Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2016

བཙན་བྱོལ་བོད་མིའི་ཁྲོད་མཆིན་པའི་གཉན་ཚད་ཀྱི་ནད་གཞི་ཕོག་པ་བརྒྱ་ཆ་ ༨་༩ ཙམ་་ཆགས་ཀྱི་འདུག་ཅེས་གསུངས་སོང་།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་འབོར་བརྒྱ་ཆ་ ༨་༩ ཙམ་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞི་ཕོག་པ་ཆགས་ཀྱི་འདུག་པ་དང། དེའང་གཙོ་བོ་མཐུན་རྐྱེན་དང་གོ་རྟོགས་མི་འདང་བའི་རྐྱེན་གྱིས་ཡིན་པར་གསུངས་སོང་། དེ་ཡང་དེ་རིང་ཟླ་ ༧ ཚེས་ ༢༨ ཉིན་མོ་སྟེ་འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་དང་བསྟུན། བཞུགས་སྒར་རྡ་རམ་ས་ལར་ཀུན་ཕན་ཚོགས་པས་གོ་སྒྲིག་འོག སྐད་འབོད་ཀྱི་ལས་འགུལ་བརྒྱུད་མང་ཚོགས་ལ་ནད་གཞི་དེའི་སྔོན་འགོག་དང་གོ་རྟོགས་སྤེལ་བ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་རྡ་ས་ས་གནས་བདེ་དོན་ལས་ཁུངས་ཀྱི་ཚོགས་ཁང་དུ་དབུས་བོད་ཀྱི་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གཉིས་ནས་བོད་ལུགས་སྨན་པ་རིན་འཛིན་བཟང་མོ་ལགས་དང་ཕྱི་ལུགས་སྨན་པ་བསོད་ནམས་ལགས་རྣམ་གཉིས་གདན་ཞུས་ཀྱིས་ནད་གཞི་དེ་དང་འབྲེལ་བའི་འདྲ་པར་དང་བརྙན་པར་སོགས་འགྲེམས་སྟོན་བརྒྱུད་མང་ཚོགས་ལ་མཆིན་པའི་གཉན་ཚད་ཀྱི་གོ་རྟོགས་དང་། རིན་མེད་ཀྱི་བརྟག་དཔྱད་གནང་བའི་ལས་འགུལ་ཞིག་ཀྱང་སྤེལ་གནང་སོང་། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་དེ་སྔོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མཆིན་པའི་གཉན་ཚད་ཀྱི་ཁྱབ་ཚད་ཇི་ཡོད་ཐོག་ཉམས་ཞིན་གནང་པའི་གྲུབ་དོན་ལ་མང་ཚོགས་བརྒྱ་ཆ་ ༨་༩ ཙམ་ལ་ནད་གཞི་དེ་ཕོག་ཡོད་པ་ཤེས་རྟོགས་ཐུབ་ཡོས་སྐོར་གསུངས་པ་དང་ཆབས་ཅིག དེ་ལས་ནས་ཀྱང་བོད་པའི་སློབ་གྲྭ་དང་གྲྭ་ཚང་ཁག དེ་བཞིན་རྒྱ་གར་ནང་བོད་མིའི་གནས་སྡོད་ས་གནས་ཁུག་སྐྱོག་བཅས་ལ་གོ་རྟོགས་དང་སྔོན་འགོག་གི་ལས་གཞི་སྤེལ་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། ལྷག་དོན་ཁོང་གིས་ལ་དྭགས་བྱང་ཐང་ས་ཁུལ་གྱི་བོད་མི་དང་བོད་ནས་ཕེབས་པའི་བོད་མིའི་ཁྲོད་ནད་གཞི་དེ་མང་བ་ཐོན་བཞིན་ཡོད་པ་དང། དེའང་ཨ་མ་ནས་བྱིས་པའི་བར་ཁྱབ་ཀྱི་ཡོད་པ་གསུངས་ཡོད། རྩ་བའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ World Health Organization ཡིས་ལོ་ལྟར། ཕྱི་ཟླ་ ༧ ཚེས་ ༢༨ སྟེ་འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ལོ་ལྟར་ནད་གཞི་དེ་འབྲེལ་གནད་དོན་རེ་རེ་འབུར་སྟོན་གྱིས་སྔོན་འགོག་གི་གོ་རྟོགས་ལས་འགུལ་མང་དག་ཞིག་སྤེལ་གྱི་ཡོད་པ་རེད་ལ། སྔ་ལོ་ ༢༠༡༥ ལོར་མཆིན་པའི་གཉན་ཚད་ཀྱི་ནད་གཞི་སྔོན་འགོག་ཐོག་ཡིན་པ་དང། འདི་ལོ་ནད་གཞི་དེ་དྲུངས་ནས་སྦྱོན་ཐབས་ཀྱི་ཐོག་དམིགས་བཀར་གནང་ཡོད།  

དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་ཁོ་མོའི་གཏམ་བཤད་ལོག་འགྲེལ་བྱས་པར་སྐྱོན་བརྗོད་བྱས་འདུག

དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Catherine West ལགས་ཀྱིས་རྒྱ་གཞུང་ནས་ཁོང་གི་གསུང་བཤད་ལ་ལོག་འགྲེལ་གྱིས་བརྙན་ཐུང་དྲིལ་བསྒྲགས་བྱས་པར་སྐྱོན་བརྗོད་དང་འབྲེལ། བརྙན་ཐུང་དེའི་བརྒྱུད་ཁོ་མོས་རྒྱ་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་བཞིན་པར་རྒྱབ་སྐྱོར་ཡོད་འཁྱོག་བཤད་བྱས་པར་ངོས་ལེན་ནམ་ཡང་མེད་པའི་ར་སྤྲོད་གསལ་བཏོན་གནང་འདུག དེའང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁག་ལ་གཞིགས་ན། རྒྱ་ནག་གཞུང་གིས་ཆེད་མངགས་རིན་པ་སྤྲོད་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Time Square ཞེས་པའི་ས་ཚིགས་ཀྱི་ཆེས་མཐོ་བའི་ཐོག་བརྩེགས་ཀྱི་གྱང་ངོས་ཐོག་ཏུ་སྐར་མ་གསུམ་ཅན་གྱི་བརྙན་ཐུང་དེ་སྟོན་ཡོད་པ་དང།  དེའི་ནང་གཙོ་བོ་རྒྱ་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ངོ་སྤྲོད་བྱས་པ་དང་ཆབས་ཅིག འདང་ངེས་དཔང་རྟགས་ཁག་སྤྱོད་པའི་བརྒྱུད་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཕལ་མོ་ཆེ་བའི་ཐོག་ཡུལ་དེའི་བདག་དབང་ཡོད་ཚུལ་གྱི་རྣམ་པ་གསལ་བཏོན་དང་འདི་བཞིན་རྒྱ་མི་དང་ཕྱི་རྒྱལ་གྱི་གཞུང་ཚབ་མི་སྣ། དེ་བཞིན་མཁས་དབང་སོགས་ནས་རྒྱ་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཚུལ་དང་། ཁོང་རྣམས་ཀྱིས་ཀྱང་རྒྱ་ནག་དང་ Philippines གཉིས་ཀྱི་དཀའ་རྙོག་དེ་ཞི་བའི་སྒོ་ནས་སེལ་ཐབས་སླད་སྐུལ་མ་བྱེད་བཞིན་པ་མངོན་བཏོན་བྱས་འདུག དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Catherine West ལགས་ཀྱིས་དེ་སྔ་པེ་ཅིང་གི་ལྷན་ཚོགས་ཤིག་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་ཞིག་རྒྱ་གཞུང་གིས་ལོག་འགྲེལ་གྱིས་མི་དམངས་མགོ་སྐོར་བཞིན་ཡོད་པ་སོགས་འཁོད་ཡོད་འདུག   ད་རེས་གྲོས་ཚོགས་འཐུས་མི་ལྕམ ་Catherine ལགས་ཀྱིས་ཁོ་མོའི་གསུང་བཤད་ལ་རྒྱ་གཞུང་ནས་ལོག་འགྲེལ་གྱིས་བརྙན་ཐུང་དྲིལ་བསྒྲགས་བྱས་པར་གསལ་བཤད་གནང་པའི་ནང་། སྤྱིར་གང་ཟག་གཅིག་གིས་བཅར་འདྲི་ནང་བཤད་པའི་བསམ་བློ་ཁག་བེད་སྤྱོད་བྱ་རྒྱུ་དང་གཞན་གང་ཟག་དེའི་གཏམ་བཤད་ལ་འཁྲི་སྣོན་བྱས་ནས་དྲིལ་བསྒྲགས་བྱས་པ་གཉིས་ལ་ཁྱད་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་སྟེ། རྒྱ་གཞུང་གིས་ད་ཆ་ནིའུ་ཡོག་གྲོང་ཁྱེར་ནང་སྟོན་བཞིན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཡུལ་དེའི་བདག་དབང་ཡོད་ཚུལ་གྱི་དྲིལ་བསྒྲགས་བརྙན་ཐུང་དེས་ཁོ་མོར་གོ་བ་ལོག་སྒྲུབ་བྱེད་བཞིན་འདུག་ཅེས་མངོན་གསལ་གནང་འདུག ད་དུང་ཁོང་གིས་ Quartz གསར་ཁང་བརྒྱུད་རྒྱ་གཞུང་གི་བྱེད་སྟངས་དེར་གསལ་བཤད་གནང་པ་དེའི་ནང་། ཁོ་མོས་དྲིལ་བསྒྲགས་བརྙན་ཐུང་དེ་མཐོང་སྐབས་ཅི་བྱ་གཏོལ་མེད་ཀྱི་གནས་ལས་མ་འདས་པ་གྱུར་བ་དང་།  རང་གི་གཏམ་བཤད་དེར་སེམས་ཁྲལ་བྱ་དགོས་པ་ཞིག་བཟོས་ཡོད་སྐོར་གསུངས་པ་དང་སྦྲགས།  ཁོང་གི་སྒེར་གྱི་དགོངས་ཚུལ་སྤྱོད་ནས་དེ་ལྟ་བུའི་བྱ་ངན་བྱེད་པའི་བསམ་བློ་འཁོར་མ་སོང་ཞེས་གསུངས་པ་མ་ཟད།  ལྷག་དོན་ཁོ་མོས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཐོག་དམག་དཔུང་དང་གོ་མཚོན་རྒྱ་བསྐྱེད་གཏོང་བཞིན་པའི་གནད་དོན་ཐད་སེམས་འཚབ་ཀྱིས་ཁུལ་དེའི་གསར་ཁང་ཁག་གི་བཅར་འདྲིར་དགའ་ཚོར་ཆེན་པོས་དང་ལེན་གནང་ཡོད་ཀྱང་། ད་ལན་རྒྱ་གཞུང་གིས་དེ་ལྟར་ལོག་འགྲེལ་བྱས་པར་བློ་ཕམ་ཆེན་པོ་ཡོད་སྐོར་སོགས་གསུངས་འདུག