Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ཁུལ་གསེར་རྟ་རྫོང་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་བསྐྱར་དུ་འཛིན་བཟུང་།         

ཟླ་བ་སྔོན་མའི་ཟླ་མཇུག་ཙམ་ལ། རྒྱ་ནག་གིས་བོད་གསེར་རྟ་རྫོང་ཁོངས་ཀྱི་བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་ཆབ་སྲིད་བཙོན་ཟུར་རུས་པའམ་སྲས་རྣམ་དང་། བོད་ཀྱི་ཆབ་སྲིད་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུཾ།  དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་སོགས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུགདེ་རིང་འདི་གར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར། འདི་ལོའི་ཕྱི་ཟླ་༣ཚེས་༢༣ཉིན་གྱི་ཕྱི་དྲོའི་དུས་ཚོད་༥་དང་ཕྱེད་ཀ་ཙམ་ལ། རྩོམ་པ་པོ་གངས་མེ་སྟག་གམ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་རང་ཁྱིམ་ནས་བསྐྱར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པས་དང་། ད་བར་ཉིན་གྲངས་༢༠་འགྲོ་བཞིན་ཡོད་ཀྱང་། ཁོང་བཙོན་ཁང་གང་ན་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་ལྷག་འདུག ཕྱི་ལོ ༢༠༡༢ ལོ་ཟླ ༢ པའི་ཚེས༡༥ མཚན་མོར་གསེར་རྟ་རྫོང་ཉེན་རྟོག་པས་ཁོང་ཐེངས་དང་པོར་འཛིན་བཟུང་བྱས་ཏེ། ཕྱི་ལོ་༢༠༡༦ལོའི་ཟླ༩ ཚེས ༡༦ཉིན་གྱི་ཉིན་གུང་ཙམ་ལ་བཙོན་ལས་གྲོལ་ཡོད་པ་དང་།  ཁོང་ཐེངས་དང་པོར་བཙོན་འཇུག་བྱེད་དོན་ནི། མི་རིགས་ཀྱི་ལས་དབང་དང་གནས་བབ་མཚོན་པའི་སྒེར་དེབ་ལས་དབང་གི་རྒྱང་འབོད། དུས་ཀྱི་ན་ཟུག དེ་རིང་གི་མིག་ཆུ། ལོ་ཟླའི་ཁ་དོག ཁ་བཏགས་དཀར་པོའི་ཚགས་དེབ། ད་དུང་༢༠༠༨ལོའི་ས་བྱི་ཁྲག་བྲིས་དམར་པོ་སོགས་དཔེ་དེབ་དང་ཚགས་དེབ་མང་པོ་བཏོན་པ་དང་། བོད་ན་གཞོན་དམར་ཤོག་རྒོལ་ལན་ཚོགས་པ་བཙུགས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་སོགས་ལ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་ལོ་ལྔ་ཙམ་བཙོན་དུ་བཅུགདེ་བཞིན་ཕྱི་ལོ་ ཕྱི་ལོ་༢༠༢༡ལོའི་ཟླ་བ་༣ཚེས་༢༢ཉིན།  གསེར་རྟ་རྫོང་ཉེན་རྟོག་པས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུཾ་ལགས་ཁོང་གི་ཕ་ཡུལ་དཀར་མཛེས་བོད་རིགས་རང་སྐྱོང་གསེར་རྟ་རྫོང་ནས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་ཀྱི་ད་ལྟའི་ཆར་ཁོང་གི་གནས་སྟངས་ཤེས་རྟོགས་མེད་པར་བསྒྱུར་ཡོད་འདུག གངས་བུ་གཡུ་བྷྲུཾ་ལགས་ནི་དཀར་མཛེས་བོད་རིགས་རང་སྐྱོང་གསེར་རྟ་རྫོང་གོས་རྩ་སྡེ་བ་ནས་ཡིན། ཁོང་སྤྱི་ལོ་༢༠༠༨ ལོའི་བོད་ཁམས་ཡོངས་ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་རྫོང་དུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་བོད་དོན་སྐད་འབོད་བྱས་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་གིས་མི་ལོ་གསུམ་ལ་བཙོན་འཇུག་བྱས་ནས་༢༠༡༡ ལོའི་ཟླ་ ༢ ཚེས་༡༩ ཉིན་བཙོན་གྲོལ་བྱུང་ཡོད་ཀྱང་རྗེས་སུ་གངས་བུ་གཡུ་བྷྲུཾ་ལགས་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་༼དམར་རྒོལ་གདོང་ལེན་ཚོགས་པ༽ཞེས་པའི་ཚོགས་པ་ཞིག་གསར་འཛུཊ་བྱས་ཏེ། བོད་ཀྱི་ས་གནས་གང་མང་དུ་བྱ་འགུལ་རབས་དང་རིམ་པ་སྤེལ་སྟབས། ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་བྱས་ཏེ་མི་ལོ་གཉིས་ལ་བཙོན་འཇུག་བྱས་པ་ནའང་། ད་ལོ་བསྐྱར་དུ་ཐེངས་གསུམ་པར་འཛིན་བཟུང་བྱས་འདུགའདི་ལོའི་ཟླ་བ་ ༣ པའི་ཚེས་ ༢༣  ཉིན་གྱི་ཕྱི་དྲོ་ཞིག་ལ།  གསེར་རྟ་རྫོང་གི་ཉེན་རྟོག་པས་ཕ་ཡུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བོད་རུས་པའམ་སྲས་རྣམ་ལགས་གློ་བུར་དུ་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ངོ་སྤྲོད་དང་སྦྲགས་ནས། ཁོང་ནི་མི་རིགས་སློབ་གསོའི་ཕྱོགས་ལ་བྱ་བ་གང་མང་སྒྲུབ་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་ཀྱང་གནང་མཁན་ཞིག་ཀྱང་ཡིན་པར་ངོ་སྤྲོད་གནང་ཡོད། གཞི་རྩའི་རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་གྱི་ཕ་མིང་ལ་དུང་དཀར་དང་། མའི་མིང་ལ་ལེའུ་མཚོ་ཟེར་ཞིང་།  ཕྱི་ལོ་༢༠༢༠ལོའི་ཟླ་བ་༩ བའི་ནང་ཉིན་༡༥ཙམ་མ་གསེར་རྟ་རྫོང་ཉེན་རྟོག་ཁང་ནས་མི་བཅུ་གྲངས་ཤིག་དང་ལྷན་དུ་ཁོང་ཡང་འཛིན་བཟུང་བྱས་པ་དང་། སྐབས་དེར་འཛིན་བཟུང་བྱེད་དགོས་དོན་ནི་གངས་ཅན་ཕ་མའི་བདེ་ཐང་གླེང་བ་ཟེར་བའི་ཚོགས་འདུ་ཞིག་ཚོགས་ཙམ་མ་གཏོགས། ཁྲིམས་འགལ་གྱི་ལས་ཀ་སྣ་གཅིག་བསྟན་མེད་པ་རེད་འདུག དེ་བཞིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོ་རྐང་ཚ་སྡེ་བ་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར།  གངས་ཚེ་རིང་སྒྲོལ་མ་ལགས་ཀྱང་འདི་ལོའི་ཟླ་བ་༤ བའི་ཟླ་མགོ་ཙམ་ལ་ཁོང་གི་ཕ་ཡུལ་ནས་ཡང་བསྐྱར་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག གངས་ཚེ་རིང་སྒྲོལ་མ་ལགས་ནི་ཕྱི་ལོ་༢༠༠༨ལོ་གསེར་རྟ་ནས་ཞི་རྒོལ་སྐབས་ཕ་བསོ་ལོ་དང་མཉམ་དུ་འཛིན་ཟུང་ཐེངས་དང་པོ་བྱས་པ་རེད། དེའི་རྗེས་ནས་འཛིན་ཟུང་ཐེངས་ཁ་ཤས་བྱས་ཏེ་རྒྱ་ནག་ཉེན་རྟོག་པར་རྣམ་འགྱུར་མི་ལེགས་པ་བསྟན་པས་སྔ་གཞུག་ཐེངས་དུ་མར་ཁྲིམས་ཁང་ནས་ཟླ་བ་མང་པོར་གཅར་རྡུང་དང་ཁྲིམས་འཇུག་སོགས་བྱས་ནས་བཙོན་གྲོལ་ཐོབ་ཡོད་ཀྱང་། ད་ཆ་ཁོང་སྔོན་མ་བཙོན་འཇུག་སྐབས་ཁྲིམས་ཁང་ནས་གཅར་རྡུང་དྲག་པོ་བྱས་ཡོད་སྟབས་རྐང་པའི་གཤི་མགོ་ཆག་གྲུམ་བྱུང་མྱོང་བས་དྲོ་གྲང་གང་གི་སྐབས་སུའང་དེར་ན་ཟུག་བྱུང་བ་དང་། གྲིབ་ཁ་ཆེ་བ།  བརྗེད་ལྐུགས་ཆེ་བ།  སྙིང་ནད་སོགས་ཡོད་པས་སེམས་ཁམས་ལ་གནོད་སྐྱོན་ཅར་དུ་གྱུར་ཡོད་པ་མ་ཟད།  