Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2015

རེས་གཟའ་ཕུར་བུ། ༢༠༡༥།༡༢།༣༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ལམ་རིམ་ཆོས་འབྲེལ་ཡོངས་སུ་ལེགས་གྲུབ་དང་བསྟུན་སྤྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་བསྩལ་འདུག ཧི་མ་ཅལ་གཞུང་ནས་༸སྐུ་ཕྱའི་ཉེན་སྲུང་དམ་དུ་ཐོངས་དགོས་པའི་འབོད་སྐུལ། རྒྱ་གཞུང་ནས་ཕྱིར་སྡོད་ཡུ་གུར་མི་རིགས་ལ་སྟངས་འཛིན་བྱེད་བཞིན་པ་གསལ་བཏོན་གནང་འདུག རྒྱ་གཞུང་ནས་དྲ་ཐོག་ཟིན་བྲིས་སྤེལ་མཁན་འཛིན་བཟུང་བྱེད་པའི་ཁྲོད་མང་ཤོས་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཡིན་པ་གསུངས་འདུག སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྟོད་མངའ་རི་སྐོར་གྱི་ལོ་རྒྱུས་དེབ་གཅིག་དབུ་འབྱེད་གནང་པ། དམིགས་བསལ་ལེ་ཚན། རིམས་སྲུང་རིལ་བུ་ངོ་སྤྲོད། Thursday 31/12/2015 Dalai Lama concludes 16 drops of Kadam empowerment, extends New Year greetings Himachal Police seeks tighter security for Dalai Lama The price of refugees, China controls refugees abroad Tibetan bloggers among many online writers detained by China: RSF report TPiE inaugurates new book on history of “Toe Ngari“ HEALTH FEATURE:’ Rimsog Rilbu’ by Dr. Tenzin Thaye

༸གོང་ས་མཆོག་གིས་ནང་ཆོས་ལ་སློབ་གཉེར་གནང་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱ་དགོས་པ་བཀའ་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་སྩོལ་བཞིན་པའི་ཆོས་འབྲེལ་ཉིན་བཅིུས་ཐོག་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ཁྲི་བཞི་ལྷག་ཉེ་བར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་བསྩལ་གྲུབ་པ་དང་བསྟུན། ནང་ཆོས་ལ་སློབ་གཉེར་གནང་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱ་དགོས་གལ་ཡིན་པ་བཀའ་བསྩལ་འདུག   སྐབས་དེར་༸གོང་ས་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་འདས་པའི་ཆོས་འབྲེལ་གྱི་ཉིན་དེ་དག་རིང་འགེགས་མེད་ལམ་ལྷོངས་ཡོང་བ་ནི་དཀར་ཕྱོགས་སྐྱོང་བའི་ལྷ་དང་བཅས་པར་ལེགས་གསོའི་བསྔགས་བརྗོད་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་བཀའ་བསྩལ་དོན་ལ། ལོ་ཁ་ཤས་གོང་ནས་མགོ་བཙུགས་ཏེ་ལམ་རིམ་གྱི་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཁྲིད་རྒྱུན་ཡོད་པ་དེ་དག་གཅིག་ཏུ་ལྡེབས་ནས་ཁྲིད་རྒྱུ་དེ་ཕལ་ཆེ་ངོས་ཀྱི་མི་ཚེ་གཅིག་ལ་ཚར་གཅིག་མ་གཏོགས་ཡོང་རྒྱུ་ཡོད་པ་མ་རེད། ད་ལྟ་ཚར་གཅིག་དེ་ཚར་ཟིན་པ་རེད། དེ་ཡང་འགལ་རྐྱེན་གང་ཡང་མེད་པར་ཞེ་དྲག་ཡག་པོ་བྱུང། གཙོ་བོ་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ལ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་དང། དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན་ལ། གཟུགས་ཅན་མིས་འདིར་མངོན་དུ་འགྱུར་པའི་ཐོག་ནས་སེམས་ཤུགས་བསྐྱེད་ནས་མཐུན་འགྱུར་གྱི་རོགས་རམ་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། དགེ་བ་རྫོགས་བྱང་ལ་བསྔོ་ཡག་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་མཛད་འདུག