Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྨན་པའི་སློབ་སྦྱོང་གནང་མཁན་ཚོར་བུན་གཡར་གནང་གཏན་འཁེལ་བ།

དེ་རིང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པའི་ཐོག་དཔལ་འབྱོར་ལས་ཁུངས་དང་དེ་འབྲེལ་ལས་ཁུངས་ཁག་གི་ལོ་འཁོར་སྔོན་རྩིས་གཏན་འབེབས་དང་ལས་དོན་གནང་ཕྱོགས་ཐོག་བགྲོ་གླེང་གནང་སྐབས་དཔལ་འབྱོར་བཀའ་བློན་མཆོག་གིས་གངས་ལྔོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་ཐོག་ལན་འདེབས་གསལ་བཤད་གནང་བ་དང་སྦྲགས། Education Loan འམ་ཤེས་ཡོན་དང་འབྲེལ་བའི་བུན་གཡར་ལས་གཞི་འོག་ད་ལྟའི་ཆར་ཁྱད་ལས་ཁོངས་ནས་སྨན་པའི་སློབ་སྦྱོང་གནང་མཁན་ཚོར་བུན་གཡར་གྱི་སློབ་ཡོན་གནང་གཏན་འཁེལ་ཡོད་པ་གསུངས་སོང་།སྤྱི་འཐུས་ཁག་ཅིག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབས་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་བུན་གཡར་གྱི་ལས་གཞི་ཁག་ཅིག་སྤེལ་བཞིན་ཡོད་པ་དང་། བུན་གཡར་དེ་བཞིན་ང་ཚོའི་མ་འོངས་སོན་རྩ་སློབ་ཕྲུག་ཚོའི་ཤེས་ཡོན་ཐོག་བུན་གཡར་གནང་རྒྱུའི་དགོངས་པ་བཞེས་དགོས་པའི་རེ་སྐུལ་ཞུས་སོང་བ་ལྟར། དཔལ་འབྱོར་བཀའ་བློན་མཆོག་གིས་སྤྱིར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་རྒྱ་གར་གྱི་ཁྲིམས་སྒྲིག་གཞིར་བཟུང་འགྲོ་དགོས་སྟབས་ད་ལྟའི་ཆར་དངུལ་ཁང་རང་གི་ངོ་བོར་ཆགས་མེད་ཀྱང་། མ་འཛུགས་ཀྱི་ལས་གཞི་ཁག་གནང་མུས་ཡིན་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་ཤེས་རིག་ལས་ཁུངས་དང་གོ་བསྡུར་ཞུས་ནས་ཤེས་ཡོན་དང་འབྲེལ་བའི་བུན་གཡར་ལས་གཞི་འོག་ཁྱད་ལས་ཁོངས་ནས་སྨན་པའི་ཐོག་སློབ་སྦྱོང་གནང་མཁན་ཚོར་བུན་གཡར་གྱི་སློབ་ཡོན་གནང་གཏན་འཁེལ་ཡོད་པ་གསུངས་ཡོད།   སྤྱི་འཐུས་ཁག་ཅིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་མི་མང་ནས་མ་འཛུགས་ཇི་ལྟར་གནང་དགོས་པ་དང་། བུན་གཡར་སྐབས་སུ་ཆ་རྐྱེན་གང་དག་དགོས་པ་སོགས་ཀྱི་ཐོག་བཀའ་དྲི་ཁག་ཅིག་ཞུས་པར་བཀའ་བློན་མཆོག་གི་ངོས་ནས་མ་འཛུགས་གནང་མཁན་ཇི་ཙམ་བྱུང་ཡང་དགའ་བསུ་ཡོད་པ་དེ་ལྟར་ཡང་། མ་འཛུགས་ཀྱི་དངུལ་དེ་དག་ངེས་པར་དུ་ཁྲིམས་དང་མཐུན་པ་ཞིག་དགོས་གལ་དང་། རྒྱ་གར་གཞུང་གི་ཚོང་དོན་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་གཞིར་བཟུང་མ་ཤེར་བདག་དབང་གི་ལག་འཁྱེར་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།  དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བེུད་ནུས་སྟོབས་གོང་འཕེལ་ཚན་པ་དང་འབྲེལ་ནས་ཚན་པའི་ངོས་ནས་བོད་པའི་སྤྱི་ཚོགས་ཁྲོད་བེུད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་ཟབ་སྦྱོང་ཁག་ཅིག་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས། ཚན་པར་ཆེད་འཛུགས་གནང་བའི་རིན་མེད་ཁ་པར་འབྲེལ་མཐུད་བརྒྱུད་བེུད་ཀྱི་བེད་སྡུག་ཞུ་མཁན་ག་ཚོད་བྱུང་ཡོད་དམ་ཞེས་སོགས་བཀའ་འདྲི་ཞུ་མཁན་བྱུང་ཡོད།  དཔལ་འབྱོར་ལས་ཁུངས་དང་དེ་འབྲེལ་ཚན་པ་ཁག་གི་ལོ་འཁོར་སྔོན་རྩིས་གཏན་འབེབས་ཟིན་པའི་རྗེས་སུ་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་སྔོན་རྩིས་གཏན་འབེབས་དང་དེ་འབྲེལ་ལས་དོན་ཁག་གི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ལ་ལས་འདས་པའི་ཟླ་ཤས་ཁྲོད་སྤྱི་ཚོགས་ནང་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཁག་ཅིག་བྱུང་བ་དེ་དག་ལ་སྲིད་སྐྱོང་མཆོག་གིས་དབུས་པའི་འཛིན་སྐྱོང་བཀའ་ཤག་ནས་གདོང་ལེན་གནང་ཕྱོགས་ཐད་བཀའ་འདྲི་གནང་མཁན་བྱུང་སོང་། སྤྱི་འཐུས་ཁག་ཅིག་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་སུ་ཡིན་མིན་ལ་དབྱེ་བ་མེད་པར་ཚང་མར་ངོ་རྒོལ་གཅིག་མཚུངས་གནང་དགོས་པའི་དགོངས་འཆར་གནང་བར་ཆོས་རིག་བཀའ་བློན་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་གནང་མུས་ཐོག་མུ་མཐུད་ནས་དེ་ལྟར་གནང་རྒྱུའི་དགོངས་བཞེས་ཡོད་ཅེས་གསུངས་ཡོད། ཆོས་རིག་ལས་ཁུངས་ནས་མ་འོངས་པར་༸གོང་ས་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོ་རྣམས་བོད་མིའི་གནས་ཡུལ་གཞིས་ཆགས་ཁག་ཏུ་ས་གནས་སོ་སོའི་སྐད་ཡིག་ཐོག་ཕབ་སྒྱུར་གནང་སྟེ་འགྲེམས་སྤེལ་གནང་གལ་ཡིན་པ་དང་ལྷག་པར་དུ་དེ་སྔ་བླ་ཆེན་རྣམ་པའི་ཚོགས་ཆེན་ཐོག་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་སྩལ་བའི་བཀའ་སློབ་ཁག་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་གནང་གལ་ཡིན་སྐོར་གསུངས་མཁན་བྱུང་ཡོད།དེང་སྐབས་བཙན་བྱོལ་ནང་གི་དགོན་སྡེ་ཁག་ཏུ་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་བོད་རིགས་གྲྭ་བཙུན་ནང་འཛུl་ཞུགས་གནང་མཁན་ཧ་ཅང་ཉུང་ངུ་ཆགས་བཞིན་ཡོད་པའི་གནད་དོན་སྐོར་གླེང་སློང་གནང་སྐབས་ཆོས་རིག་བཀའ་བློན་མཆོག་གིས་གནད་དོན་དེ་དངོས་འབྲེལ་ཡིན་པ་དང་། ད་ལྟའི་ཆར་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