Tibetan Royal Year of 2151 | Year of the Wood Dragon

བོད་དོན་སྐད་འབོད་བྱས་རྐྱེན་ཀིརྟི་དགོན་གྱི་གྲྭ་གཞོན་གསུམ་འཛིན་བཟུང་།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

ཟླ་བ་འདིའི་ཟླ་སྟོད་དུ་བོད་མདོ་སྨད་རྔ་པ་ཀིརྟི་རྫོང་དུ་བོད་དོན་སྐད་འབོད་ཀྱི་གནས་ཚུལ་སྔ་རྗེས་ཁྲོད་ཀིརྟི་དགོན་གྱི་གྲྭ་གཞོན་གསུམ་འཛིན་བཟུང་བྱས་འདུག

དེའང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་༩ ཚེས་༥ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་གཞོན་རྡོ་རྗེ་རབ་བརྟན། རང་ལོ་ ༢༣ ཡས་མས་ཡིན་པ་ཁོང་གིས་རྔ་བའི་རྫོང་མཁར་ནས་བོད་དོན་སྐད་འབོད་བྱས་པས་སྐབས་ཐོག་དེར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙད་ཁྲིད་བྱས་ཏེ་ད་ལྟ་བཀག་ཉར་བྱས་ཡོད་འདུག

ཡང་ཕྱི་ལོ་༢༠༡༨ ཟླ་༩ ཚེས་༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་གཞོན་བསྟན་འཛིན་དགེ་ལེགས། རང་ལོ་༡༨ ཡིན་པ་ཁོང་གིས་རྔ་པའི་རྫོང་མཁར་ནས་བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་པར། དེ་མ་ཐག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟ་བཀག་ཉར་བྱས་ཡོད་འདུག ཁོང་གིས་སྐད་འབོད་མ་བྱས་གོང་དུ་སྔ་ཕྱི་བྱས་ནས་རྩོམ་ཡིག་གཉིས་བྲིས་ཏེ་སྐད་འཕྲིན་སྟེང་བཞག་ཡོད་པ་དང་། རྒྱུན་དུ་སྨྱུག་མིང་ལ་ས་རིན་ཞེས་བཀོལ་ནས་རྩོམ་ཐུང་མང་པོ་འབྲི་མཁན་ཞིག་ཀྱང་ཡིན་འདུག

དེ་མིན་ཕྱི་ཟླ་༩ ཚེས་ཤར་ལ་རྔ་པའི་རྫོང་མཁར་ནས་གྲྭ་པ་གཞན་ཞིག་གིས་ཀྱང་བོད་དོན་སྐད་འབོད་བྱས་པས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་ཡོད་ནའང་། མིང་སོགས་ད་བར་ཤེས་རྟོགས་བྱུང་མིན་འདུག་ལ། ད་ལྟའི་འཆར་གྲྭ་གཞོན་དེ་དག་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སྐོར་ལ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་པ་རེད་འདུག

ཡང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་མུ་མཐུད་འགྲེལ་བརྗོད་གནང་དོན་ལྟར་ན། ཕྱི་ལོ་༢༠༡༥ ལོར་རྔ་པའི་རྫོང་མཁར་ནས་བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་རྐྱེན་འཛིན་བཟུང་གིས་ལོ་གཉིས་དང་གསུམ་སོགས་ལོ་དུས་འདྲ་མིན་གྱི་བཙོན་འཇུག་ཐག་གཅོད་བྱས་པའི་བཙོན་པ་རྣམས་རིམ་བཞིན་ལོ་དུས་ཚང་ནས་གློད་གྲོལ་གཏོང་བཞིན་ཡོད་ཀྱང་། ཡུལ་ཚོའི་ཉེན་རྟོག་ཁང་གིས་སློབ་གསོ་གཏོང་དགོས་ལུགས་ཀྱིས་བདུན་ཕྲག་གཅིག་ཙམ་ལ་བསྐྱར་དུ་བཀག་ཉར་བྱས་ཏེ་གཏོང་གི་མེད་པའི་ཚུལ་ཡོང་གི་ཡོད་པ་རེད་འདུག དཔེར་ན། འདི་ལོའི་ཕྱི་ཟླ་༩ ཚེས་༡༧ ཉིན་གློད་གྲོལ་ཐོབ་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་རྨེའུ་རུ་མའི་ཡུལ་ཚོའི་ཉེན་རྟོག་ཁང་དུ་ཉིན་ལྔའི་རིང་བཀག་ཉར་བྱས་ཡོད་པ་དང་། དེ་མིན་རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱང་གོང་བཞིན་ཕྱི་ཟླ་༩ ནང་གློད་གྲོལ་ཐོབ་ཡོད་ཀྱང་རྨེའུ་རུ་མའི་ཡུལ་ཚོའི་ཉེན་རྟོག་ཁང་དུ་བདུན་ཕྲག་གཅིག་རིང་བསྐྱར་དུ་བཀག་ཉར་བྱས་འདུག