དེ་བཞིན་བཀྲིས་ལྷུན་པོ་གཙོས་པའི་དགོན་སྡེ་ཁག་གིས་ཕྱག་ལས་ལེགས་པོ་གནང་བར་ཐུགས་རྗེ་ཆེ་ཞུའི་བསྔགས་བརྗོད་སོགས་གནང་འདུག དེ་དང་ཕྱོགས་མཚུངས་སུ་༸གང་ཉིད་མཆོག་གིས་ང་ཚོ་ནང་ཆོས་ལ་ཉམས་ལེན་དང་སློབ་གཉེར་གནང་ནས་གསོན་པའི་རིང་གཞན་ལ་ཕན་པར་བསྒྲུབ་གང་ཐུབ་གནང་གལ་ཡིན་པ་བཀའ་གནང་འདུག མགོན་པོ་༸གང་ཉིད་མཆོག་གིས་བཀའ་བསྩལ་དོན་ལ། ང་ཚོ་གསོན་པའི་རིང་ལ་ང་ཚོས་གང་ཐུབ་ཐུབ་ཀྱི་ཆོས་ཉམས་ལེན་བྱེད་ཡག་དང་། ཆོས་ཉམས་ལེན་བྱེད་ཟེར་བ་དེ་ཡང་དབང་རྟུལ་དད་པའི་རྗེས་འབྲང་མིན་པར་ཆོས་ལ་སློབ་གཉེར་བྱེད་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱ་དགོས་པ་མ་ཟད། དབང་རྣོན་ཆོས་ཀྱི་རྗེས་འབྲང་པའི་བྱེད་སྟངས་དེ་ལྟར་བྱེད་པ་ཡིན་ན་དུས་རབས་ ༢༡ དང་ ༢༢ དེ་བཞིན་དུས་རབས་ ༢༣ སྐབས་ལའང་མུ་མཐུད་བསྡད་ཀྱི་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ད་དུང་མགོན་པོ་མཆོག་གིས་གསུངས་པར་ད་ལོ་ཕྱི་ཟླ་དང་པོའི་ནང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་འཆར་ཡོད་ཀྱང་༸གང་ཉིད་མཆོག་ལ་སྨན་བཅོས་ཞུ་ཕྱིར་དུས་འཁོར་དབང་ཆེན་གནང་རྒྱུ་དེ་ཕར་འགྱངས་ཚུལ་དང་སྦྲགས། ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་དུས་འཁོར་དབང་ཆེན་བསྩལ་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་ཞུ་བར་ཕེབས་པ་རྣམས་ལ་དམིགས་བསལ་གྱི་ཕྱི་ལུགས་ཀྱི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་མཛད་འདུག

རེས་གཟའ་ལྷག་པ། ༢༠༡༥།༡༢།༣༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་བསྩལ་འདུག ༸གོང་ས་མཆོག་གིས་ལྷོ་ཨ་ཕི་རི་ཀ་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ལ་དོ་ཕོག་གཏོང་ཉེན་ཡོད་པ་བརྗོད་འདུག ནུབ་སྦེང་གོལ་མངའ་སྡེ་གཞུང་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་གནང་རྒྱུའི་ཟིན་བྲིས་གཏན་འབེབས། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དེ་མ་འོངས་མི་རབས་ཚོར་རྩིས་སྤྲོད་ཐུབ་པ་དགོས་རེད་ཅེས་གསུངས་འདུག ཧོང་ཀོང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཞིག་འཛིན་བཟུང་། དམིགས་བསལ་ལེ་ཚན། མགོན་པོ་མཆོག་གིས་གཞོན་སྐྱེས་ཚོས་བོད་ཕྲུག་མང་ཙམ་བཟོ་དགོས་སྐོར་གྱི་བཀའ་སློབ། Wednesday 30/12/2015 Dalai Lama begins 16 Drops of Kadam Initiation China admits Dalai Lama a threat to China and South Africa relationship Sikyong speaks to participants of youth leadership workshop China jails activist for supporting HK democracy movement FEATURE: Dalai Lama speaks on importance of Tibetan population growth