་གྲངས་འབོར་མང་ཉུང་ལ་མ་ལྟོས་པར་ད་ཡོད་པ་རྣམས་ལ་སྤུས་ཚད་ལྡན་པ་ཞིག་ཡོང་བར་འབད་བརྩོན་ཞུ་བཞིན་ཡོད་པར་གསུངས་སོང་།གཞན་ཡང་སྤྱི་འཐུས་རྣམ་པས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ལས་དོན་དང་འབྲེལ་ཏེ་དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་དང་བོད་ནས་ཕེབས་པའི་ཁ་འཐོར་ས་གནས་ཁག་ཏུ་བཞུགས་པའི་གྲྭ་བཙུན། དེ་བཞིན་དགེ་བཤེས་མའི་བསླབ་པ་སློབ་གཉེར་གནང་ཟིན་ཁག་གི་ནུས་པ་སྔར་ལྷག་རྒྱ་སྐྱེད་གནང་བར་རོགས་རམ་གནང་དགོས་པའི་གཞེན་སྐུལ་གནང་ཡོད།གཞི་རྩའི་དེ་རིང་གི་གྲོས་ཚོགས་ལས་ཉིན་ཐོག་དཔལ་འབྱོར་ལས་ཁུངས་དང་ཆོས་རིག་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༡་༢༠༢༢ ལོའི་ཕྱོགས་བསྡོམས་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་ཁག་གཏན་འཕེབས་གནང་སྟེ་ཚོགས་དུས་མཐའ་མའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ལས་དོན་ཐོག་ཕེབས་ཡོད།

མགོ་ལོག་རྨ་ཆེན་རྫོང་གི་བོད་མི་ཞིག་ལ་ལོ་གཅིག་གི་ཁྲིམས་ཆད།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན། མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་བོད་མི་བཀྲ་ཤིས་རྒྱལ་ཞུ་བ་ཞིག་ལ་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་མིང་གི་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་འདུགHuman defender  ཞེས་པའི་རྒྱ་ཡིག་གི་དྲ་རྒྱའི་ནང་དུ་གནད་དོན་འཁོད་པ་ལྟར་ན།  རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འབྲོག་མི་བཀྲ་ཤིས་རྒྱལ་ལགས་སྔར་ལོའི་ཟླ་བ་༥ བའི་ཚེས་ ༣༠ ཉིན་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་ སུ་ཟླ་བ་ ༡༠ བའི་ཚེས་ ༡༣ ཉིན་མགོ་ལོག་རྨ་ཆེན་རྫོང་གི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་ཁོང་གིས་ཕྱི་ལོ་ ༢༠༡༤ དང་༢༠༡༥ ལོར་སྔ་རྗེས་སུ་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་༸གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་པར་བཞག་ཡོད་པ་མ་ཟད། ད་དུང་དྲ་ཐོག་ནས་ཁྲིམས་འགལ་རང་བཞིན་གྱི་པར་རིས་དང་མགོན་པོ་གང་གི་གསུང་བཤད་སོགས་ཕབ་ལེན་གྱིས་སྐད་འཕྲིན་གྱི་ནང་དུ་བརྒྱུད་སྤེལ་བྱས་ཡོད་པར་བསྙད་དེ། གནད་དོན་དེ་དག་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། དེ་བཞིན་ས་ཁོངས་ཀྱི་ཆིག་སྒྲིལ་བཅས་ལ་ཉེན་ཚབ་བཟོས་ཡོད་པའི་ཉེས་མིང་གི་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་འདུག དྲ་གནས་སུ་འཁོད་པའི་ནང་།  རྒྱ་ནག་གིས་བོད་མི་བཀྲ་ཤིས་རྒྱལ་ལགས་སུ་ཉེས་འཛུགས་བྱས་པའི་ཁོངས་སུ་༸གོང་ས་མཆོག་དང་སྲིད་སྐྱོང་གཉིས་ཀྱི་སྐུ་པར་བརྒྱུད་འགོད་བྱས་པ་མ་ཟད། ལོ་གསར་དང་སྟབས་བསྟུན་གྱིས་བོད་རང་བཙན་དང་འབྲེལ་བའི་གངས་སེང་ཅན་གྱི་བོད་ཀྱི་རྒྱལ་དར་དྲ་ཚོམས་སུ་སྐུར་བ་དང་། དེ་བཞིན་༸གོང་ས་མཆོག་བོད་ཏུ་ཕྱིར་ཕེབས་ཀྱི་རེ་སྒུག་སོགས་ཀྱི་བརྙན་སྐུར་བ་སོགས་ཀྱི་ཉེས་འཛུགས་ཀྱང་བྱས་ཡོད་པར་འཁོད་འདུག དེ་བཞིན་གསར་ཁང་གིས། མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་བཀྲ་ཤིས་རྒྱལ་ལགས་ལ་ཁྲིམས་ཐག་བཅད་པའི་གནད་དོན་དེ་གསང་བའི་སྒོ་ནས་ཐག་བཅད་ཡོད་སྟབས་མང་ཚོགས་ཀྱི་ཁྲོད་ནས་གནད་དོན་དེ་ཤེས་རྟོག་མ་ཐུབ་པར་ལུས་ཡོད་པ་དང་། རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱི་བཀྲ་ཤིས་རྒྱལ་ལགས་ཀྱི་ལགས་ཀྱི་ཁ་པར་ཡང་གཞུང་བཞེས་བཏང་ཡོད་པར་འཁོད་འདུག གཞི་རྩའི་ས་བྱི་ལོའི་བོད་མིའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། རྒྱ་ནག་གིས་བོད་ཁུལ་ཡོངས་སུ་དམ་དྲག་གི་སྲིད་བྱུས་ཇེ་དོམ་དང་བཏང་བ་དང་། དེ་བཞིན་བོད་ཁུལ་དུ་དངུལ་དངོས་ཀྱི་བསླུ་བྲིད་ཀྱི་བོད་མི་ནང་ཁུལ་དུ་ཡང་གསང་མྱུལ་བ་རྩ་འཛུགས་ཀྱིས་བོད་དང་འབྲེལ་བའི་ལས་གཞི་ཁག་གམར་ཤོག་སྲིད་གཞུང་ལ་ཡར་ཞུ་བྱས་ཚེ་བྱ་དགའ་སྤྲོད་རྒྱུའི་ལས་གཞི་རྒྱ་བསྐྱེད་བྱས་པ་བརྒྱུད་ནས། བོད་ཁུལ་དུ་ཕྱོགས་གཅིག་ནས་བོད་དོན་ཀྱི་ལས་འགུལ་རིགས་སྤེལ་རྒྱུ་ཁག་པོ་ཆགས་ཡོད་པ་དང་། དེ་བཞིན་གནད་དོན་གང་ཞིག་བྱུང་ཡང་ཕྱི་ལོག་ཏུ་གནད་དོན་བརྒྱུད་སྤྲོད་བྱེད་རྒྱུར་ཉེན་ཁ་ཆེན་པོ་ཆགས་ཡོད་སྟབས། ཉེ་བའི་ལོ་འགའི་རིང་བོད་ནང་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་བོད་ཕྱི་ལ་རག་རྒྱུ་ཁག་པོ་ཆགས་ཡོད་པ་མ་ཟད། མཐའ་མཚམས་བཀག་རྒྱ་སོགས་ཀྱི་རྐྱེན་གྱིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྒྱུ་ཡང་ཧ་ཅང་དཀའ་ཁག་ཆེ་བའི་གནས་སུ་ལྷུད་ཡོད་པའི་ཁྲོད། བོད་ནང་གི་རང་ལས་མེར་བསྲེགས་ཀྱི་མཚོན་པའི་གནད་དོན་དང་འབྲེལ་བའི་ལས་འགུལ་ཆེ་འབྲིང་ཆུང་གསུམ་མི་མངོན་པའི་དབྱིངས་སུ་ལྷག་ཡོད་པ་རེད།

བདེ་ལེགས་སྨན་ཁང་ལ་གཉན་རིམས་བཅུ་དགུའི་སྔོན་ཁབ་བརྒྱབ་རྒྱུར་བཀའ་འཁྲོལ་ཐོབ་པ།  