ལྕམ་སྐུ་མཆོག་ནས་རྒྱ་གཞུང་གིས་དྲིལ་བསྒྲགས་བརྙན་ཐུང་དེའི་ནང་གསུང་བཤད་གནང་པ་དེ་ནི་ལྕམ་སྐུ་མཆོག་གིས་དེ་སྔ་པེ་ཅིང་དུ་ཚོགས་པའི་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་ཚད་མཐོའི་ཆབ་སྲིད་ཚོགས་པའི་གླེང་སྟེགས་ཐེངས་ལྔ་པའི་ཐོག་མཉམ་ཞུགས་སྐབས་ཁུལ་དེའི་གསར་ཁང་ཁ་ཤས་ཀྱི་བཅར་འདྲིར་དང་ལེན་གནང་པའི་ཁོངས་ནས་ཟུར་བཏོན་བྱས་པའི་བརྙན་ཐུང་ཞིག་ཡིན་པ་གསལ་བཤད་གནང་འདུག རྩ་བའི་རྒྱ་གཞུང་གིས་སྐར་མ་གསུམ་ཅན་གྱི་བརྙན་ཐུང་དེ་ཟླ་བ་འདིའི་ཚེས་ ༢༣ ཉིན་སྟོན་མགོ་བཙུགས་ཏེ་ཕྱི་ཟླ་ ༨ ཚེས་ ༣ བར་ཁྱོན་ཉིན་གྲངས་ ༡༡ རིང་སྟོན་རྒྱུ་ཡིན་པ་དང་། ལྷག་པར་དུ་བརྡ་ཁྱབ་སྤེལ་ཡུལ་གྱི་གྱང་ངོས་ཐོག་ཏུ་ཉིན་འཁྱོངས་རིང་བརྙན་ཐུང་དེ་ཐེངས་ ༡༢༠ བསྐྱར་སྟོན་གྱིས་ཁུལ་དེའི་མང་ཚོགས་ཀྱི་དོ་དབྱིངས་འགུག་ཐབས་བྱེད་བཞིན་ཡོད་པ་རེད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོས་གསར་འགོད་གསལ་བསྒྲགས་སྤེལ་གནང་པ།

དེ་རིང་ཟླ་ ༧ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ སྟེང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཉེ་ཆར་བཙན་བྱོལ་དུ་འབྱོར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་རེད། སྐབས་དེར་ཁོང་གིས་ཁོང་མོ་བཙན་བྱོལ་དུ་ཉེན་ཁར་མ་འཛེམས་པར་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་དྲང་བདེན་གྱི་གནས་ཚུལ་ཕྱིར་བསྒྲགས་བྱ་སླད་ཆེད་ཕེབས་གནང་པ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། ལྷག་དོན་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་སྔ་རྗེས་ཀྱི་གནད་དོན་ཆ་ཚང་གསལ་བཤད་བྱེད་དགོས་པ་མ་ཟད། ཁོང་ལ་མ་ཉེས་ཁ་གཡོགས་བྱས་པའི་ནག་ཉེས་ར་སྤྲོད་མཐིལ་ཕྱིན་བྱེད་དགོས་པའི་དགོས་འདུན་བཏོན་གནང་སོང། བརྙན་པར།  http://www.youtube.com/watch?v=9gms05de9I8

རེས་གཟའ་ལྷག་པ། ༢༠༡༦།༠༧།༢༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ནང་པའི་གཙུག་ལག་ཁང་དང་ཁེ་ཆེའི་ལྷ་ཁང་དུ་གནས་གཟིགས་མཛད་འདུག སམ་བྷོ་ཊའི་སློབ་ཁག་གི་དམིགས་བསལ་འགན་འཛིན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་པ། བྱང་རྩེ་གྲྭ་ཚང་དུ་གནའ་དེང་གི་ཤེས་ཡོན་སྐོར་བགྲོ་གླེང་། ཨ་རིའི་མང་གཙོ་ཚོགས་པས་བོད་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་འབད་བརྩོན་ཞུ་ཡིན་པ་གསུངས་འདུག རྒྱ་གར་ནས་ཕྱིར་ཕུད་བཏང་པའི་རྒྱ་རིགས་གསར་འགོད་པ་གསུམ་པོ་དང་དོལ་རྒྱལ་བསྟེན་མཁན་དབར་འབྲེལ་བ་ཆགས་ཡོད་ཚོད་འདུག དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་ཨ་རིའི་ཡུ་ཊར་བོད་རིགས་ཚོར་བསྩལ་བའི་བཀའ་སློབ། Wednesday 27/07/2016 Dalai Lama visits religious sites in Ladakh Sikyong opens Special School Head Meeting of Sambhota Tibetan Schools Society Democratic Party Platform assures greater respect for human rights including rights of Tibetans Panel Discussion on Modern and Traditional Education held at Gaden Monastery Tibetan crisis forces India to expel Chinese journalists FEATURE: Dalai Lama’s speech to Tibetans at Utah University