༸གོང་ས་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་སྩོལ་བཞིན་པའི་ཆོས་འབྲེལ་ཉིན་བཅིུག་ཐོག་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ཁྲི་བཞི་ལྷག་ཉེ་བར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་དབུ་འཛུགས་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འཁོར་དེ་ཉིད་ཐོག་མར་ལྷ་རི་སྙིང་པོ་ལ་རྔོག་གིས་ཞུས་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གསུང་པའི་སྐབས་དེར་དག་སྣང་སྣ་ཚོགས་བྱུང་བར་བརྟེན། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འཁོར་ཐོག་མར་གསུངས་པ་ནས་ཡུན་རིང་གསང་བ་ཤིན་ཏུ་དམ་པོའི་ཐོག་ནས་ཉམས་བཞེས་ཀྱི་ཕྱག་སྲོལ་བྱུང་བའི་ལོ་རྒྱུས་དང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འཁོར་འདི་ཉིད་བོད་གངས་ཅན་ལྗོངས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་བཀའ་བསྩལ་འདུག ཕྱོགས་མཚུངས་བཀའ་དབང་དེ་ཉིད་དག་སྣང་གི་ཐོག་ནས་བྱུང་བ་ཞིག་ཡིན་པ་མ་ཟད། དག་སྣང་གི་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་༸གང་ཉིད་སྐུ་མྱ་ངན་ལས་འདས་ཟིན་རྗེས་དག་སྣང་དུ་བྱུང་བ་ཞིག་དང་། དག་སྣང་ནི་རྒྱ་གར་འཕགས་ཡུལ་ཁོ་ནར་ཡོང་བ་ལས་བོད་གངས་ཅན་གྱི་ལྗོངས་སུ་མི་འབྱུང་བ་ཞིག་མིན་ཚུལ་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་བཀའ་བསྩལ་དོན་ལ། དག་སྣང་གི་ཕྱོགས་དེ་ཚོ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བཞེངས་ཏེ་གསུང་པ་ཞིག་ཡིན་པ་རེད། གང་ལྟར་ཡང་དག་སྣང་དབང་གིས་ཡིན་པས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཟིན་ཀྱང་། རྡོ་རྗེ་འཆང་གི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་ནས་མར་གསུང་པ་དེ་དག་གཙོས་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་མང་ཆེ་བ་དག་སྣང་རང་རེད། དག་སྣང་ཟེར་བ་དེ་རྒྱ་གར་ལ་མ་གཏོགས་ཡོང་མི་ཆོག་པ་ཞིག་མ་རེད། དེས་ན་བོད་གངས་ཅན་ལྗོངས་སུ་ཡོང་ཆོག་པ་ཞིག་རེད། རྣལ་རྟེན་གྱི་སྐྱེས་བུ་ས་ལམ་གྱི་རྟོགས་པ་ཚད་མཐོ་པོར་སླེབས་ཡོད་པ་གཅིག་ལ་དག་སྣང་ཡོང་ཆོག་གི་རེད་ཅེས་སོགས་བཀའ་བསྩལ་མཛད་ཡོད་པ་རེད། གཞན་ཡང་བཀའ་དབང་འདི་ཉིད་བརྙན་འཕྲིན་བརྒྱུད་ནས་ཞུ་ན་ཐོབ་མིན་ཐོག་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བཀའ་ལན་དུ་འདུལ་བའི་གཞུང་ནས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ལྟར། འཕྲིན་གྱི་སྒོ་ནས་བཀའ་དབང་བསྩལ་ན་ཆོག་པ་ལྟ་བུ་གསུང་ཡོད་པས་དེ་ལྟར་གནང་ན་འགྲིག་པ་བཀའ་བསྩལ་འདུག རྩ་བའི་དེ་རིང་༸གོང་ས་མཆོག་གིས་བུམ་དབང་གི་སྒོ་ནས་དབང་སྐུར་དབུ་འཛུགས་མཛད་ཡོད་པ་དང་འཕྲོས་རྣམས་སང་ཉིན་མུ་མཐུད་བསྩལ་གནང་རྒྱུ་རེད་འདུག

༸གོང་ས་མཆོག་ལ་བརྟེན་ནས་ལྷོ་ཨ་ཕི་རི་ཀ་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་ཉེན་ཡོད་པ་བཤད་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Lin Songtian ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་ལ་བརྟེན་ནས་རྒྱ་ནག་དང་ལྷོ་ཨ་ཕི་རི་ཀ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་ཉེན་ཡོད་པ་ཁ་གསལ་བཤད་འདུག དེ་ཡང་ཁ་སང་IOL བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། བདུན་ཕྲག་སྔོན་མའི་ནང་ཨ་ཕི་རི་ཀའི་གསར་འགོད་པའི་སྐུ་ཚབ་ཚོ་ཁག་ཅིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་པ་དང་བསྟུན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Ling  