གཞན་ཡང་ཆབ་སྲིད་བཙོན་པ་མང་པོ་ཞིག་ཕྱི་ཚུལ་དུ་ལོ་དུས་ཚང་རིམ་བཞིན་གློད་གྲོལ་ཐོབ་ཀྱང་རྔ་པ་རྫོང་གསང་བའི་ལས་ཁུངས་དང་ཉེན་རྟོག་ཁང་གིས་དུས་ངེས་མེད་དུ་སྐད་བཏང་སྟེ་འདྲི་བརྩད་སྣ་ཚོགས་བྱེད་པ་དང་། རྫོང་ཁག་གཞན་པ་ཙམ་ལ་འགྲོ་བར་ཡང་ཁོང་ཚོ་ལ་སྔོན་ནས་བཤད་དགོས་པར་མ་ཟད། ཁོང་ཚོའི་འདོད་པ་མ་མཐུན་པ་བཀག་འགོག་བྱེད་པ། དེ་སྔོན་སློབ་གྲྭ་ཆེན་མོ་ཐོན་པ་སོགས་ཤེས་ལྡན་མི་སྣ་ཡིན་ཡང་གཞུང་འབྲེལ་གྱི་ལས་ཁུངས་ཙམ་མ་ཟད། སྒེར་ངོས་ནས་ཤེས་ཡོན་གྱི་ལས་ཀ་བྱས་པ་ཙམ་ལ་ཡང་སུན་གཙེར་སྣ་ཚོགས་བྱེད་པ། དགོན་པ་གཅིག་པ་དང་སྡེ་བ་གཅིག་པའི་ནང་ཆབ་སྲིད་དང་འབྲེལ་བའི་སྐད་འབོད་སོགས་བྱུང་སྐབས་ཁོང་ཚོ་ལ་དམིགས་བསལ་དོགས་གཞིའི་འོག་སུན་པོ་བཟོ་བ། ཚོང་ལས་སོགས་སྒེར་གྱི་འཚོ་ཐབས་འདྲ་མིན་གཉེར་སྐབས་གཞུང་གིས་ཆོག་མཆན་ཐོབ་དགོས་རིགས་ལ་དམིགས་བསལ་གྱིས་སྡང་པོ་བྱེད་པ། ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་ཕར་ཞོག་ཐོ་འགོད་ཙམ་ཡང་བྱེད་མི་འཇུག་པ་དང་། དེའི་ཕ་མ་སྤུན་མཆེད་དག་ལ་ཡང་ཕྱི་བསྐྱོད་ལག་འཁྱེར་སྤྲད་པར་དེ་འབྲེལ་གྱིས་དཀའ་ཁག་བཟོ་བ་སོགས་སྤྱི་དམངས་ཤིག་ལ་ཡོད་པའི་གཞི་རྩའི་ཐོབ་ཐང་ཕལ་མོ་ཆེ་རྩ་མེད་དུ་གཏོང་གི་ཡོད་པ་སོགས་ཀྱི་དཀའ་ངལ་སྣ་མང་མི་ཚེ་གང་བོར་མྱོང་དགོས་པ་ལྟ་བུར་གྱུར་ཡོད་པ་རེད་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།