༸གོང་ས་མཆོག་གིས་ནང་པའི་གཙུག་ལག་ཁང་དང་ཁ་ཆེའི་ལྷ་ཁང་དུ་གནས་གཟིགས་མཛད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ལ་དྭགས་ཀྱི་རྒྱལ་ས་སླེར་རྟེན་གཞི་བྱས་པའི་ཇོ་བོ་གཙུག་ལག་ཁང་དང་། དེ་བཞིན་ ཤིཡཱ་ དང་ ཤུནི་ཁ་ཆེ་ལྷ་ཁང་གཉིས་བཅས་སུ་གནས་གཟིགས་མཛད་པ་དང་། མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་སྐོར་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག དེ་ཡང་མགོན་པོ་མཆོག་ཁ་ཉིན་ཚེས་ ༢༥ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་ལྟར། དེ་རིང་ཉིན་གསུམ་པའི་སྔ་དྲོ་ཚོུད་ ༨།༠༠ ཡོལ་ཙམ་ལ་རྒྱལ་ས་སླེར་རྟེན་གཞི་བྱས་པའི་ཇོ་བོ་གཙུག་ལག་ཁང་དུ་གནས་གཟིགས་དང་སྨོན་ལམ་གསུང་འདོན་མཛད་འདུག སྐབས་དེར་ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པའི་སྲིད་སྐྱོང་ཌོཀ་ཊར་བསོད་ནམས་ཟླ་བ་མཆོག་གིས་དབུས་པའི་བློན་ཆེན་རྣམ་པ་དང་། ཁྲིག་རྩེ་དགོན་པའི་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ། གཞུང་གི་གནད་ཡོད་མི་སྣ་བཅས་མང་ཚོགས་བརྒྱ་སྐོར་ཁ་ཤས་ནས་སྤོས་སྣེས་སྔོན་བསུས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་༸གོང་ས་མཆོག་རྒྱལ་ས་སླེར་རྟེན་གཞི་བྱས་པའི་ ཤིཡཱ་ དང་ ཤུ་ནི་ཁ་ཆེ་ལྷ་ཁང་གཉིས་སུ་གནས་གཟིགས་མཛད་པ་དང་། དེ་འབྲེལ་ཁ་ཆེའི་གཙོ་འཛིན་དང་མང་ཚོགས་བརྒྱ་སྐོར་ཁ་ཤས་ལ་མཇལ་ཁ་དང་༸གང་ཉིད་ཀྱི་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་བཀའ་སློབ་བསྩལ་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་དེ་གར་འདུས་པའི་ཁ་ཆེའི་ཆོས་གྲོགས་རྣམས་ལ། ལ་དྭགས་གཙོས་པའི་རྒྱ་གར་ནང་གི་ཁ་ཆེ་བ་ཚོས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་མཚོན་རྟགས་སུ་འགྱུར་ཐུབ་པ་གནང་གལ་ཡིན་པའི་བླང་དོར་ལམ་སྟོན་རྒྱ་ཆེ་མཛད་འདུག མཛད་འཆར་ལྟར་ན་སང་ཉིན་ནས་ཉིན་གྲངས་བཅུ་ཙམ་རིང་ལ་མགོན་པོ་༸གང་ཉིད་མཆོག་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་མཚམས་སུ་བཞུགས་གནང་གི་འདུག་པ་དང། དེ་ནས་ཕྱི་ཚེས་ ༡༠ དང་ ༡༡ བཅས་སུ་ཁྲིག་རྩེ་དགོན་པར་བྱང་ཆུབ་ལམ་སྒྲོན་དང་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བསྩལ་རྒྱུ་མ་ཟད། བཀའ་ཆོས་ཉིན་གཉིས་པའི་སྐབས་ཚེ་དབང་བཀྲིན་བསྩལ་གཏན་འཁེལ་འདུག དེ་ནས་ཕྱི་ཚེས་ ༡༩ ནས་ཉིན་གྲངས་གསུམ་རིང་ལ་༸གོང་ས་མཆོག་གིས་ཞི་བའི་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ཐུགས་རྗེ་ཆེན་པོ་བཀའ་དབང་བཅས་བསྩལ་གཏན་འཁེལ་འདུག

སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་དམིགས་བསལ་འགན་འཛིན་ལྷན་ཚོགས་སྐོང་ཚོགས་གནང་པ།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་དབུས་གཞུང་ནས་སམ་བྷོ་ཊ་དང་བོད་སློབ་འཛིན་ཚོགས་གཉིས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་ལྔ་དང་ཞི་རིམ་བར་མའི་སློབ་གྲྭ་ལྔ་བཅས་ཁྱོན་བོད་སློབ་བཅུ་རྩིས་ལེན་ལེགས་གྲུབ་དང་བསྟུན། དེ་རིང་ཟླ་ ༧ ཚེས་ ༢༧ ཉིན་གྱི་སྔ་དྲོ་སློབ་གྲྭ་དེ་དག་གི་སློབ་སྤྱི་རྣམས་ཆེད་སྐོང་གིས་དམིགས་བསལ་འགན་འཛིན་ལྷན་ཚོགས་ཤིག་ཚོགས་གནང་སོང་། དེ་ཡང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབུ་འཛུགས་གནང་པའི་ལྷན་ཚོགས་དེའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེས་རིང་མཆོག་རྣམ་གཉིས་ཀྱིས་དབུས། སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་སློབ་གྲྭ་ཁག་གི་སློབ་སྤྱི་ཉི་ཤུ་རྩ་གཅིག་བཅས་ཆེད་ཕེབས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་སམ་བྷོ་ཊ་དང་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་རྣམས་རྒྱ་གར་དབུས་གཞུང་ནས་རྩིས་ལེན་བྱ་དགོས་པའི་དགོས་དམིགས་གཙོ་བོ་ནི་བོད་རིགས་སློབ་མའི་ཤེས་ཡོན་དང་བཟང་སྤྱོད། དེ་བཞིན་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་སྔར་ལྷག་ཡར་རྒྱལ་ཡོང་ཐབས་སུ་ཆེད་དམིགས་གནང་པ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། སློབ་མའི་ཤེས་ཡོན་ཡར་རྒྱས་གོང་མཐོར་ཡོང་བར་བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ་ཁག་གི་སློབ་སྤྱི། དགེ་རྒན། དེ་བཞིན་ཕ་མ་དང་སློབ་མ་བཅས་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་གནང་གལ་ཆེ་ཡང་། ཉིན་རེའི་འཛིན་སྐྱོང་དང་ལས་དོན་སོགས་ཀྱི་ཆ་ནས་སློབ་མའི་ཤེས་ཡོན་ཡར་རྒྱས་ཡོང་བར་བོད་སློབ་སོ་སོའི་སློབ་སྤྱི་རྣམས་ལ་དམིགས་བསལ་གྱི་འགན་འཁྲི་ཆེ་ཤོས་ཡོད་པ་རེད་ཅེས་གསུངས་སོང་། ད་དུང་སྲིད་སྐྱོང་མཆོག་ནས་སྐབས་དེར་སློབ་སྤྱི་རྣམས་ལ་ད་ལོ་མ་འགྲིག་ཀྱང་དུས་སང་ནས་བཟུང་སྟེ། སློབ་གྲྭའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ Secular Ethics འམ་ཆོས་དང་འབྲེལ་བའི་བཟང་སྤྱོད་ཅེས་པའི་ཕྱག་དེབ་དེ་ངེས་པར་དུ་སློབ་གཞིའི་ཁོངས་སུ་བཅུག་སྟེ། སློབ་མ་རྣམས་ལ་སློབ་འཁྲིད་བྱ་དགོས་པ་སོགས་གསུངས་ཡོད། དེ་རིང་གི་ཚོགས་འདུ་དེའི་ཐོག་གཞན་ཡང་ཤིས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་སློབ་གྲྭའི་སློབ་སྤྱི་རྣམས་ལ་དེ་སྔ་སློབ་གྲྭ་རྩིས་སྤྲོད་ཐུབ་དང་མ་ཐུབ་ཀྱི་བར་མཚམས་དེར་སློབ་མ་རྣམས་ལ་ཤེས་ཡོན་གྱི་ཆ་ནས་གྱོང་གུད་དང་འཐུས་ཤོར་རིགས་ཕྱིན་ཡོད་ན་དེ་དག་ཁ་གསབ་གང་འདྲ་གནང་དགོས་མིན་ཐད་ལ་དགོངས་པ་ཆེ་བཞེས་གནང་དགོས་པ་མ་ཟད། སློབ་གྲྭའི་ནང་སློབ་ཕྲུག་གི་མི་ཚེ་འཕྲོ་བརླག་ཕྱིན་ཚེ། ཤེས་རིགས་ལས་བྱེད་གཙོས་པའི་སློབ་སྤྱི་དང་དགེ་ལས་ཡོངས་ཀྱི་ནོར་འཁྲུལ་ཆེ་ཤོས་དེ་རེད་ཅེས་ལམ་སྟོན་གསུང་བཤད་གནང་སོང་། གཞི་རྩའི་ཐེངས་ད་རེས་ཀྱི་འགན་འཛིན་ལྷན་ཚོགས་འདི་དེ་རིང་ནས་འགོ་འཛུགས་ཀྱིས་གནངས་ཉིན་རེས་གཟའ་པ་སངས་བར་དུ་ཚོགས་ཀྱི་ཡོད་པ་དང་། ཚོགས་དུས་དེའི་རིང་སློབ་སྤྱི་རྣམས་ལ་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ལས་གཞི། ཤེས་ཡོན་སྲིད་བྱུས་དགོངས་དོན་ལྟར་ཤེས་ཡོན་གྱི་ངོ་བོ་དང་དམིགས་ཡུལ། དེ་བཞིན་༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད། སློབ་གྲྭ་སོ་སོའི་རྩིས་དང་ལས་བསྡོམས་འབུལ་ཕྱོགས་སོགས་ཀྱི་ཐད་ལ་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག རྩ་བའི་ད་བར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དབུས་གཞུང་ནས་སམ་བྷོ་ཊ་དང་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་དགུ་དང་ཞི་རིམ་བར་མའི་སློབ་གྲྭ་ལྔ། དེ་བཞིན་སྔོན་འགྲོའི་སློབ་གྲྭ་ ༣༣ བཅས་ཁྱོན་བོད་སློབ་ ༤༧ ཙམ་རྩིས་ལེན་ཐུབ་པ་བྱུང་འདུག་ཀྱང་། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཡོད་པའི་སློབ་གྲྭ་ཁག་བཅུ་བཞི་ཙམ་རྩིས་ལེན་རྒྱུ་ཡིན་པ་རེད་འདུག