Songtian དང་ཐུག་འཕྲད་ཀྱིས་ལས་རིམ་ཞིག་གི་ཁྲོད།  Ling  Songtian གིས་ཨ་ཕི་རི་ཀའི་གསར་འགོད་སྐུ་ཚབ་རྣམས་ལ་རྒྱ་ནག་དང་ལྷོ་ཨ་ཕི་རི་ཀ་དབར་ལ་ཚོང་འབྲེལ་དཔལ་འབྱོར་གྱི་འབྲེལ་ལམ་གྱི་གལ་གནད་སྐོར་དང་འབྲེལ། སྲིད་འཛིན་ཞི་ཅིང་ཕིང་གིས་ལྷོ་ཨ་ཕི་རི་ཀའི་ནང་དུ་ཡོང་རྒྱུ་འདས་པའི་ལོ་གསུམ་ནང་ཨ་སྒོར་ཐེར་འབུམ་༦༠ འི་ཚོང་འབྲེལ་མ་རྩ་འཛུགས་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར། ཟླ་བ་སྔོན་མའི་ནང་ཕྱོགས་གཉིས་དབར་ཚོང་འབྲེལ་གྲོས་ཆོད་མང་དག་ཅིག་གཏན་འབེབས་བྱུང་ཡོད་སྐོར་བཤད་པ་དང་ཆབས་ཅིག ལྷག་དོན་  Ling  Songtian གིས་གསར་འགོད་པ་རྣམས་ལ་ད་བར་རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་ནང་དངུལ་འབོར་ཆེན་བཏང་ཡོད་པ་དེ་དག་ཏཱ་ལའི་བླ་མས་ཁུལ་དེར་ཕེབས་ནས། ཕྱོགས་གཉིས་ཀྱི་ཚོང་འབྲེལ་བཟང་པོ་དེར་ནམ་ཡང་དོ་ཕོག་བཏང་བཅུག་མེད་པ་བཤད་འདུག  ད་དུང་ Ling  Songtian གིས་སྐབས་དེར་གསར་འགོད་པ་རྣམས་ལ་༸གོང་ས་མཆོག་དང་འབྲེལ་བའི་གནད་དོན་ཐད་ལ་འགྲེལ་བརྗོད་བྱེད་པར།  ང་ཚོ་རྒྱ་ནག་གཞུང་ནས་ཏཱ་ལའི་བླ་མ་མཆོག་ལ་དགོན་ཁང་རྒྱག་ཡོད་རེད། འོན་ཀྱང་ཁོང་བཙན་བྱོལ་ལ་ཕེབས་ནས་ངོས་ལེན་མེད་པའི་གཞུང་འཛིན་ནས་བཞུགས་ཡོད་པ་སོགས་འགྲེལ་བརྗོད་བྱས་འདུག གཞི་རྩའི་ ༢༠༠༩ ནས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀར་ཆིབས་སྒྱུར་བསྐྱང་མ་ཐུབ་པའི་གནད་དོན་ཐད་རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་མེད་དངོས་ར་འཕྲོད་པ་བྱུང་མེད་ཀྱང་།  ད་ལན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Ling  Songtian ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་ཐད་ངོ་རྒོལ་བྱེད་ཀྱི་ཡོད་པ་ཁ་གསལ་ཆགས་ཡོད་པ་རེད། འདིའི་བར་ན། ལྷོ་ཨཕ་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Clayson Monyela ལགས་ནས་IOL བརྒྱུད་ལམ་དེའི་ཐོག་ནས་ལྷོ་ཨ་ཕི་རི་ཀའི་གཞུང་ནས་༸གོང་ས་མཆོག་ལ་མཐོང་ཆེན་འབུལ་ཕྱོགས་ཐད་རྒྱ་གཞུང་ལ་བསྟུན་མཁས་གནང་གི་ཡོད་སྐོར་གསུངས་བའི་བཀའ་མོལ་ལ་ངོས་ལེན་རྩ་བ་ནས་མེད་སྐོར་གསུངས་པ་དང་སྦྲགས། ང་ཚོའི་ཕྱི་འབྲེལ་སྲིད་བྱུས་དེ་བཞིན་རང་དབང་ཅན་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གཙོས་པའི་རྒྱལ་ཁབ་སུ་གཅིག་གིས་གནོན་ཤུགས་འོག་འགྲོ་དགོས་ཀྱི་མེད་པ་གསུངས་འདུག ད་དུང་ལྷོ་ཨ་ཕི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Clayson Monyela ལགས་ནས་འདས་པའི་ལོ་ཤས་ནང་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་མ་ཐུབ་པའི་སྐོར་ལ་གསལ་བཤད་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་གཞུང་ནས་ད་བར་༸གོང་ས་མཆོག་ལ་མཐོང་ཆེན་མ་ཕུལ་བ་རྩ་བ་ནས་བྱུང་མེད་ཅིང་། ༸གོང་ས་མཆོག་གིས་ ༢༠༡༡ དང་ ༢༠༡༤ སོ་སོར་ཐེངས་གཉིས་རིང་ལ་མཐོང་ཆེན་ཞུས་ཡོད་ཀྱང་། སྐབས་གཉིས་ཀར་༸གང་ཉིད་མཆོག་གི་༸སྐུ་སྒེར་ལས་བྱེད་ནས་མར་ཕྱིར་འཐེན་གནང་པ་རེད་མ་གཏོགས། ང་ཚོས་༸སྐུ་ཉིད་ལ་མཐོང་ཆེན་མ་ཕུལ་བ་མིན། ང་ཚོ་ལྷོ་ཨ་ཕི་རི་ཀའི་གཞུང་ནས་༸གོང་ས་མཆོག་གིས་མཐོང་ཆེན་ཞུ་གི་ཡོད་ན་དེ་ལ་ག་དུས་ཡིན་ཡང་འཚམས་འདྲི་ཡོད་ཅེས་གསུངས་འདུག