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ལ་གདོང་ལེན་སླད་ད་ལྟའི་ཆར་རྒྱ་གར་ནང་གཞུང་སྒེར་གཉིས་ཀྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རྒྱག་བཞིན་པ་དང་། དེའི་ཁྲོད་ཉེ་ལམ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་ལ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་མང་ཚོགས་ལ་སྔོན་ཁབ་བརྒྱབ་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་པ་རེད། སྤྱིར་ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་དེ་ལོ་ན་ ༦༠ ཡན་དང་དེ་བཞིན་ ༤༥ ཡན་གང་ཞིག་ལ་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་རིགས་ལ་བརྒྱབ་དང་རྒྱག་མུས་ཡིན་པ་རེད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོར་གཞིགས་ཚེ་ད་བར་བོད་མིའི་འདུ་སྡོད་ཁག་ཏུ་གནས་བཞུགས་བོད་མིའི་ཞལ་གྲངས་ ༡༦༢༥ ཙམ་ལ་གཉན་རིམས་ཕོག་ཡོད་པ་དང་། དེའི་ཁྲོད་བོད་མི་ ༤༥ འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་བ་དེ་ལྟར་ཡང་། དྲག་སྐྱེད་བྱུང་བ་ ༡༥༤༩  དང་དེ་བཞིན་ད་ལྟ་ནད་ཀྱིས་མནར་བཞིན་པ་ ༣༡ ཆགས་ཀྱི་ཡོད་པ་རེད།རྒྱ་གར་ནང་སྔོན་ཁབ་དབུ་འཛུགས་གནང་བ་ནས་ད་བར་མདུན་བསྐྱོད་ཞབས་ཞུ་བ་མི་གྲངས་ ༦༨༡ དེ་བཞིན་བོད་མི་ལོ་ན་ ༦༡ ཡན་དང་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་མི་གྲངས་ ༦༦༠༧ བཅས་ཁྱོན་མི་གྲངས་ ༧༢༨༨ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད་པ་རེད།

སྔོན་རྩིས་གཏན་འབེབས་ཀྱི་ལས་དོན་ཁྲོད་དབུས་འོས་བསྡུ་ལས་ཁང་ལ་བཀའ་འདྲི་ཁག་ཅིག་ཕེབས་པ།

དེ་རིང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཞི་པའི་ཚོགས་དུས་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡༌༢༢ ལོའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཡོད་པ་དང་། སྐབས་དེར་དབུས་འོས་བསྡུ་ལས་ཁང་གི་སྔོན་རྩིས་གཏན་འབེབས་ཀྱི་ལས་དོན་ཁྲོད་འགྲོ་བཞིན་པའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ལ་བཀའ་འདྲི་ཁག་ཅིག་ཕེབས་སོང་། སྤྱི་འཐུས་ཁག་ཅིག་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ཁྲོད་འཛིན་སྐྱོང་བཀའ་ཤག་ནས་ས་གནས་འགོ་འཛིན་ཁག་ཅིག་གནས་སྤོར་བཏང་པའི་གནད་དོན་དང་དེ་བཞིན་སྲིད་སྐྱོང་མཆོག་གི་ལས་ཡུན་ཚང་ལ་ཉེ་བའི་སྐབས་སུ་ཐོན་མཇལ་དུ་ཕེབས་སྲོལ་ཡོད་པ་དེ་འོས་བསྡུའི་སྐབས་སུ་ཕེབས་མི་དགོས་པ་གནང་དགོས་པའི་གཞེན་སྐུལ་གནང་ཡོད་པ་རེད། སྤྱི་འཐུས་ལ་ལས་འོས་བསྡུའི་དེབ་སྐྱེལ་བྱེད་སྐབས་དང་འོས་གྲངས་གསལ་བསྒྲགས་གནང་སྟངས། དེ་བཞིན་ཆོས་བརྒྱུད་དང་འབྲེལ་བའི་འོས་ཤོག་གཙོས་འོས་བསྡུའི་ལས་རིམ་ཁག་ཅིག་གྲ་སྒྲིག་ཚགས་ཚུད་བྱུང་མེད་པའི་དགོངས་ཚུལ་དང་བཀའ་འདྲི་ཁག་ཅིག་ཞུས་ཡོད། སྤྱི་འཐུས་ཁག་ཅིག་ནས་ཏོག་དབྱིབས་ཀྱི་ཛ་དྲག་གནས་སྟངས་ཁྲོད་འོས་བསྡུ་ལས་ཁང་ནས་ཕྱག་ལས་ཡག་པོ་གནང་ཡོད་པའི་བསྔགས་བརྗོད་གནང་མཁན་ཡང་བྱུང་སོང་བར་མ་ཟད། སྤྱི་ཡོངས་ནས་འོས་བསྡུའི་སྒྲིག་གཞི་འདི་གྲོས་ཚོགས་ནས་གཏན་འབེབས་གནང་བ་ཞིག་ཡིན་སྟབས་གྲོས་ཚོགས་འཐུས་མི་ཚོས་དེར་དགོངས་པ་བཞེས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་གསུང་མཁན་ཡང་བྱུང་ཡོད།འོན་ཀྱང་གྲོས་ཚོགས་ནང་དབུས་འོས་བསྡུ་ལས་ཁང་གི་སྐུ་ཚབ་མེད་ཙང་སྤྱི་འཐུས་རྣམ་པའི་བཀའ་འདྲི་ཁག་འཛིན་སྐྱོང་བཀའ་ཤག་བརྒྱུད་དབུས་འོས་བསྡུ་ལས་ཁང་ལ་སྙན་སེང་ཞུས་ཏེ་གྲོས་ཚོགས་ཀྱི་ལས་ཉིན་རྗེས་མའི་སྐབས་སུ་ལན་འདེབས་གསལ་པོ་ཞིག་གྲོས་ཚོགས་སུ་ཕེབས་རྒྱུ་ཡིན་སྟབས། དེ་རིང་དབུས་འོས་བསྡུ་ལས་ཁང་གི་སྔོན་རྩིས་གཏན་འབེབས་མ་ཐུབ་པར་སྒོ་ཕྱེ་ནས་བཞག་དགོས་བྱུང་ཡོད། དེ་རིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་སྔོན་རྩིས་གཏན་འབེབས་གནང་སྐབས་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྔོན་རྩིས་ལས་དོན་དང་འབྲེལ་སྤྱི་འཐུས་ཁག་ཅིག་ནས་སྲིད་སྐྱོང་མཆོག་གིས་ལས་ཡུན་ལོ་བཅུ་ཙམ་འགྲོ་བཞིན་པའི་ཁྲོད་དེར་བལ་ཡུལ་དུ་ཕེབས་མེད་སྟབས། ཡོང་རྒྱུའི་དུས་ཡུན་ནང་བལ་ཡུལ་དུ་ཕེབས་འཆར་ཡོད་དམ་ཞེས་དང་བལ་ཡུལ་ནང་ཡོད་པའི་སྐྱབས་བཅོལ་བོད་མི་ཚོར་འཕྲད་བཞིན་པའི་ཁྲིམས་མཐུན་གྱི་ཡིག་ཆ་དང་འཚོ་ཐབས་སོགས་ཀྱི་དཀའ་ངལ་ཐད་སྒྲིག་འཛུགས་ནས་གཟིགས་སྐྱོང་གང་འདྲ་གནང་ཡོད་མེད་སོགས་བཀའ་འདྲི་ཁག་ཅིག་ཞུས་སོང་། སྲིད་སྐྱོང་མཆོག་ནས་ད་བར་སྲིད་སྐྱོང་གི་ངོ་བོའི་ཐོག་ནས་བལ་ཡུལ་ནང་ཕེབས་མ་ཐུབ་པ་དེར་བློ་ཕམ་ཆེན་པོ་གནང་ཡོད་པ་དང་། དེ་ཡང་རྐང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་ནས་སྲིད་སྐྱོང་གིས་དབུས་པའི་བོད་མིའི་དབུ་ཁྲིད་དགུ་བལ་ཡུལ་ནང་ཕེབས་མི་ཆོག་པའི་དམ་དྲག་བྱས་པའི་དབང་གིས་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། སྲིད་སྐྱོང་མཆོག་སྐུ་སྒེར་ཕེབས་མ་ཐུབ་ཀྱང་བཀའ་ཤག་གི་བཀའ་བློན་ཁག་ཅིག་བལ་ཡུལ་དུ་ཕེབས་ཏེ་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་སོགས་གནང་ཡོད་སྐོར་གསུངས་ཡོད།སྲིད་སྐྱོང་མཆོག་ནས་བལ་ཡུལ་ནང་སྡོད་ཁང་དང་འཚོ་ཐབས་དཀའ་ངལ་ཡོད་མཁན་ཚོར་Katmandu