༸གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ནི་ཆོས་དད་ཡོད་མེད་ལ་ལྟོས་མེད་ཚང་མར་འབྲེལ་བ་དང་ཕན་ཐོགས་ཡོད་པ་རེད་ཅེས་བཀའ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་སྔ་དྲོ་རྡ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་ཇ་མུ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བཀྲིན་བསྐྱངས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཞབས་གསོར་འཁོད་མ་ཐག་ཞི་བའི་ཚལ་ཕོ་བྲང་གི་ཚོམས་ཆེན་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས། འབྲི་དགུ་ཆེ་ཚང་རིན་པོ་ཆེ་མཆོག་སོགས་ནང་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་གཞུང་འབྲེལ་གནད་ཡོད་མི་སྣ། བོད་མིའི་གཞིས་སྒར་སྐུ་ཚབ་ཁག་ཅིག་འདུ་འཛོམས་ཐོག་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རྣམས་ལ་༸གང་ཉིད་ཀྱི་༸སྐུའི་ཐུགས་བསྐྱེད་དམ་བཅའ་གསུམ་པོ་ངོ་སྤྲོད་གནང་པ་དང་ཆབས་ཅིག མགོན་པོ་མཆོག་གིས་དེང་གི་དུས་ཚོད་དང་མཐུན་པའི་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་གལ་འགངས་ཐད་ལ་བཀའ་བསྩལ་མཛད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་དང་མང་ཚོགས་སོགས་ནས་དོ་སྣང་ཇེ་ཆེར་གནང་བཞིན་ཡོད་སྟབས། ༸གང་ཉིད་མཆོག་གིས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་གཞི་དེའང་འདི་ལོའི་ལོ་མཇུག་ནང་འདོན་སྤེལ་བཟོ་སྒྲིག་འཐུས་ཚང་ཟིན་གྱི་ཡོད་སྐོར་བཀའ་བསྩལ་མཛད་འདུག  ཁྱད་པར་དུ་ལ་དྭགས་ས་གནས་འགོ་ཁྲིད་ཚོས་ཀྱང་སློབ་གཞི་དེ་ཁུལ་དེའི་སློབ་གྲྭ་ཁག་གི་སློབ་མའི་སློབ་ཚན་ཁོངས་སུ་བཅུག་དགོས་པའི་ལམ་སྟོན་བསྩལ་བ་དང་སྦྲགས། ༸གང་ཉིད་མཆོག་གིས་སློབ་གཞི་དེ་ཆོས་དད་ཡོད་མེད་ལ་ལྟོས་མེད་ཚང་མར་འབྲེལ་བ་དང་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བཀའ་སྩལ་འདུག བརྙན་འཕྲིན། http://www.youtube.com/watch?v=xXFDIsXDrpg&feature=youtu.be

རེས་གཟའ་མིག་དམར། ༢༠༡༦།༠༧།༢༦

ཉན་པ།: Listen ཕབ་ལེན། Download བོད་མི་ཆབ་སྲིད་བཙོན་པ་གཉིས་སླར་ཡང་འཛིན་བཟུང་བྱས་འདུག སོག་དཀར་བློ་གྲོས་རྒྱ་མཚོ་གསང་བའི་ཐོག་གློག་བཀྲོལ་བཏང་པ། བླ་རུང་སྒར་གཏོར་བཞིན་པ་དེ་ནི་ཆོས་དད་རང་དབང་ཚོད་འཛིན་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་གསུངས་འདུག འདས་པའི་ལོ་ངོ་ལྔ་བཅུ་ནང་བོད་ཀྱི་འཁྱག་རོམ་ཆུང་གྲས་ ༥༠༠ ལྷག་མེད་པ་ཆགས་འདུག བོད་མི་ཚོས་ཕྲུ་གུའི་ཚར་ལོངས་ཐོག་ལ་དེ་ཙམ་གྱི་དོ་སྣང་མེད་པ་གསུངས་འདུག གླུ་གཞས་ལེ་ཚན། ཕུར་བུ་ལྷ་མོ་ལགས་ཀྱི་བླངས་པའི་<བརྩེ་བ་> Tuesday 26/07/2016 Two former political prisoners rearrested in Ngaba Dalai Lama thanks birthday well wishers, calls for promotion of altruism Larung Gar demolition sends chilling signal about religious repression in China: ICT ABC journalist gets rare access to Tibet, reports glaciers melting at double speed Workshop on Early Child Development and Growth Mindset held at Delhi MUSIC FEATURE: ‘Tsewa’ by Phurbu Lhamo