ལྷོ་ཨ་ཕི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ལ་ད་ལན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Ling  Songtian ནས་༸གོང་ས་མཆོག་ལ་ངོ་རྒོལ་ཡོད་པའི་སྐད་ཆ་བཤད་ཡོད་པའི་ཐད་ལ་ཁོང་ནས་དགོངས་ཚུལ་ཇི་ཡོད་བཅར་འདྲི་ཁག་ཅིག་ཞུས་པ་ཡིན།   རྩ་བའི་ད་བར་འདས་པའི་ལོ་ལྔ་ནང་མཐོང་ཆེན་ (VISA) གནད་དོན་རྐྱེན་པས་༸གོང་ས་མཆོག་ལྷོ་ཨ་ཕི་རི་ཀའི་ནང་དུ་ཆིབས་སྒྱུར་བསྐྱང་ཐུབ་མེད་པ་རེད།  

༸གོང་ས་མཆོག་གིས་ཨེ་ཤེ་ཡའི་གྲོགས་པོ་ཚོས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་བྱ་དགོས་པ་བཀའ་བསྩལ་བ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་ཡོངས་སུ་ལེགས་པར་གྲུབ་པ་དང་བསྟུན།  ཉིན་རྒྱབ་ཏུ་ཨེ་ཤེ་ཡ་ཁུལ་ནས་ཆེད་བཅར་ཞུས་པའི་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་དང། ལྷོ་ཤར་ཨེ་ཤེ་ཡའི་ནང་པ་གཙོས་པའི་ཆོས་ཞུ་བ་  ༧༠༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་ཏེ་ནང་ཆོས་ནི་ང་ཚོར་གསར་པ་ཞིག་མིན་པས་དེ་ལ་བསླབ་པ་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པར་བཀའ་བསྩལ་འདུག དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་དད་ལྡན་ཆོས་ཞུ་བ་ཚོས་ད་ལན་གྱི་ས་གནས་སུ་མཐུན་རྐྱེན་ལེགས་མིན་ལ་མ་ལྟོས་པར་གལ་ཆེ་དོན་ཆེར་འཛིན་ཏེ་ཆོས་འབྲེལ་ཞུ་བ་ཕེབས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་མཛད་པ་དང་འབྲེལ། ཆོས་ནི་ང་ཚོར་གསར་པ་ཞིག་མིན་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་མཚུངས་ཤིག་ཆགས་ཀྱི་ཡོད་སྟབས།  དེའི་ཐོག་ལ་བསླབ་པ་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པའི་གཞེན་སྐུལ་གྱི་བཀའ་བསྩལ་འདུག  མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་༸གང་ཉིད་མཆོག་གི་མཛད་ཁུར་གསུམ་པོའི་ཐོག་ལ་བཀའ་སློབ་གནང་པ་མ་ཟད། ལྷག་དོན་ཨེ་ཤེ་ཡའི་གྲོགས་པོ་ཚོས་བོད་ཀྱི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དོ་སྣང་བྱ་དགོས་པའི་དམིགས་བསལ་གྱི་བཀའ་བསྩལ་མཛད་འདུག གཞན་ཡང་༸གོང་ས་མཆོག་གིས་སྦེལ་ཀོད་བོད་མིའི་གཞིས་སྒར་གྱི་བོད་མི་འགན་གྲས་ ༦༠ སྐོར་ཞིག་ལ་ཟུར་མཇལ་དང་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་ཁྱེད་ཚོ་ད་ཆ་མི་ཚེ་རྫོགས་མཚམས་སུ་སླེབས་ཡོད་པ་དང་། འཆི་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཞིག་ཡིན་སྟབས། འཚོ་སྡོད་རིང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུ་ནི་ཆེས་ཤིན་ཏུ་གལ་འགངས་ཆེ་ཞིང་།  ཁྱེད་ཚོའི་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་གསུང་པའི་ཆོས་ལ་སློབ་གཉེར་བྱ་དགོས་པ་མ་ཟད།  དེ་བཞིན་ཚེ་ཕྱི་མ་ལའང་སངས་རྒྱས་ཀྱི་ཆོས་དང་མཇལ་རྒྱུ་ཡོང་བའི་སྨོན་ལམ་འདེབས་དགོས་གལ་ཆེ་བ་དང་།  འཆི་བའི་སྐབས་སུའང་ཚེ་ཕྱི་མའི་ཆེད་བློ་བཟང་པོའི་ཕྱོགས་སུ་བསམ་བློ་གཏོང་དགོས་པ་རེད་ཅེས་བཀའ་སློབ་བསྩལ་འདུག