཐོན་མཛད་འདུག ༸གོང་ས་མཆོག་གིས་ལྕམ་མར་ཀིལ་མཆོག་སླར་ཡང་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་བསྩལ་འདུག བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཟླ་བ་དྲུག་ནང་ཚུད་གཙང་བཞེས་ཡོང་རྒྱུའི་ཁས་ལེན་ཡོད་པ་གསུངས་སོང་། བེུད་ཉིན་མོ་དེ་ལོ་གཅིག་མ་སོང་གོང་ཕྱིར་འཐེན་བྱེད་དགོས་འཁེལ་ཚེ་དེའི་འགན་བཀའ་ཤག་ལ་མེད། བོད་རིགས་བོུ་ཞིག་ལ་བློན་ཆེན་གཟེངས་རྟགས་ཞེས་པ་ཐོག་མ་ཐོབ་འདུག Tuesday 26/09/2017 Dalai Lama wraps up Europe Visit, leaves for India Dalai Lama congratulates Merkel on election-win If Women’s Day is scrapped, we will not be responsible: Sikyong Sherig Kalon says transfer of CST schools will be completed before March 2018 Tibetan girl wins NSW community language school excellence award

༸གོང་ས་མཆོག་ཡོ་རོབ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་ཕྱོགས་སུ་ཆིབས་ཐོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་འཆིབས་ཐོན་གྱིས་ཡོ་རོབ་ཨིན་ཡུལ་དང་འཇར་མ་ནི། ཨི་ཊ་ལི། ལ་ཊི་ཝི་ཡའི་རྒྱལ་ས་རི་གྷ་བཅས་ཀྱི་ནང་ལ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ། ཆོས་ལུགས་མཐུན་འབྲེལ། ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་སྔར་ཐོག་ཡོ་རོབ་བྷལ་ཊིག་རྒྱལ་ཁབ་ལ་ཊི་ཝི་ཡའི་རྒྱལ་ས་རི་གྷ་ནས་རྒྱ་གར་ཕྱོགས་སུ་ཆིབས་ཐོན་མཛད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་ཡོ་རོབ་ནང་གི་མཛད་འཕྲིན་མཐའ་མ་དང་འབྲེལ། ཁ་སང་ཉིན་རྒྱབ་ལ་ཊི་ཝི་ཡའི་རྒྱལ་ས་ Riga ནང་རྟེན་གཞི་བྱས་པའི་ Skonto ཚོགས་ཁང་ཆེན་མོར་ཨུ་རུ་སུའི་གཞས་པ་དང་གློག་བརྙན་བཟོ་བསྐྲུན་པ་ Boris Grebenschikov ལགས་དང་།  Vitaly Mansky ལགས། Alvis Hermanis ལགས། དེ་བཞིན་  Ivan Vyrypaev ལགས་བཅས་ལྷན་དུ་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་འཛམ་བུ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་མང་པོ་ཞིག་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་པ་དང་། དེ་དག་ཀྱང་གཙོ་བོ་ཁོང་ཁྲོ་དང་འཇིགས་སྣང་། དེ་བཞིན་རང་དོན་དང་ཕུགས་རྒྱང་ཐུང་བའི་བསམ་བློའི་དབང་གིས་འབྱུང་བཞིན་ཡོད་པ་བཀའ་འགྲེལ་དང་སྦྲགས། དཀའ་རྙོག་དེ་དག་སེལ་ཐབས་སུ་བྱམས་བརྩེའི་བསམ་པ་དང་། འགྲོ་བ་མིའི་རིང་ཐང་དང་འབྲེལ་བའི་བཟང་སྤྱོད་ཁག་གོང་མཐོར་གཏང་དགོས་པ་དང་། ལྷག་དོན་གཞན་ཕན་དང་ཕུགས་བསམ་ལྡན་པའི་དགོངས་བཞེས་གནང་གལ་ཡིན་པའི་ལམ་སྟོན་མཛད་འདུག