བོད་མི་ཆབ་སྲིད་བཙོན་པ་གཉིས་སླར་འཛིན་བཟུང་དང་གཅིག་གློད་གྲོལ་བཏང་པ།

བོད་མདོ་སྨད་རྔ་བ་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཨ་རྒྱ་རྒྱ་ལགས་དང་གྲྭ་བློ་གྲོས་གཉིས་སྔ་ལོའི་ཕྱི་ཟླ་ ༡༡ ནང་འཛིན་བཟུང་གིས་ཟླ་བ་ ༨ རིང་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་བ་དང་། ད་ཆ་ཁོང་རྣམ་གཉིས་རྒྱ་ནག་གི་ཝུན་ཁྲོན་བཙོན་ཁང་དུ་ཡོད་པ་ཤེས་རྟོགས་ཐུབ་འདུག དེའང་དེ་རིང་བོད་ནང་ནས་གནས་ཚུལ་གསར་དུ་འབྱོར་བར་གཞིགས་ན། རྔ་བ་རྨེ་རུ་མ་ཡུལ་ཚོ་རུ་ཆེན་དང་པོའི་ཆབ་སྲིད་བཙོན་ཟུར་རང་ལོ་ ༣༥ ཡས་མས་སོན་པའི་ཨ་རྒྱ་རྒྱ་ལགས་སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༨ ཡས་མས་ཤིག་ལ་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ཐོག་སླར་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་སྟབས།  ཁོང་གི་ནང་མི་ཉེ་འབྲེལ་ཚོས་ད་བར་ཟླ་བ་ ༨ རིང་རྩད་གཅོད་ལན་མང་བྱས་ཀྱང་གནས་སྟངས་ཇི་ཆགས་ཤེས་རྟོགས་ཐུབ་མེད།  འོན་ཀྱང་ནང་མི་ཚོས་ད་ཆ་ཁོང་རྔ་བ་ཁུལ་ལུང་དགུ་རྫོང་འམ་རྒྱ་སྐད་ནང་ཝུན་ཁྲོན་རྫོང་གི་བཙོན་ཁང་ནང་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཆགས་དང་བཙོན་འཇུག་བྱེད་དོན་གང་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་པར་གཞིགས་ན། དེ་སྔ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་རྗེས་རྒྱ་གཞུང་གིས་ཆབ་སྲིད་བཙོན་ཟུར་ཨ་རྒྱ་རྒྱ་ལགས་ལ་གནད་དོན་དེ་དང་འབྲེལ་བ་བཏགས་ཏེ་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་གིས་ཟི་ཁྲོན་མན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། དེ་རྗེས་རྒྱ་གཞུང་ནས་ཁོང་ལ་བཙོན་འཇུག་དུས་ཡུན་ཚང་ནས་བཙོན་གྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་ཡོད་པ་རེད།  འོན་ཀྱང་སྔ་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་ཁྲུངས་སྐར་སྐབས་རྔ་བ་ནང་གི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་སྐད་འཕྲིན་གྱི་ཚོགས་པ་གཅིག་གསར་བཙུགས་བྱས་པ་དང་། ལྷག་དོན་གྱ་སྟོན་སྐབས་ལྷན་འཛོམས་ཀྱིས་དགའ་སྤྲོ་དང་བཅས་སྲུང་བརྩི་ཞུས་སྟབས།  གནས་ཚུལ་དེ་གོང་རིམ་ནས་ཤེས་རྟོགས་བྱུང་བས་ཨ་རྒྱ་རྒྱ་ལགས་དང་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་གྲོས་ལགས་སོགས་སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༨ ཡས་མས་ཤིག་ལ་སླར་འཛིན་བཟུང་བྱས་ཡོད་པ་རེད། རྩ་བའི་ཨ་རྒྱ་རྒྱ་ལགས་ནི་དེ་སྔ་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཡིན་ཞིང་། རྗེས་སུ་གྲྭ་ས་ནས་ཕྱིར་ཐོན་ནས་བཞུགས་བཞིན་ཡོད་པ་རེད་འདུག