རྩ་བའི་མགོན་པོ་མཆོག་གིས་ཐེངས་འདིའི་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་ཞུ་བར་ཆེད་བཅར་ཞུས་པའི་ཆོས་ཞུ་བ་ཚོ་དང་ལྷན་སྐུ་པར་མགྲོན་པ་དང། སྐབས་དེར་༸གང་ཉིད་མཆོག་ནས་ཆོས་ཞུ་བ་ཚོར་དེང་སྐབས་སྤྱི་ཚོགས་ནང་སྤྲོད་བཞིན་པའི་ཤེས་ཡོན་སློབ་གསོ་ཁག་ནི་གཙོ་བོ་ཕྱིའི་དངོས་པོ་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། སློབ་གསོ་དེས་འགྲོ་བ་མིའི་སྤྱི་ཚོགས་བདེ་སྐྱིད་དང་ལྡན་པ་བསྐྲུན་རྒྱུར་གདང་ངེས་མེད་པ་ཞིག་རེད་ཅེས་བཀའ་གནང་པ་དང་སྦྲགས།  ཚང་མས་ནང་སེམས་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུའི་ཐོག་འབད་བརྩོན་བྱ་དགོས་གལ་དང་། གལ་ཏེ་དེ་འདྲ་ཞིག་བྱུང་ཚེ་འཛམ་བུ་གླིང་འདི་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པར་བཀའ་བསྩལ་འདུག

ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་ནས་མུ་མཐུད་ལས་འགན་བཞེས་དགོས་པའི་ཐག་གཅོད་བྱུང་འདུག

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཐག་གཅོད་གནང་ཡང། ཉིན་གཉིས་གོང་དུ་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུས་ཛ་དྲག་གི་ཚོགས་འདུ་ཞིག་གི་ཐོག ད་ལྟའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་ནས་ལས་འགན་མུ་མཐུད་བཞེས་དགོས་པའི་ཐག་གཅོད་བྱུང་འདུག དེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་དབར་ལ་ཚོགས་པའི་ལངས་ཕྱོགས་དང་འབྲེལ་བའི་ཐོག་ལ་མི་མཐུན་པའི་གནས་ཚུལ་ལྷག་རྗེས། ད་དབར་གྲོས་མ་འཆམ་པ་དང་འགྲིག་འཇགས་མ་བྱུང་བའི་རྐྱེན་གྱིས་ཟླ་བ་འདིའི་ཚེས་ ༡༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ནས་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཐག་གཅོད་གནང་བའི་གནས་ཚུལ་བྱུང་ཡོད་སྟབས། ཁ་ཉིན་ཚེས་ ༢༦ ཉིན་ད་ལྟའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ཀྱིས་གཙོས་པའི་རྒྱུན་ལས་བཅུ་གཅིག་ནས་ས་གནས་སུ་ཛ་དྲག་གི་ཚོགས་འདུ་ཤིག་བསྐོང་ཚོགས་གནང་འདུག་པ་མ་ཟད།  ལྷག་པར་དུ་ཚོགས་འདུ་དེའི་ཐོག་ནས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུ་དེ་དགོས་ཀྱི་ཡོད་མེད་ཀྱི་གནད་དོན་ཐོག་འོས་བསྡུའི་ལམ་ནས་མང་ཚོགས་ནས་ཐག་གཅོད་གནང་འདུག འོས་བསྡུ་གནང་པའི་སྐབས་དེར་ཟུར་དཔང་དུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་བེུད་ཚོགས་པ། དེ་བཞིན་ཆུ་བཞི་སྒང་དྲུག་བཅས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྐུ་ཚབ་ཁག་ཅིག་གདན་ཞུ་གནང་འདུག་པ་དང། སྐབས་དེར་འོས་འཕེན་མཁན་མི་གྲངས་ ༣༦༠ ནས་ ༣༤༢ གིས་ད་ལྟའི་རྒྱུན་ལས་ནས་ལག་འགན་མུ་མཐུད་བཞེས་དགོས་པའི་ཐག་གཅོད་བྱུང་འདུག ད་ལྟའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ལ་བཅར་འདྲི་ཁག་ཅིག་ཞུས་པ་ཡིན། ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ཀྱིས་ཛ་དྲག་གི་ཚོགས་འདུ་དེའི་ཐོག་ནས་མང་ཚོགས་ལ་གཞོན་ནུའི་སྒྲིག་འཛུགས་དེ་བཞིན་ཐོག་མར་སྤྱི་ཚོགས་ལ་ཕན་པ་སྒྲུབ་རྒྱུ་དང་རང་གི་གཞུང་ལ་དབུ་འོག་དཔུང་འདེགས་སོགས་ཞུ་ཆེད་གསར་བཙུགས་གནང་པ་ཞིག་ཡིན་རུང། བར་སྐབས་མི་རེ་ཟུང་གིས་སྒྲིག་འཛུགས་ལས་རང་ཉིད་གལ་ཆེ་བར་བརྩི་ནས།  