Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་གཞུང་ཞབས་བགྲེས་ཡོལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དེ་སྔ་བཙན་བྱོལ་བོད་གཞུང་ནང་ཞབས་ཕྱི་ཞུས་ནས་བགྲེས་ཡོལ་དུ་ཕེབས་པའི་སྲི་ཞུ་ལས་བྱེད་ ༣༣ ལ་ལེགས་སྐྱེས་རྗེས་དྲན་ཚུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་གསོལ་སྩལ་མཛད་པ་དང་འབྲེལ། ཁྱེད་རང་ཚོས་བོད་མི་རིགས་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་སུ་ཞབས་ཕྱི་ཧུར་ཐག་ཞུས་པར་དགའ་ཚོར་བྱེད་དགོས་པ་དང་། ཚེ་ཕྱི་མར་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ཐོག་བོད་ཆོས་ལྡན་ཞིང་ཁམས་སུ་གཏན་གཏན་སྐྱེ་ངེས་རེད་ཅེས་བཀའ་སྩལ་འདུག
རྩ་བའི་གཞུང་ཞབས་སྲི་ཞུ་བ་བགྲེས་ཡོལ་དུ་ཕེབས་མཁན་ཚོར་ལེགས་སྐྱེས་སུ་གནང་སྲོལ་ཡོད་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེས་གཉན་འཕྲང་ཆེ་བའི་གནས་སྟངས་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་སྲི་ཞུའི་ཞབས་ལོ་ ༢༠ སོན་རིགས་ལ་གནང་སྲོལ་ཡོད་པའི་ཕྱག་རྟགས་ཤིག་ཡིན་པ་རེད།
དེ་རིང་སྔ་དྲོ་༸གོང་ས་མཆོག་གི་སྐུ་མདུན་རང་ནས་སྲོང་བཙན་སྒམ་པོའི་སྐུ་བརྙན་བཞེས་རྒྱུའི་ཆེད་བཅར་བའི་གཞུང་ཞབས་ཟུར་པ་དེ་དག་ཞབས་ལོ་ ༢༠ ནས་ ༤༠ བར་སྲི་ཞུའི་ཕྱག་ལས་གནང་མཁན་ཤ་སྟགས་ཆགས་ཀྱི་འདུག་པ་མ་ཟད། དེ་རིང་ཁོང་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་སྐྱེས་རྗེས་དྲན་དུ་ཆོས་རྒྱལ་སྲོང་བཙམ་སྒམ་པོའི་སྐུ་བརྙན་གསོལ་སྩལ་མཛད་པ་དང་སྦྲགས། ཁྱེད་རང་ཚོས་བོད་མི་རིགས་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་སུ་ཞབས་འདེགས་ཧུར་ཐག་ཞུས་ནས་མི་ཚེ་དོན་དང་ལྡན་པ་སྐྱེལ་ཡོད་པ་དེར་དགའ་སྤོབས་བྱེད་དགོས་པ་ཞིག་དང། ཚེ་ཕྱི་མར་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ཐོག་བོད་ཆོས་ལྡན་ཞིང་ཁམས་སུ་གཏན་གཏན་སྐྱེ་ངེས་རེད་ཅེས་བཀའ་སྩལ་བཟང་པོ་མཛད་འདུག
༸གོང་ས་མཆོག་གིས་དེ་སྔ་བོད་མི་ཚོ་བཙན་བྱོལ་བའི་དུས་སྐབས་དྲན་གསོ་མཛད་པ་དང་འབྲེལ། བོད་མི་མང་ཚོགས་ནས་༸གང་ཉིད་མཆོག་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་ཞུ་བཞིན་ཡོད་ནའང་། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་མིན་མི་ཤེས་ཀྱང་། གང་ལྟར་འཕགས་པ་སྤྱན་རས་གཟིགས་དང་ཐུན་མིན་གྱི་འབྲེལ་བ་ཆེན་པོ་ཆགས་ཡོད་སྐོར་བཀའ་སྩལ་འདུག
༸གོང་ས་མཆོག་གིས་དུས་ཡུན་སྐར་ ༤༥ ལྷག་གི་བཀའ་སློབ་སྩལ་བའི་ཁྲོད་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བྱུང་བའི་ཆོས་དང་རིག་གཞུང་གི་གལ་གནད་དང། དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་དེ་སྔ་བོད་དེ་བསིལ་བུ་ཐོར་ཡོད་ཀྱང། བོད་ཀྱི་བཀའ་བསྟན་ནང་ཡོད་པའི་བོད་ཀྱི་སྐད་ཡིག་དེས་བོད་ཆོལ་ཁ་གསུམ་ད་བར་ཆིག་སྒྲིལ་ངང་གནས་ཐུབ་ཡོད་པ་བཀའ་སྩལ་བ་དང་ཆབས་ཅིག འཛམ་གླིང་འདིའི་ཐོག་ཇི་སྲིད་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་མཚན་མཐོང་ཆེ་རུ་འགྲོ་བ་དེ་སྲིད་དུ་བོད་མི་རིགས་ཀྱི་སྤོབས་པ་དེ་ཆེ་རུ་འགྲོ་ངེས་ཡིན་པ་བཀའ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།