སྤྱིར་ས་གནས་བོད་མི་ཚོས་ཨ་རྒྱ་རྒྱ་ལགས་ནི་རྒྱལ་ཞེན་ཆེ་ཞིང་། དཔའ་ངར་ལྡན་པའི་བོད་མི་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག དེ་བཞིན་ཡང་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་གྲོས་ལགས་ནི། དེ་སྔ་ཁོང་གིས་བོད་ཀྱི་རྒྱལ་དར་བྲིས་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༠ ཡས་མས་ཤིག་ལ་འཛིན་བཟུང་གིས་ཟི་ཁྲོན་ཞིང་ཆེན་གྱི་མེ་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང་། དེ་བཞིན་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཤེས་རྟོགས་ཐུབ་ཡོད།  འོན་ཀྱང་ཁོང་གི་ནང་མི་ཉེ་འབྲེལ་ཚོས་ཁོང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་སྐོར་གསུངས་ཀྱི་འདུག་ཀྱང་། རྒྱ་གཞུང་གིས་ཁོང་ནས་ཨ་རྒྱ་རྒྱ་ལགས་སོགས་ཆབ་སྲིད་བཙོན་ཟུར་ཁག་ཅིག་གི་ལྷན་དུ་སྐད་འཕྲིན་གྱི་ཚོགས་པ་གཅིག་གསར་བཙུགས་བྱས་པ་དང་། ལྷག་དོན་གྱ་སྟོན་སྐབས་ལྷན་འཛོམས་ཀྱིས་དགའ་སྤྲོ་དང་བཅས་སྲུང་བརྩི་ཞུས་པའི་དོགས་གཞི་འོག་འཛིན་བཟུང་བྱས་པར་ཚོད་དཔག་གནང་བཞིན་འདུག གཞན་ཡང་དེ་སྔ་རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བོད་མི་ཆབ་སྲིད་བཙོན་ཟུར་རང་ལོ་ ༥༥ སོན་པའི་བློ་གྲོས་རྒྱ་མཚོ་ལགས་སླར་འཛིན་བཟུང་བྱས་ཡོད་པ་དང་། ཟླ་འདིའི་ཚེས་ ༡༩ ཉིན་ཁོང་གསང་བའི་ཐོག་ནས་གློད་གྲོལ་བཏང་སྟེ་ཕ་ཡུལ་དུ་འབྱོར་སྐབས་ས་གནས་བོད་མི་ཚོར་ཕེབས་བསུར་བཅར་བཅུག་མེད་པ་རེད་འདུག འོན་ཀྱང་ཁོང་བཙོན་གྲོལ་བཏང་པ་ཙམ་ལས་བཙོན་ཁང་དུ་མི་སྤྱོད་འདས་པའི་སྡུག་སྦྱོང་མནར་བཏང་པས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཆགས་འདུག གཞི་རྩའི་ཁམས་སོག་རྫོང་གི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས་ཐོག་མར་ཁོང་སྒེར་འཁོན་ལ་བརྟེན་ནས་ ༡༩༩༣ ལོའི་ཟླ་ ༡ ཚེས་ ༡༧ ཉིན་ནག་ཆུ་འབྲིང་རིམ་ཁྲིམས་ཁང་ཟེར་བས་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་ནང་བཙོན་འཇུག་བྱས་འདུག་པ་དང་། དེ་རྗེས་ ༡༩༩༥ ལོའི་ཟླ་ ༣ ཚེས་ ༤ ཉིན་བློ་གྲོས་རྒྱ་མཚོས་གྲྭ་བཞི་བཙོན་ཁང་ནས་བཙོན་པ་ཡོངས་རྫོགས་ལ་སྐུལ་སློང་བྱས་པ་དང་། ལྷག་དོན་ཁོང་གིས་ “བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན།” ཅེས་བཙོན་ཁང་དུ་སྐད་འབོད་བྱས་པ་མ་ཟད། སོ་སོས་བྲིས་པའི་སྦྱར་ཡིག་ ༣༠༠ ལྷག་ཙམ་གཏོར་སྟབས། བཙོན་སྲུང་བས་ཁྲིམས་ཁང་ལ་ཞུ་སྙན་ཕུལ་ནས་སྐབས་དེར་ཉིན་གསུམ་ལས་མ་འགྱངས་བར་དམར་གསོད་གཏོང་རྒྱུའི་བཀའ་རྒྱ་བཏང་ཡོད་འདུག དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཁག དེ་བཞིན་རང་དབང་ཅན་གྱི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་བློ་གྲོས་རྒྱ་མཚོ་ལགས་ལ་གསོད་ཁྲིམས་གཏང་མི་ཆོག་པའི་གནོན་ཤུགས་སྤྲད་པར་བརྟེན་རྒྱ་གཞུང་གི་ཁྲིམས་ཁང་ནས་ལོ་དྲུག་རིང་སྲོག་ཁྲིམས་ཕར་འགྱངས་བྱས་པ་རེད་འདུག རྩ་བའི་བློ་གྲོས་རྒྱ་མཚོ་ལགས་ནི་ཁམས་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་། ད་ལྟའི་ཆར་ཁོང་ལ་ཨ་མ་དང་སྲིང་མོ་ལྔ། དེ་བཞིན་སྤུན་ཆུང་བ་གཅིག་བཅས་ཡོད་པ་དང་། ཁོང་གི་འཚོ་རྟེན་གཙོ་བོ་ནི་ས་མ་འབྲོག་གྱི་ལས་དོན་ཡིན་འདུག

Latest news