རྒྱལ་སའི་ཁུལ་དུ་སྡོད་ཁང་གསར་རྒྱག་བྱེད་རྒྱུ་དེ་ཆབ་སྲིད་སོགས་ཀྱི་གནས་བབ་གང་གི་ཆ་ནས་ཁག་པོ་ཞིག་ཆགས་ཡོད་སྟབས་བལ་ཡུལ་བྱམས་པ་གླིང་དང་། རྒྱ་གར་ནང་གཞིས་སྤོར་གནང་འདོད་ཡོད་མཁན་ཚོར་སྡོད་ཁང་གནང་རྒྱུའི་ལས་གཞི་ཞིག་ནང་སྲིད་ལས་ཁུངས་བརྒྱུད་གསལ་བསྒྲགས་གནང་ཟིན་ཡོད་པ་སོགས་གསུངས་སོང་། དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་བལ་ཡུལ་ནང་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་འཛུགས་ཐབས་གནང་དགོས་པའི་འབོད་སྐུལ་གནང་བ་དང་། སྦར་སིལ་སྐུ་ཚབ་དོན་གཅོད་དང་པེ་རི་སི་བོད་ཁང་ཐེབས་རྩའི་སྔོན་རྩིས་ལས་དོན་དང་འབྲེལ་ས་གནས་ཁག་ཏུ་བོད་དོན་ལས་འགུལ་སྤེལ་མཁན་ལ་བསྔགས་བརྗོད་དང་མ་འོངས་པར་འཛིན་སྐྱོང་གི་ངོས་ནས་ཕྱི་རྒྱལ་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཤུགས་སྣོན་བྱེད་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་ཡོད།དེ་རིང་གི་གྲོས་ཚོགས་ལས་རིམ་ཐོག་སྔོན་རྩིས་ལས་དོན་དང་འབྲེལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་དེའི་ཡན་ལག་ལས་ཁང་ཁག་བཅས་ཀྱི་རྩིས་ལོ་ ༢༠༢༡ ནས་༢༠༢༢ ལོའི་ཕྱོགས་བསྡོམས་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་ཁག་གཏན་འབེབས་གནང་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ལས་དོན་ཐོག་ཕེབས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་ལས་ཁུངས་སུ་བཅར་མཁན་ཚོས་བོད་ཆས་སྤྲས་དགོས་པའི་གྲོས་ཆོད།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་ ༥ པའི་ཐོག་ བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚོས་གཙོས་པའི་དབུས་ས་ཡན་ལག་དང་བཅས་པའི་སྲི་ཞུ་བ་ཕོ་མོ་ཁྱད་མེད་ཀྱིས་ཉིན་ལྟར་ལས་ཁུངས་སུ་བཅར་སྐབས་བོད་ཆས་སྤྲས་དགོས་པ་དང་བོད་སྐད་གཙང་མ་རྒྱག་དགོས་པ། དེ་བཞིན་ལས་ཁུངས་ཁག་ལ་བཅར་མཁན་བོད་མི་སྐྱ་སེར་སུ་རུང་ལའང་དེ་དེ་བཞིན་གྱི་གཞེན་སྐུལ་གནང་དགོས་པའི་གྲོས་ཆོད་ཅིག་མང་མོས་ཀྱིས་གཏན་འབེབས་གནང་སོང་།དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་ཐེངས་དང་པོའི་ལས་རིམ་དེ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཐོག་ཕེབས་པ་དང་འབྲེལ་ནས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་སྒེར་གྱི་གྲོས་ཆོད་གྲོས་འཆར་བསྣམས་པར་ད་ཕན་རང་རེ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པའི་སྲི་ཞུ་བ་སུ་འདྲ་ཞིག་ཡིན་རུང་ཕོ་མོ་ཁྱད་མེད་ཀྱིས་ཉིན་ལྟར་ལས་ཁུངས་སུ་བཅར་སྐབས་བོད་ཆས་སྤྲས་དགོས་པ་དང་བོད་སྐད་གཙང་མ་རྒྱག་དགོས་པ། དེ་བཞིན་ལས་ཁུངས་ཁག་ལ་བཅར་མཁན་བོད་མི་སྐྱ་སེར་སུ་རུང་ལའང་དེ་དེ་བཞིན་གྱི་གཞེན་སྐུལ་གནང་དགོས་ཞེས་འཁོད་ཡོད་པ་ལྟར། དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གིས་གཙོས་པའི་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་སྟེ་གྲོས་ཆོད་ཀྱི་ཚིག་བརྗོད་ལ་འགྱུར་བ་ཕྲན་བུ་གནང་མཐར་མང་མོས་ཀྱིས་གཏན་འབེབས་གནང་ཡོད། སྐབས་དེར་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གཉིས་ཀྱི་ངོས་ནས་བོད་བཙན་པོའི་དུས་སྐབས་ནས་བཟུང་བོད་ཀྱི་ཆས་གོས་དར་སྲོལ་དང་། ཆས་གོས་ཀྱི་དཔའ་ཉམས་བཅས་ཞིབ་རྒྱས་སུ་ངོ་སྤྲོད་གནང་བ་དང་འབྲེལ། བཙན་བྱོལ་རང་དབང་ལུང་པར་བཞུགས་པའི་བོད་མི་རྣམས་ནས་བོད་ཆས་ལེགས་པོ་སྤྲད་ཀྱི་མེད་པ་དང་གཞིས་བཞུགས་བོད་མིས་བོད་ཆས་ལེགས་པོ་སྤྲས་པའི་སྐུ་པར་ལྷན་བསྒྲིགས་ཀྱིས་བློ་འཚབ་ཡོད་པའི་རྣམ་པ་ཆེད་བཏོན་གནང་བ་མཇལ་རྒྱུ་ཡོད་པ་དང་། ལྷག་དོན་བཞུགས་སྒར་དྷརྨ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ལྟ་བུར་མཚོན་ན་སྲི་ཞུ་བའི་ཁོངས་ནས་སྐུ་སྐྱེད་མ་ཚོས་སྔར་ནས་ད་བར་བོད་ཆས་འཐུས་ཚང་སྤྲ་བཞིན་ཡོད་ཀྱང་། སྐྱེད་པ་ཚོས་བོད་ཆས་མ་སྤྲས་པའི་གནས་སྟངས། གཞི་རིམ་མང་ཚོགས་ཀྱི་ཐུགས་རེ་དང་སྲི་ཞུ་བའི་འགན་འཁྲི། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་གནད་དོན་མངོན་གསལ་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་དབུ་ཁྲིད་རྣམས་མང་ཚོགས་ཀྱི་མིག་དཔེ་ཡར་ལྟ་ཞུ་ཡུལ་ཞིག་ཡིན་སྟབས་གྲོས་ཆོད་དེ་ཆེད་བཏོན་གནང་བཞིན་ཡོད་པ་གསུངས་ཡོད།སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་འཆར་ལ་རྒྱབ་སྐྱོར་གནང་བ་དང་འབྲེལ་ནས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གངས་སྐྱིད་ཡོངས་རྫོགས་སྲོལ་རྒྱུན་གྱི་རྣམ་པ་ཆེད་བཟོ་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་རེས་གཟའ་ལྷག་པ་ནམ་ཡིན་ལ་སྲིད་སྐྱོང་སྐུ་ཉིད་ནས་བོད་ཆས་སྤྲས་པ་དང་དེ་བཞིན་སྲི་ཞུ་བ་གཞན་ཚོར་དེ་ལྟར་སྤྲས་དགོས་པའི་སྐུལ་མ་གནང་ཡོད་པར་གསུངས་སོང་།སྤྱི་འཐུས་གཞན་ཁག་གིས་རྩ་བའི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཞུས་ཡོད་ཀྱང་གྲོས་འཆར་གྱི་ཚིག་བརྗོད་ནང་དུ་ཁམས་གཙང་ཞེས་པའི་ཐ་སྙད་དེ་ཕྱག་བསྟར་གནང་སྐབས་ངལ་བ་འཕྲད་སྲིད་པར་བརྟེན་ཚིག་བརྗོད་དེ་ཕྱིར་འཐེན་གནང་དགོས་པ་དང་། སྲི་ཞུ་བ་ཙམ་མ་ཡིན་པར་མཛད་གཙོ་རྣམ་པ་ལའང་དེ་མཚུངས་ཐུགས་འགན་ཡོད་སྟབས་ཚིག་བརྗོད་ཀྱི་ནང་དུ་དེ་ལྟར་འཁོད་དགོས་པའི་སྐོར་གླེང་སློང་གནང་བ་དང་འབྲེལ་གྲོས་ཆོད་གཏན་འབེབས་སྐབས་ཚིག་བརྗོད་ལ་འགྱུར་བ་ཕྲན་བུ་གནང་ཡོད་པ་རེད།དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་གྲོས་འཆར་ལ་རྒྱབ་སྐྱོར་གནང་ཡོད་པ་དེ་ལྟར་ཡང་། སྒྲིག་གཞི་ཞིག་གི་ཐོག་ནས་མ་ཡིན་པར་མ་སྐུལ་དང་བླངས་ཀྱིས་རང་མི་རིགས་ཀྱི་ཆས་གོས་ལ་སྤོབས་པ་དང་བཅས་སྤྲས་དགོས་གལ་ཡིན་པར་གཟིགས་སྐོར་གསུངས་པ་དང་རང་ཉིད་ཀྱི་ཚོར་བའི་ཐོག་ནས་དེ་ལྟར་གནང་གནད་ཡིན་པར་གསུངས་སོང་།སྤྱི་འཐུས་ཤིག་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་བཅར་སྐབས་ཕྱི་རྒྱལ་མི་སྣ་སོགས་སུ་ཡིན་རུང་གྱོན་ཆས་འཐུས་ཚང་སྤྲས་དགོས་པའི་སྐུ་མ་གནང་གལ་སྐོར་གསུངས་ཡོད།རྩ་བའི་དེ་རིང་སྔ་དྲོའི་ཚོགས་ཐེངས་གཅིག་སྤྱིར་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཐོག་ཕེབས་པའི་རྗེས་སུ་ཉིན་འཁྱོངས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཡོད།

ཨ་རི་དང་རྒྱ་ནག་དབར་ཚོར་བ་རྣོ་བའི་བསམ་ཚུལ་མི་མཐུན་པའི་ཐོག་ཆེས་ཐོག་མའི་བགྲོ་གླེང་།  

ཁ་སང་ཨ་རི་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་དབར་དངོས་ཐུག་གིས་གྲོས་མོལ་ཐོག་མ་དེ་གནང་སྟེ་ཕྱོགས་གཉིས་ཀྱི་དབར་ཚོར་བ་རྣོ་བའི་བསམ་ཚུལ་མི་མཐུན་པའི་གནད་དོན་ཁག་ཅིག་འབུར་འདོན་གནངའདུགའདས་པའི་གཟའ་འཁོར་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Tony Blinken ལགས་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་ Jake Sullivan གཉིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་བཅས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དུ་ཐེངས་དང་པོའི་གཞུང་འབྲེལ་སྐོར་བསྐྱོད་གནང་རྗེས་ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་རྣམ་གཉིས་ཀྱིས་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ Alaska ནང་དུ་རྒྱ་ནག་དབུས་ཕྱི་འབྲེལ་ལས་ཁང་གི་འགན་འཛིན་ Yang Jiechi དང་ཕྱི་སྲིད་བློན་ཆེན་ Wang Yi གཉིས་དངོས་ཐུག་གིས་གྲོས་མོལ་ཐོག་མ་དེ་གནང་འདུགགྲོས་མོལ་དེའི་ཐོག་ཨ་རིའི་གཞུང་འཛིན་ལྷན་ཁང་གསར་པའི་ངོས་ནས་རྒྱ་གཞུང་གིས་རྒྱ་ནག་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བརྒྱུད་མང་ཚོགས་ཐོག་ཆེས་དྲག་གནོན་བྱས་པའི་ཐད་ལ་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་ཁ་གཏད་གཅོག་རྒྱུ་ཡིན་པར་བསྐྱར་ནན་གནང་བར་མ་ཟད། རྒྱ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཁག་ལ་འགན་འཁུར་བྱེད་དགོས་པ། གྲོས་མོལ་བརྒྱུད་རྒྱ་གཞུང་ནས་སྲིད་འཛིན་བྷ་ཌན་མཆོག་གི་གཞུང་འཛིན་ལྷན་ཁང་གི་དམིགས་དོན་དང་ཐབས་ལམ་ཇི་ཡོད་སོགས་རྟོགས་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུགཕྱོགས་གཉིས་དབར་གྱི་ཉིན་གཉིས་ཀྱི་མཇལ་མོལ་དེ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྱི་དབུས་སུ་འགོ་འཛུགས་བྱས་ཡོད་པ་དང་སྐབས་དེར་སྐུ་ཞབས་ Joe Biden མཆོག་གིས་ཐེངས་འདིའི་གྲོས་མོལ་ཐོག་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་གཙོས་ཧོང་ཀོང་དང་ཐེ་ཝན་བཅས་ཀྱི་ནང་ཆེས་དྲག་ཤུགས་བེད་སྤྱོད་བྱེད་བཞིན་པར་སེམས་འཚབ་ཀྱི་རྣམ་པ་ཆེད་སྟོན་གནང་བ་དང་ཆབས་ཅིག རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་མིན་པར་ཨ་རི་ལ་འགན་ཡོད་པ་ཞིག་ཆགས་ཡོད་པར་བརྟེན་གནད་དོན་དེ་དག་ཐོག་གླེང་རྒྱུ་ཡིན་སྐོར་གསུངས་འདུགདེ་བཞིན་ Biden མཆོག་གིས་ཁོང་ནས་དེ་སྔ་ཞུས་ཟིན་པ་ལྟར་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་ཡིན་ཀྱང་ཕན་ཚུན་དབར་མཉམ་ལས་ཐོག་ནས་གནང་རྒྱུ་དང་འབྲེལ། འདས་པའི་ཉིན་གཉིས་ཀྱི་གྲོས་མོལ་ཐོག་ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ཨ་རིའི་ངོས་ནས་དམིགས་བསལ་བློ་འཚབ་གནང་ཡུལ་དང་གལ་འགངས་ཆེ་ཤོས་ཀྱི་གནད་དོན་ཁག་ཐེར་འདོན་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏང་རྒྱུར་ཤུགས་སྣོན་བརྒྱག་རྒྱུ་ཡིན་པར་གསུངས་འདུགཚོུད་གཅིག་གི་མཇལ་མོལ་དེའི་ཐོག་ Yang Jiechi ཡིས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྐྱོན་བརྗོད་དང་འབྲེལ་ཏེ་ཨ་རི་གཞུང་གིས་ཡུལ་དེའི་མི་རིགས་ནག་པོའི་ཐོག་ལ་དྲག་གནོན་བྱེད་བཞིན་ཡོད་པར་སྐྱོན་འཛུགས་བྱས་ཡོད་པ་དང་། ཨ་རིའི་ངོས་ནས་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་དེ་མིན་གནད་དོན་གཞན་ཁག་ཅིག་གི་ཐོག་ལམ་ལུགས་དང་མི་མཐུན་པའི་སྐྱོན་བརྗོད་བྱེད་བཞིན་ཁག་ལ་རྒྱ་ནག་ནས་ངོས་ལེན་མེད་སྐོར་བཤད་ཡོད་པ་རེད།