ཚོགས་པ་གལ་ཆེ་འདི་སྤྱི་ཚོགས་དང་གཞུང་དང་བར་ཐག་རིང་དུ་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་གསུང་གནང་འདུག་པ་མ་ཟད། ལྷག་པར་དུ་ད་ཆ་དབུས་བོད་ཀྱི་གཞོན་ནུས་ས་གནས་ཀྱི་རྒྱུན་ལས་ཁང་གནས་སྐབས་རིང་སྒོ་རྒྱག་རྒྱུའི་གནས་ཚུལ་ལས་འཕྲོས་ཏེ། སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཡོང་གི་ཡོད་སྟབས། ཁོང་གི་ཚོགས་འདུ་དེའི་ཐོག་ནས་ནན་བརྗོད་དང་འབྲེལ། ད་ལྟའི་རྒྱུན་ལས་རྣམས་ནས་གཞོན་ནུའི་སྒྲིག་འཛུགས་ལ་མ་འགྲིག་པ་ཞུས་ཀྱི་མེད་ཅིང། གཙོ་བོ་ད་ལྟའི་དབུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་དང་ཐག་གཅོད་གནང་ཕྱོགས་ཐད་ནས་འགྲིག་གི་མེད་སྐོར་ཞུས་ཡོད་པའི་གསལ་བཤད་གནང་འདུག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ད་ལྟ་ཨ་རིའི་ Seattle གྲོང་ཁྱེར་དུ་ཕེབས་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་ཁོང་དང་འབྲེལ་ཞུ་ཐབས་བྱས་ཀྱང་འབྲེལ་བ་ཞུས་ཐུབ་མ་སོང། གཞི་རྩའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་དྲུང་ཆེ་བཀྲིས་ལམ་བཟང་ལགས་རྣམ་གཉིས་ཀྱིས་གཙོས་པའི་དབུས་རྒྱུན་ལྔ་ད་ལན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་གནད་དོན་འདིའི་ཆེད་དམིགས་བསལ་གྱིས་ཨ་རིར་ཆེད་ཕེབས་གནང་ཡོད་པ་དང། ལྷག་པར་དུ་ཟླ་བ་འདིའི་ཚེས་ ༡༦ ཉིན་ཡོངས་ཁྱབ་གསལ་བསྒྲགས་གཅིག་གི་ཐོག་ནས། ད་བར་ཕྱོགས་གཉིས་དབར་ལ་འདུམ་འགྲིག་ཡོང་ཐབས་བྲལ་རྐྱེན། ས་གནས་ཀྱི་རྒྱུན་ལས་ཁང་གནས་སྐབས་རིང་སྒོ་རྒྱག་རྒྱུའི་ཐག་གཅོད་གནང་པ་དང་དུས་མཚུངས་སུ་ ད་ལྟའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་རྩིས་ལེན་རྩིས་སྤྲོད་ཀྱི་ལས་རིམ་དེ་ ༢༠༡༦ ཟླ་ ༡ ཚེས་ ༢༠ སྔོན་དུ་བསྒྲུབ་དགོས་ཀྱི་འདུག་པ་དང། མ་འོངས་པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུའི་རྒྱུན་ལས་གསར་པ་བསྐོ་གཞག་མ་བསྒྲུབ་བར། ཚོགས་སྒེར་སུ་རུང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་དང་མཚན་དར། ལས་རྟགས་དང་ལས་དམ་སོགས་བེད་སྤྱོད་བྱ་མི་ཆོག་པ་ནན་བརྗོད་དང་འབྲེལ། གལ་སྲིད་དེ་ལྟར་བེད་སྤྱོད་གཏང་མཁན་བྱུང་ཚེ་འགན་འཁུར་ཡོངས་རྫོགས་དོ་བདག་རང་ཉིད་ལ་འཁུར་དགོས་པ་བཅས་བརྗོད་འདུག

རེས་གཟའ་མིག་དམར། ༢༠༡༥།༡༢།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཨེ་ཤི་ཡའི་གྲོགས་པོ་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་སྣང་དགོས་པ་གསུངས་འདུག རྒྱལ་སྤྱིའི་ཐོག་ཆེས་དགའ་ཤོས་ཀྱི་དབུ་ཁྲིད་ཨང་བདུན་པ་༸གོང་ས་མཆོག་འདེམས་ཐོན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་རྒྱུན་ལས་ནས་མུ་མཐུད་ལས་འགན་བཞེས་རྒྱུའི་ཐག་གཅོད། བསྟན་འཛིན་དོན་འགྲུབ་ལགས་ལ་ཊོ་རན་ཊོ་བོད་ཀྱི་ཕོ་གསར་གྱི་རྒྱལ་ཁ་ཐོབ་པ། གླུ་གཞས་ལེ་ཚན། འཛམ་གླིང་ནང་ཉི་མ་གཅིག Tuesday 29/12/2015 Dalai Lama urges Asian devotees to take interest in protecting Tibet’s ecology Dalai Lama named 7th most admired man in the world in 2015 NY/NJ RTYC to resume office despite Centrex decision to close Tenzin Dhondup wins first ever Mr. Tibet Toronto title MUSIC FEATURE: ‘Zambuling Na Nyima Chik’ by group of exile singers

བསྟན་འཛིན་དོན་གྲུབ་ལགས་སུ་ཆེས་ཐོག་མའི་ཊོ་རན་ཊོ་བོད་ཀྱི་ཕོ་གསར་གྱི་བྱ་དགའ་ཐོབ་འདུག

ཁེ་ན་ཌའི་ཊོ་རན་ཊོ་བོད་ཀྱི་ཕོ་གསར་འགྲན་བསྡུར་ཁྲོད་ཁེ་ན་ཌའི་ནང་བཅའ་བཞུགས་བོད་རིགས་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་སུ་ཨང་དང་པོའི་བྱ་དགའ་ཐོབ་ཡོད་པ་རེད།   དེ་ཡང་ཟླ་བ་འདིའི་ཚེས་ ༢༦ ཉིན་ཁེ་ན་ཌར་ཁུལ་དེའི་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག ཆེས་ཐོག་མའི་འདི་ལོའི་ཊོ་རན་ཊོ་བོད་ཀྱི་ཕོ་གསར་གྱི་འགྲན་བསྡུར་གནང་འདུག་པ་དང། འགྲན་བསྡུར་དེའི་ཁྲོད་ཆེ་བསྟོད་ཀྱི་རྒྱལ་ཁའི་ཨང་རིམ་དང་པོ་དེ་བཞིན་བལ་ཡུལ་ནས་ཁེ་ན་ཌར་སྐྱབས་བཅོལ་དུ་ཕེབས་པའི་བོད་རིགས་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ལ་ཐོབ་འདུག གཞི་རྩའི་ཐེངས་འདིའི་ཊོ་རན་ཊོ་བོད་ཀྱི་ཕོ་གསར་ཞེས་པའི་འགྲན་བསྡུར་དེའི་ནང་། ཁུལ་དེར་གནས་སྡོད་བྱེད་བཞིན་པའི་བོད་རིགས་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་དང་དཔལ་ལྡན་སེང་གེ་ལགས།  སངས་རྒྱས་སྐྱབས་ལགས། དེ་བཞིན་རིག་འཛིན་ཕུར་པ་ཚང་ལགས་དང་བཀྲ་ཤིས་ཆོས་འཕེལ་ལགས་བཅས་རྣམ་པ་ལྔ་ནས་མཉམ་ཞུགས་གནང་འདུག་པ་མ་ཟད། ཁོང་རྣམས་ནས་ཀྱང་སྐབས་དེའི་འགྲན་བསྡུར་གྱི་ལས་རིམ་ཁྲོད། བོད་དང་དེང་དུས་ཀྱི་ཆས་གོས་སྤྲས་ཏེ་འགྱིང་འགྲོས་ཉམས་འགྱུར་དང་།  གཟུགས་བྱད།  དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཐད་ལ་འདྲི་བརྩད་གནང་རྒྱུ་དང་གླུ་གཞས་སོགས་བརྒྱུད་རང་ཉིད་ཀྱི་སྒྱུ་རྩལ་སྟོན་རྒྱུ་སོགས་རིམ་པ་ལྔའི་ཐོག་ལ་འགྲན་བསྡུར་གནང་འདུག ཆེས་ཐོག་མའི་ཊོ་རན་ཊོ་ Toronto  བོད་ཀྱི་ཕོ་གསར་བསྟན་འཛིན་དོན་གྲུབ་ལགས་ནས། ཁོང་རང་ཉིད་རྒྱུན་དུ་རྩེད་མོ་དང་ལུས་སྦྱོང་རིགས་ལ་དགའ་པོ་ཡོད་སྟབས།  འགྲན་བསྡུར་ནང་ཞུགས་སྐབས་དམིགས་བསལ་གྱི་དཀའ་ངལ་དེ་ཙམ་འཕྲད་མེད་པ་མ་ཟད། ད་ལན་གྱི་བོད་ཀྱི་ཕོ་གསར་ཞེས་པའི་རྒྱལ་ཁ་ཐོབ་པ་དེས་ཁོང་རང་ཉིད་ལ་ཆུང་དུས་ནས་བོད་ཀྱི་རྩ་དོན་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས་བསམ་པའི་དམིགས་ཡུལ་ཡོད་པ་བཞིན་དུ་དམིགས་ཡུལ་དེ་དང་སེམས་ཐག་ཉེ་རུ་འགྲོ་བའི་སྒེར་ཚོར་བྱུང་སྐོར་སོགས་གསུངས་ཀྱི་འདུག Toronto བོད་ཀྱི་ཕོ་གསར་ཞེས་པའི་འགྲན་བསྡུར་དེ་གོ་སྒྲིག་གནང་པའི་དམིགས་ཡུལ་གཙོ་བོ་ནི། ཁུལ་དེར་གནས་སྡོད་བྱེད་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་རྣམ་པ་གོང་མཐོར་སྤེལ་ཐབས་གཙོས་པའི་བོད་ཀྱི་ཐོུང་མ་ཡིན་པའི་རྐང་བྲོ་གླུ་གཞས་སོགས་སྲོལ་རྒྱུན་གྱི་རིག་གཞུང་རྣམས་ཁུལ་དེའི་མང་ཚོགས་རྣམས་ལ་ཁྱབ་སྤེལ་གནང་ཐུབ་ཐབས་སོགས་ཡིན་འདུག   རྩ་བའི་ཐེངས་འདིའི་ཊོ་རན་ཊོ་བོད་ཀྱི་ཕོ་གསར་གྱི་འགྲན་བསྡུར་གྱི་ཟུར་དཔང་ཁོངས་སུ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་རྣམ་རྒྱལ་སྒྲོལ་དཀར་ལགས་དང་། བྱང་ཨ་རིའི་བོད་ཀྱི་ཕོ་གསར་གྱི་རྟགས་མ་བཞེས་མྱོང་མཁན་བློ་བཟང་ཚུལ་ཁྲིམས་ལགས། དེ་བཞིན་དཔེ་གསར་སྒྱུ་རྩལ་བ་བསྟན་འཛིན་གཞན་ཕན་ལགས་བཅས་རེད་འདུག

Latest news