གཞན་ཡང་སྐབས་དེར་ཚོགས་བཅར་བ་ཞིག་ནས་མགོན་པོ་༸གང་ཉིད་མཆོག་ལ་དེང་གི་འཛམ་གླིང་འདི་དེ་སྔ་དང་བསྡུར་ཚེ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཞིག་བྱུང་ཡོད་པ་གཟིགས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་འདས་ཟིན་པའི་དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་དམག་འཁྲུག་རིགས་མང་པོ་བྱུང་ཡོད་པ་མ་ཟད། དམག་འཁྲུག་དེ་དག་ཁྲོད་དུ་མི་མང་རྣམས་ནས་ཀྱང་དཔྱད་ཞིབ་གང་ཡང་མ་གནང་པར་མཉམ་ཞུགས་བྱས་ཡོད་། དེང་སྐབས་དམག་འཁྲུག་རིགས་བྱུང་སྐབས་མི་མང་རྣམས་ནས་དེ་ལྟར་མི་ཡོང་ཆེད་ལས་འགུལ་སོགས་སྤེལ་བཞིན་ཡོད་སྟབས། སྤྱི་ཡོངས་ཀྱི་ཆ་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་བཞིན་ཡོད་པ་དང་། ལྷག་པར་དུ་མི་མང་རྣམས་ནས་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་འདོད་ཡོད་པའི་རྣམ་པ་གསལ་པོ་འདུག་ཅེས་བཀའ་ལན་བསྩལ་འདུག རྩ་བའི་ཁ་སང་༸གོང་ས་མཆོག་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ནས་ས་གནས་ཀྱི་དད་སྡན་མང་ཚོགས་རྣམས་ལ་རྫོགས་ཆེན་གྱི་བཀའ་ཆོས་ཤིག་བཀའ་དྲིན་བསྩལ་ཡོད་པ་མ་ཟད། ཁུལ་དེའི་ One To One ཞེས་པའི་བཅར་འདྲིའི་ལེ་ཚན་ཐོག་དབུ་བཞུགས་གནང་ནས་དྲག་སྤྱོད་རིང་ལུགས་ནང་མཉམ་ཞུགས་གནང་མཁན་དེ་དག་ཀྱང་འགྲོ་བ་མི་ཞིག་ཡིན་སྟབས། ཁོང་རྣམས་ལ་གདོང་ལེན་གནང་སྐབས་འདས་ཟིན་པའི་དམག་འཁྲུག་སོགས་དྲག་པོའི་ཐབས་ལམ་ལ་མ་བརྟེན་པར་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་དཀའ་ངལ་སེལ་གནང་དགོས་ཞེས་བཀའ་བསྩལ་འདུག ཁྱད་པར་དུ་དཀའ་རྙོག་དེ་དག་འགྲོ་བ་མིས་བཟོས་པ་ཞིག་ཡིན་པས་འགྲོ་བ་མིའི་ཤེས་ཡོན་གྱི་ལམ་ལུགས་ནང་དངོས་པོའི་གནས་སྟངས་ཁོ་ན་མིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་ཐོག་སློབ་ཁྲིད་གནང་ཐབས་དགོས་པའི་ལམ་སྟོན་བསྩལ་འདུག གསར་འགོད་པས་༸གོང་ས་མཆོག་ལ་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་ཙམ་མ་གཏོགས་ཨུ་རུ་སུ་གཙོས་ནང་པའི་རྒྱལ་ཁབ་གཞན་གྱི་ནང་ལ་ཆིབས་བསྒྱུར་མཛད་ཐུབ་ཀྱི་མེད་པ་མ་ཟད། ལྷག་པར་དུ་ཐེངས་འདིའི་ Latvia འི་ཆིབས་སྒྱུར་ཁྲོད་ཡུལ་དེའི་སྲིད་འཛིན་མཆོག་ནས་མགོན་པོ་མཆོག་དང་མཇལ་འཕྲད་མཛད་མེད་པ་སོགས་དང་འབྲེལ་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆིབས་སྒྱུར་ཚང་མ་ཆབ་སྲིད་དང་འབྲེལ་བ་མེད་སྟབས། རྒྱལ་ཁབ་སོ་སོའི་སྲིད་འཛིན་གྱི་ངོས་ནས་མཇལ་འཕྲད་མ་གནང་པ་དེ་ལ་ཐུགས་ཕམ་གང་མེད་ཅེས་བཀའ་སྩལ་དང་འབྲེལ། གཙོ་བོ་གཞི་རིམ་མི་མང་རྣམས་དང་མཇལ་འཕྲད་གནང་རྒྱུ་གལ་ཆེ་བ་ཞིག་ཏུ་གཟིགས་ཀྱི་ཡོད་ཅེས་བཀའ་ལན་མཛད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་ཐོག་རི་གྷ་ནས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་ཡོད་པ་ལྟར། སང་ཉིན་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་མཁའ་ལམ་བརྒྱུད་བཞུགས་སྒར་དྷ་རྨ་ས་ལར་༸ཞབས་སོར་བདེ་བར་འཁོད་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་འཇར་མ་ནི་སྲིད་བློན་ལས་ཐོག་མཆོག་སླར་སྲིད་བློན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་པ།

 བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མ་ནི་ད་ལྟའི་སྲིད་བློན་ལས་ཐོག་ལྕམ་སྐུ་ Angela Merkel མཆོག་གིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པར་སླར་ཡུལ་དེའི་སྲིད་བློན་གྱི་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་བསྩལ་འདུག མགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་ཐེངས་འདིའི་རྒྱལ་ཁ་དེས་ད་བར་ལྕམ་སྐུ་ Angela Merkel མཆོག་གིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པའི་ངོས་ནས་རང་ཉིད་ཀྱི་ལང ས་ཕྱོགས་དང་གཞི་རྩའི་དམ་བཅའ་ཁག་བརྟན་པོར་གནས་ཐོག་མི་མང་གི་མངོན་འདོད་དང་མཐུན་པའི་ཕྱག་ལས་གནང་པ་ཞིག་མཚོན་པ་དང་། ལྷག་པར་དུ་ལྕམ་སྐུ་ Angela Merkel མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་འཇར་མ་ནི་ཙམ་མ་ཟད། ད་ཆ་ཡོ་རོབ་མཐུན་ཚོགས་དེ་བཞིན་རྒྱལ་སྤྱིའི་ཐོག་མིག་དཔེ་དང་རེ་ལྟོས་ཞུ་ཡུལ་ཞིག་བཟོ་ཐུབ་ཡོད་ཅེས་བཀའ་བསྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་དུས་རྒྱུན་དུ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་དང་སྙིང་སྟོབས་བཅས་པར་ཡིད་སྨོན་མཛད་མཁན་ཞིག་ཡིན་པ་བཀའ་སྩལ་དང་འབྲེལ། རིམ་པས་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་ལྟ་བུ་ཞིག་ཨ་ཕི་རི་ཀ་དང་ཨེ་ཤ་ཡའི་མངལ་ཁུལ་དུའང་ཆེད་འཛུགས་ཐུབ་པར་རེ་སྨོན་མཛད་བཞིན་ཡོད་པ་བཀའ་ནན་མཛད་འདུག རྩ་བའི་ལྕམ་སྐུ་ Angela Merkel མཆོག་ནི་འཇར་མ་ནིའི་ལོ་རྒྱུས་ནང་བེུད་ཀྱི་སྲིད་བློན་གནང་མཁན་དང་པོ་དེ་ཡིན་པ་མ་ཟད། ཁོང་གིས་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་ད་བར་ཡུལ་དེའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་གསུམ་གྱི་ནང་ལ་རྒྱལ་ཁ་ཐོབ་སྟེ། ད་བར་བསྟུད་མར་ལོ་ངོ་ ༡༢ རིང་ལ་འཇར་མ་ནིའི་སྲིད་བློན་གནང་ཡོད་པ་དང་། ད་རེས་ཀྱི་རྒྱལ་ཁ་དེའི་བརྒྱུད་ཁོང་ཡུལ་དེའི་སྲིད་བློན་དུ་མུ་མཐུད་བསྐོ་གཞག་གནང་གི་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༧།༠༩།༢༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཡོ་རོབ་Baltic States གྲོས་ཚོགས་འཐུས་མི་དང་མཇལ་མོལ་མཛད་འདུག སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་དུ་གཞིས་ཆགས་དང་སློབ་གྲྭ་གསར་འཛུགས་གནང་ཐབས་མེད་པ་གསུངས་སོང། གྲོས་ཚོགས་སུ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་སོང། ཨེ་ཤི་ཡའི་གཤམ་འོག་རྒྱལ་ཁབ་ནས་ཡར་ཀླུང་གཙང་པོ་དང་འབྲེལ་བའི་གྲོས་མཐུན་འཇོག་ཐུབ་པའི་ཞུ་འབོད། བོད་ཕྲུག་རྣམས་ནས་༸གོང་ས་མཆོག་དང་བོད་སྤྱི་པའི་ཆེད་སློབ་སྦྱོང་ཧུར་ཐག་བྱེད་དགོས། Monday 25/09/2017 Dalai Lama meets with Baltic States Parliamentarians Not Possible to Build Tibetan Schools and Settlement Abroad: Sikyong Public Accounts Committee Submits Report to Parliament Tibet activists urge downstream nations to push China on Brahmaputra treaty Inter-school dialectics meet concludes

Latest news