Tufts གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གིས་ཁུང་རྩི་སློབ་གླིང་སྒོ་བརྒྱབ་རྒྱུ།

བྷོས་ཊོན་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཚོགས་པ་གཞན་ཁག་ཅིག་གིས་འདས་པའི་བདུན་ཕྲག་ ༡༣ རིང་ལས་འགུལ་བསྟུད་མར་སྤེལ་བའི་ཁྲོད་ཨ་རིའི་ Massachusetts མངའ་སྡེ་ནང་ཆགས་པའི་ Tufts གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གི་ཁུངས་རྩི་སློབ་གླིང་དང་འབྲེལ་ཐག་གཅོད་རྒྱུའི་གསལ་བསྒྲགས་གནང་འདུག ཁ་སྔོན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་བསྒྲགས་ཤིག་སྤེལ་བར་བྷོས་ཊོན་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཡུ་གུར་དང་ཧོང་ཀོང་།  ཐེ་ཝན། རྒྱ་རིགས་ཚོགས་པ་རྣམས་ཀྱིས་ Tufts གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་དང་ལྷན་དུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་པ་དང་།  བོད་ལ་བཙན་འཛུལ་བྱས་པ། ཧོང་ཀོང་གི་མང་གཙོར་རྡོག་རོལ་གཏོང་ཁག་གི་བྱ་སྤྱོད་ཁག་ལུང་འདྲེན་གྱིས་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གི་ཁུང་རྩི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ལས་འགུལ་སྤེལ་ཡོད་པ་དང་། ལྷག་པར་དུ་ཉེ་ལམ་རེས་གཟའ་སྤེན་པའི་ཉིན་སྤེལ་བའི་ལས་འགུལ་ཐོག་གྲོང་ཁྱེར་དང་མངའ་སྡེའི་སྐུ་ཚབ་ཚོས་མཉམ་ཞུགས་གནང་ཡོད་སྟབས། ད་ཆ་གཙུག་ལག་སློབ་གཉེར་ཁང་དེས་ཁུང་རྩི་སློབ་གླིང་ཁང་སྒོ་བརྒྱབ་འཆར་གྱི་གསལ་བསྒྲགས་གནང་ཡོད་པར་བརྗོད་འདུགའདས་པའི་རེས་གཟའ་སྤེན་པའི་ཉིན་ཚོགས་པ་དེ་དག་གིས་གཙུག་ལག་སློབ་གཉེར་ཁང་གི་ཕྱི་ཕྱོགས་སུ་ལས་འགུལ་སྤེལ་སྐབས་ས་གནས་དང་མངའ་སྡེའི་སྐུ་ཚབ་ Sarah Phillips ལགས་ཀྱིས་གཙོས་པའི་ Somerville གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མི་ Ben Ewen-Campen ལགས།  དེ་བཞིན་མངའ་སྡེའི་སྐུ་ཚབ་ Erika Uyterhoeven ལགས་སོགས་ནས་མཉམ་ཞུགས་གནང་འདུག་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཚོགས་པ་དེ་དག་གིས་གནད་དོན་དེ་དང་འབྲེལ་ནས་ Tufts གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོ་ Anthony Monaco ལགས་དང་ཨ་རི་གྲོས་ཚོགས་འཐུས་མི་ཁག་ཅིག ས་གནས་ཀྱི་སྤྱི་ཁྱབ་དང་འབྲེལ་ཡོད་ལ་ཕྱག་བྲིས་ ༦༠༠ ལྷག་དང་ཞུ་གཏུག་ལས་འགུལ་སོགས་སྤེལ་ཡོད་པ་རེད། Tufts གཙུག་ལག་སློབ་གཉེར་ཁང་གིས་ཐག་གཅོད་འདིའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཀྱི་འབྲེལ་མཐུད་པ་བསྟན་འཛིན་གཡང་འཛོམས་ལགས་ཀྱིས་གཙུག་ལག་སློབ་གཉེར་ཁང་གིས་ཁུང་རྩི་སློབ་གླིང་དང་འབྲེལ་ཐག་གཅད་རྒྱུའི་ཐག་གཅོད་དེས་བོད་མིས་གཙོས་པའི་ཡུ་གུར་དང་ཧོང་ཀོང་། ཐེ་ཝན་དང་རྒྱ་ནག་གི་ལས་འགུལ་བ། Somerville དང་ Medford ཁུལ་དུ་གནས་བཞུགས་གནང་མཁན། རྒྱ་ནག་གིས་འཁྱོག་བཤད་སྤེལ་ཁག་ལ་ངོ་རྒོལ་གནང་མཁན་ཡོངས་ལ་རྒྱལ་ཁ་ཐོབ་པ་ཞིག་དང་། ང་ཚོས་ Tufts ནང་ལ་རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་དེར་ངོས་ལེན་མེད་སྐོར་དང་། ད་ལན་གྱི་ལས་འགུལ་འདིས་གཙུག་ལག་སློབ་གཉེར་ཁང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་དང་ལག་སྦྲེལ་བྱས་ཚེ་དེས་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་ཁུལ་དེའི་སྤྱི་ཚོགས་ཀྱི་རིན་ཐང་དང་མཐུན་གྱི་མེད་པ་གཞི་ནས་ཚོར་ཡོད་པར་གསུངས་འདུག གཞི་རྩའི་ཚོགས་པ་དེ་དག་གིས་རེས་གཟའ་སྤེན་པ་ནམ་ཡིན་ལ་སྤེལ་བའི་ལས་འགུལ་དེ་བྷོས་ཊོན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྷོས་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ།  ཡུ་གུར་བ་དང་ཧོང་ཀོང་། Social Action Movements དང་།   Formosan Association for Public Affairs ཞེས་པ་བཅས་ཚོགས་པ་ལྔས་གོ་སྒྲིག་གནང་ཡོད་པ་དང་། རིང་མིན་ཟླ་ ༤ ཚེས་ ༢ ཉིན་ Tufts གཙུག་ལག་སློབ་གཉེར་ཁང་གི་མདུན་དུ་ལས་འགུལ་མཐའ་མ་དེ་སྤེལ་རྒྱུ་དང་། དེ་བཞིན་ཚེས་ ༤ ཉིན་ལས་འགུལ་དེར་རྒྱལ་ཁ་ཐོབ་པར་སྲུང་བརྩི་ཞུ་རྒྱུ་རེད་འདུག སྤྱིར་ཁ་སང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་ཨ་རི་ཁུལ་དུ་འདས་པའི་ལོ་མང་ནས་སྔ་ལོ་བར་རྒྱ་ནག་གི་ཁུངས་རྩིའི་སློབ་གླིང་མང་དག་ཅིག་ཕྱིར་བཤོལ་གནང་ཐུབ་ཡོད་སྐོར་གླེང་སློང་གནང་བ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གི་ཁུངས་ཙིའི་སློབ་གླིང་མང་དག་ཅིག་ཕྱིར་བཤོལ་གནང་བར་ལས་འགུལ་སྤེལ་མཁན་ཚོགས་སྡེ་ཁག་ལ་བསྔགས་བརྗོད་གནང་བ་དང་སྦྲགས། ལས་འགུལ་དེའི་ཐོག་ནས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ངོས་ནས་དངུལ་གྱི་འགྲོ་སོང་ཇི་ལྟར་བཏང་ཡང་གང་འདོད་ལྟར་བྱེད་ས་མེད་པའི་བརྡ་ལན་གསལ་པོ་ཞིག་ཆགས་ཡོད་པར་གསུངས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཀྱང་དེ་སྔ་ Portland  དང་ད་ཆ་ Tufts གཙུག་ལག་སློབ་གཉེར་ཁང་ནས་ཁུང་རྩི་སློབ་གླིང་སྒོ་བརྒྱབ་རྒྱུའི་གནད་དོན་འགྲེལ་བརྗོད་གནང་བ་དང་སྦྲགས། ལས་འགུལ་འདིའི་ཐད་བྱང་ཨ་རི་དོན་ཁང་ནས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་དང་ལམ་སྟོན་གནང་ཡོད་སྐོར་གསུངས་པར་མ་ཟད། དེ་འབྲེལ་གྱི་ཕྱག་ལས་མུ་མཐུད་གནང་ཚེ་རྒྱ་ནག་གཞུང་གི་ངོས་ནས་ང་ཚོར་ཡ་ལན་མ་བྱེད་དཀའ་མེད་ཆགས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་བཞི་པའི་སྔ་དྲོའི་ཚོགས་དུས་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་ལྷུང་པོ་གནང་སྟེ་རྒྱ་ནག་གཞུང་ནས་བོད་མི་དཔའ་བོ་དཔའ་མོའི་མངོན་འདོད་ལ་ངེས་པར་དུ་འགན་འཁུར་བདག་སྤྲོད་ཞུ་དགོས་པ་མ་ཟད་རྒྱ་ནག་ནང་འཚོགས་ལ་ཉེ་བའི་ཨོ་ལམ་པིག་རྩེད་འགྲན་སོགས་དང་བསྟུན་བཀའ་སྤྱི་གཉིས་ཀྱིས་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་འཛམ་གླིང་ཡོངས་ཁྱབ་ཏུ་ངོ་རྒོལ་གྱི་ལས་འགུལ་རྒྱ་གང་ཆེར་སྤེལ་དགོས་གལ་ཡིན་པ་སོགས་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་བརྒྱད་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་དུ་ཕྱི་ལོ་ ༡༩༥༩ ལོའི་བར་དུ་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡིན་པ་དང་། དགྲ་བོ་རྒྱ་དམར་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་ནག་དམར་ཤོག་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་འོག་རྒྱ་རིགས་མང་པོ་བོད་སར་གནས་སྤོས་བྱས་པ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་རྒྱུའི་སྲིད་བྱུས་འོག་དགོན་སྡེ་ཁག་གི་གྲྭ་བཙུན་ལ་ཚད་བཀག་བྱས་པ་སོགས་ལོ་རྒྱུས་ཐོག་བོད་ཀྱི་དངོས་ཡོད་གནས་བབས་དང་རྒྱ་གཞུང་གི་བྱེད་བབ་བཅས་འགྲེལ་བརྗོད་དང་སྦྲགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དབའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད། དེ་བཞིན་བོད་མི་དཔའ་བོ་དཔའ་མོ་གྲངས་ ༡༥༥ ཡིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པ་དེ་དག་གི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ལ་རྒྱ་ནག་གཞུང་ནས་ངེས་པར་དུ་འགན་འཁུར་བདག་སྤྲོད་ཞུ་དགོས་པ་སོགས་ཁྱོན་དོན་ཚན་དྲུག་ཆེད་བཀོད་གནང་ཡོད་པ་རེད།    སྤྱི་འཐུས་རྣམ་པས་དོན་ཚན་དེ་དག་ཐོག་བགྲོ་གླེང་གི་ཆ་ཤས་བཞེས་པ་དང་འབྲེལ་ནས་ད་ལྟའི་ཆར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱིས་རྒྱ་ནག་ལ་ལྟ་སྟངས་བཟང་པོ་མེད་པའི་ཁར་རྒྱ་ནག་ནང་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་སོགས་ཀྱི་གོ་སྐབས་དང་བསྟུན་བོད་མིའི་ངོས་ནས་དུས་ཚོད་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་པ་སོགས་ཀྱི་དགོངས་ཚུལ་ཆེས་ཆེར་གནང་ཡོད་སྟབས། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་དྲུག་པོའི་ཐོག་རྒྱ་ནག་ནང་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་ཨོ་ལམ་པིག་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་ཡོད་ཟེར་བའི་དུས་དྲན་སྐབས་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་གཙོས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་འཛམ་གླིང་ཡོངས་ཁྱབ་ཏུ་ངོ་རྒོལ་གྱི་ལས་འགུལ་རྒྱ་གང་ཆེར་སྤེལ་དགོས་གལ་ཡིན་པ་དང་། ལྷག་དོན་ཏོག་དབྱིབས་གཉན་རིམས་དེ་ཉིད་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་གཞན་རྣམས་རང་ཉིད་ཀྱི་དབང་འོག་ཏུ་བསྡུ་ཕྱིར་ཆེད་བཟོ་བྱས་པ་ཞིག་ཡིན་པར་རྒྱལ་ཁབ་དུ་མས་ངོས་འཛིན་གནང་མུས་ལྟར་རྒྱ་ནག་གཞུང་ནས་དེར་ངོས་ལེན་ཞུ་དགོས་པ་སོགས་ཀྱི་དོན་ཚན་གཉིས་ཁ་སྣོན་གནང་བ་དང་འབྲེལ་ཏེ་ཁྱོན་གྲོས་ཆོད་དོན་ཚན་བརྒྱད་ཅན་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།    གཞི་རྩའི་བགྲོ་གླེང་གི་བརྒྱུད་རིམ་ཁྲོད་གྲོས་ཆོད་དེའི་ནང་གསལ་བའི་དོན་ཚན་གསུམ་པའི་ཐོག་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བསྐྱར་བཅོས་གྲོས་ཆོད་ཅིག་བསྣམས་པར་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་སྐོར་འཁོད་པ་དང་འབྲེལ་སྤྱི་འཐུས་ཁག་ཅིག་གིས་ཚིག་བརྗོད་དེ་ནི་དབུ་མའི་ལམ་དང་ཡང་ན་སྲིད་བྱུས་ལ་བསྒྱུར་བཅོས་གཏང་རྒྱུ་དང་འབྲེལ་བ་ཡོད་སྐོར་གསུངས་ནས་དགག་པ་གནང་སོང་བར་མ་ཟད། བགྲོ་གླེང་ལྷུག་པོ་གནང་མཐར་བསྐྱར་བཅོས་ཀྱི་གྲོས་ཆོད་དེའི་ཚོག་བརྗོད་ཁག་ཅིག་བསྐྱར་བཅོས་ཀྱིས་གཏན་འབེབས་ཐུབ་ཡོད་པ་རེད།

བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གི་སོ་མྱུལ་ཡོད་པས་དེར་ཡིད་གཟབ་བྱེད་དགོས།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ ༤ ཐོག་ལྷན་ཁང་ཁག་གི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་༢༢ ལོའི་སྔོན་རྩིས་ཐོག་བགྲོ་གླེང་གནང་བའི་ཁྲོད་སྔ་ལོར་རྒྱ་གར་དང་ཨ་རི་ནང་དུ་རྒྱ་གཞུང་གི་སོ་ཉུལ་བ་འཛིན་བཟུང་བྱས་པའི་གནད་དོན་ཐད་བཀའ་འདྲི་ཁག་ཅིག་ཕེབས་དོན་ལྟར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་པའི་སྤྱི་ཚོགས་ནང་དུ་རྒྱ་ནག་གི་སོ་མྱུལ་བ་ཡོད་པ་ནི་རྩོད་མེད་ཡིན་སྟབས། རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་དེ་དག་གི་ལག་ཆ་ཆགས་རྒྱུ་མེད་པར་ཡིད་གཟབ་གནང་དགོས་པའི་གཞེན་སྐུལ་ནན་པོ་གནང་སོང་།སྔ་དྲོའི་ཚོགས་ཐེངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་རྗེས་དོན་ཚན་གཉིས་ཁ་སྣོན་གནང་བ་དང་འབྲེལ་ཏེ་ཁྱོན་གྲོས་ཆོད་དོན་ཚན་བརྒྱད་ཅན་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། དེའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས་བྱང་ཨ་རིའི་སྔོན་རྩིས་དང་འབྲེལ་ནས་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་ཅིག་ནས་སྔ་ལོར་ཨ་རི་ནང་གི་བོད་པའི་བུ་བཅོལ་ཁང་ཞིག་གིས་བོད་པའི་ཕྲུ་གུ་ལྷ་སར་འཁྲིད་ནས་བོད་ནང་གནས་སྟངས་ཡག་པོ་ཡོད་ཚུལ་འགྲེལ་བརྗོད་བྱས་པའི་གནད་དོན་དང་། སྒོས་སྔ་ལོར་རྒྱ་གར་དང་ཨ་རི་ནང་དུ་རྒྱ་གཞུང་གི་སོ་ཉུལ་བ་འཛིན་བཟུང་བྱས་པའི་གནད་དོན་དང་འབྲེལ་ནས་བོད་པའི་སྤྱི་ཚོགས་ནང་དུ་རྒྱ་གཞུང་གི་སོ་ཉུལ་བ་ཡོད་པ་ར་འཕྲོད་ལན་མང་བྱུང་བ་བཞིན་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཡིད་གཟབ་གནང་དགོས་པའི་གཞེན་སྐུལ་གནང་ཡོད། དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་བྱང་ཨ་མི་རི་ཀས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མི་འབོར་གྱི་ཆ་ནས་དང་བླངས་དཔྱ་དངུལ་འབུལ་མཁན་ཉུང་བ་དང་། འོས་བསྡུའི་ལས་རིམ་ནང་ཞུགས་མཁན་དེ་བས་ཀྱང་ཉུང་བ་ཡོད་སྐོར་གྱི་བཀའ་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་རྩ་བའི་དེ་སྔ་བཀའ་ཤག་སྐབས་གོང་མ་ནས་བཟུང་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་མི་གང་མང་ནས་དཔྱ་དངུལ་སྔར་ལྷག་གནང་ཐུབ་སླད་དུ་དཔྱ་དངུལ་གྱི་འབུལ་འབབ་ཆག་ཡང་གི་ལས་གཞི་སྤེལ་བ་སོགས་ལ་མང་ཚོགས་ནས་ཡི་རང་ཞུ་མཁན་མང་དུ་སོང་ཡོད་ཀྱང་། ཐོག་མའི་དམིགས་ཡུལ་ལྟར་ཡོང་དཀའ་སྐོར་གསུངས་པ་དང་ཆབས་ཅིག མང་ཚོགས་ཀྱི་ཀུན་སློང་ལ་དོགས་པ་མེད་ཀྱང་དུས་ཚོད་དང་འདྲི་རྩད་ཀྱི་བརྒྱུད་རིམ་བཅས་ལ་གཞིགས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། མང་ཚོགས་ཀྱི་ངོས་ནས་ངལ་བ་ཕྲན་བུ་འཕྲད་པར་མ་དགོངས་པར་བོད་མི་ཡིན་ཕྱིན་ཆད་ལ་དཔྱ་དངུལ་འབུལ་ལམ་ཞུ་དགོས་པའི་འོས་འགན་ཡོད་པར་སྐུལ་མ་གནང་སོང་།དེ་རིང་གི་གྲོས་ཚོགས་ཐོག་ཨ་རིའི་ཁུལ་དུ་འདས་པའི་ལོ་མང་ནས་སྔ་ལོ་བར་རྒྱ་ནག་གི་ཁུངས་ཙིའི་སློབ་གླིང་མང་དག་ཅིག་ཕྱིར་བཤོལ་གནང་ཐུབ་ཡོད་སྐོར་གླེང་སློང་གནང་བ་དང་འབྲེལ། སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་ཁུངས་ཙིའི་སློབ་གླིང་མང་དག་ཅིག་ཕྱིར་བཤོལ་གནང་བར་ལས་འགུལ་སྤེལ་མཁན་ཚོགས་སྡེ་ཁག་ལ་བསྔགས་བརྗོད་གནང་བ་དང་སྦྲགས། ལས་འགུལ་དེའི་ཐོག་ནས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ངོས་ནས་དངུལ་གྱི་འགྲོ་སོང་ཇི་ལྟར་བཏང་ཡང་གང་འདོད་ལྟར་བྱེད་ས་མེད་པའི་བརྡ་ལན་གསལ་པོ་ཞིག་ཆགས་ཡོད་པར་གསུངས་སོང་།དེ་བཞིན་སྤྱི་འཐུས་ཁག་ཅིག་གིས་སྔ་ལོར་བྱང་ཨ་རི་ཁུལ་དུ་གནས་བཞུགས་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་སྤྱི་ཚོགས་ཁྲོ་གནོན་ཤུགས་སྤྲད་པའི་གནད་དོན་སྐོར་གླེང་སློང་གནང་བ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་དོན་གྲུབ་དབང་ཆེན་ལགས་དང་བོད་ཆོལ་གསུམ་ནང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་རྐྱེན་འཛིན་བཟུང་གིས་མནར་གཅོད་མྱངས་དང་མྱོང་བཞིན་པ། དེ་བཞིན་བཙན་བྱོལ་དུ་ཕེབས་ནས་ཞལ་ཞེ་གཉིས་མེད་ཀྱིས་བོད་དོན་ལས་འགུལ་སྤེལ་མཁན་རྣམས་ཀྱི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག ཁོང་རྣམ་པར་སྐྱོན་བརྗོད་ཞུ་མཁན་དང་གནོན་ཤུགས་སྤྲད་མཁན་རྣམས་ལ་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་གསུངས་ཡོད།རྩ་བའི་དེ་རིང་གྲོས་ཚོགས་སུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཁག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་རྗེས་སུ་སྔ་དྲོའི་ཚོགས་དུས་གཉིས་པ་ནས་ཕྱི་དྲིལ་ཁྱབ་ཁོངས་སྲིད་བྱུས་ཉམས་ཞིབ་ཁང་དང་ལྡི་ལི་སྐུ་ཚབ་དོན་ཁང་། བྱང་ཨ་རི། སུད་སི། དེ་བཞིན་ཨོ་སི་ཊོ་ལི་ཡ་བཅས་སྐུ་ཚབ་དོན་ཁང་སོ་སོའི་སྔོན་རྩིས་ཐོག་བགྲོ་གླེང་གནང་ཡོད་པ་རེད།  

Latest news