དུས་ཆེན་རེའི་སྐབས་སུ་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་འགོད་པ་དང་གནས་སྟངས་གསལ་བཤད་བྱེད་དུ་འགྲོ་དགོས་པས་ས་གནས་གཞན་ལ་འགྲོ་སྐྱོད་མི་ཆོག་པར་བཟང་བཙོན་གྱི་རྣམ་པས་ཐོག་བཀག་འགོག་བྱས་ཡོད་འདུག དེ་བཞིན་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ངན་དུ་དུ།  ཉིན་འདི་དག་གི་རིང་ལ་ད་དུང་གསེར་རྟ་ནས་མི་གཉིས་འཛིན་བཟུང་བྱས་འདུག་ཀྱང་མིང་དང་སྡེ་བ་སོགས་རྩད་གཅོད་བྱེད་མ་ཐུབ་པར་ལྷག་ཡོད་པར་གསུངས་འདུག གཞི་རྩའི་ས་བྱིའི་བོད་ཁམས་ཡོངས་ཀྱི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། རྒྱ་ནག་གིས་བོད་མི་བཙན་བྱོལ་དུ་ཕེབས་མཁན་རྣམས་ཀ་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ད་བཞིན་རྒྱ་ནག་གིས་བལ་ཡུལ་སྲིད་གཞུང་ལ་གནོན་ཤུགས་ཀྱིས་བོད་མི་བྲོལ་བྱོལ་བ་རྣམས་ཕྱིར་རྒྱ་ནག་ཏུ་རྩིས་སྤྲོད་བྱེད་དགོས་བར་བཟོས་བ་སོགས་ཀྱི་རྐྱེན་གྱིས་བོད་མི་བཙན་བྱོལ་དུ་འབྱོར་མཁན་རྣམས་ཆེས་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་སའབྲེལ་ལམ་གཙོ་བོ་སྐད་འཕྲིན་སོགས་ཀྱང་རྒ་གར་དུ་བཀག་སྡོམ་བྱས་རྐྱེན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ལ་བར་ཆད་མང་པོ་བྱུང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་བ་མཐུད་ཐུབ་པའི་དབང་དུ་བཏང་ན་ཆབ་སྲིད་དང་འབྲེལ་བའི་གནད་དོན་རིགས་ཕྱི་ལ་མཁོ་སྤྲོད་བྱས་ཚེ་གཞིས་བཞུགས་བོད་མི་རྣམས་ལ་བཙོན་འཇུག་གི་འཇིགས་སྐུལ་རིམ་པ་བྱུང་བཞིན་པར་བརྟེན།  ད་ཆ་བོད་ནང་གི་གནད་དོན་མང་པོ་ཞིག་ཕྱི་ལ་རག་རྒྱུ་ཁག་པོ་ཆགས་ཡོད་པ་རེད།  

ཡོ་རོབ་རྒྱལ་ཁབ་ལྔ་ནང་གི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ལྟོས་མེད་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཡོ་རོབ་རྒྱལ་ཁབ་ཁྱོན་ ༡༥ ནང་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཡོ་རོབ་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་རེད། དེ་རིང་ཕྱི་དྲོ་ཡོ་རོབ་ཀྱི་ཚོུད་ ༣།༣༠ ཐོག་ཡོ་རོབ་ཁུལ་གྱི་བོད་མིའི་མི་འབོར་མང་ཤོས་གནས་འཁོད་སུད་སི་ས་གནས་འོས་བསྡུ་ལས་ཁང་ཁྱབ་ཁོངས་ཀྱི་སུད་སི་དང་ལིག་ཏེན་སིཊཡན། ཇར་མི་ནི། ཨི་ཊལི། དེ་བཞིན་ཨོ་སི་ཀྲིརིཡ་བཅས་ཡོ་རོབ་རྒྱལ་ཁབ་ལྔ་ནང་གི་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་གྲུབ་འབྲས་གསལ་བསྒྲགས་གནང་སོང་བ་དང། གོང་གསལ་ཡོ་རོབ་རྒྱལ་ཁབ་ལྔ་ནང་གི་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ཕྱོགས་བསྡོམས་གྲུབ་འབྲས་ལ་གཞིགས་ན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་སུད་སི་དང་ལིག་ཏེན་སིཌཡན། ༡༥༥༣ ཇར་མན་ནི། ༡༥༣ ཨི་ཊ་ལི། ༥༠ ཨའོསི་ཊིརི་ཡ། ༡༠༦ བཅས་དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་སུད་སི་དང་ལིག་ཏེན་སིཌཡན། ༡༦༡༥ ཇར་མན་ནི། ༡༢༣ ཨི་ཊ་ལི། ༣༧ ཨོ་སི་སི་ཊིརི་ཡ། ༦༢ བཅས་ཁྱོན་བསྡོམས་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༡༨༦༢ དང་། དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་ ༡༨༣༧ བཅས་ཐོབ་འདུག དེ་བཞིན་གོང་གསལ་ཡོ་རོབ་རྒྱལ་ཁབ་ཁག་ནས་ཐེངས་འདིའི་ཡོ་རོབ་དང་ཨ་ཧྥི་རི་ཀའི་ཁུལ་གྱི་དངོས་གཞིའི་སྤྱི་འཐུས་འོས་མི་རྣམ་པའི་འོས་ཐོབ་ལ་གཞིགས་ན། སྤྱི་འཐུས་འོས་མི་ཐུབ་བསྟན་དབང་ཆེན་ལགས་སུ་འོས་གྲངས་ ༢༤༥༥། ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་གྲངས། ༡༡༥༦ གངས་གཞོན་ཚང་བློ་བཟང་ལགས་སུ་འོས་གྲངས། ༡༦༢༤ དེ་བཞིན་བཀྲིས་བདེ་ལགས་སུ་འོས་གྲངས། ༡༡༧༦ བཅས་ཐོབ་འདུག སྤྱིར་ད་རེས་སུད་སི་ས་གནས་འོས་བསྡུའི་ལས་ཁང་གི་ཁྱབ་ཁོངས་ཡོ་རོབ་རྒྱལ་ཁབ་ལྔ་ནས་མང་ཚོགས་ཁྱོན་ ༤༥༨༣ ནས་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་དེབ་སྐྱེལ་གནང་ཡོད་པ་དང། དེ་དག་ཁྲོད་ནས་དངོས་སུ་ཐེངས་འདིའི་དངོས་གཞིའི་འོས་བསྡུ་ནང་དུ་མང་ཚོགས་ ༣༧༢༥ ནས་ཆ་ཤས་བཞེས་འདུག གཞི་རྩའི་བཙན་བྱོལ་བོད་མའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་དོན་ལྟར་ན། འོས་བསྡུའི་རྗེས་འོས་སྒམ་ལ་རྟགས་ཐེལ་རྒྱག་པའི་སྐབས་ས་གནས་འོས་བསྡུ་ལས་ཁང་དུ་འགན་འཛིན་དང༌འགན་འཛིན་ལས་རོགས། ཟུར་དཔང་གི་གསུམ་ཆ་གཉིས་ངེས་པར་དུ་འཛོམས་དགོས་པ་དང་། བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བསྡུ་ཡོངས་སུ་གྲུབ་ཟིན་པའི་རྗེས་ཀྱི་ཕྱག་ཚོད་ཉི་ཤུ་རྩ་བཞིའི་རྗེས། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༣ ནས་ཕྱི་ཚེས་ ༡༩ བར་ཉིན་གྲངས་ ༧ རིང་འོས་ཤོག་གྲངས་བཤེར་གནང་རྒྱུའི་དུས་ཚོད་བཞག་ཡོད་པ་རེད། ས་གནས་ནས་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་། འོས་ཤོག་གྲངས་བཤེར་མཐའ་མའི་གྲུབ་འབྲས་བཅས་དབུས་འོས་བསྡུ་ལས་ཁང་དུ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༠ ནས་ཟླ་ ༥ ཚེས་ ༥ བཅས་དུས་བཀག་ནང་ཚུན་འབུལ་འབྱོར་ཟིན་དགོས་པ་དང་། དབུས་འོས་བསྡུ་ལས་ཁང་གིས་དེ་རྗེས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ ཚེས་ ༡༤  ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་གསར་འགོད་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།

སྤྱི་ཚོགས་ནང་ཕན་ཚུན་དབར་འབྲེལ་ལམ་ཇེ་བཟང་ཡོང་བར་རེ་བའི་ལས་འཆར།

ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ Santa Barbara ནང་རྟེན་གཞི་བྱས་པའི་ཀེ་ལི་ཕོར་ནི་ཡའི་གཏམ་བཤད་དང་སྒྱུ་རྩལ་གྱི་གཙུག་ལག་སློབ་གཉེར་ཁང་གིས་བྱམས་བརྩེ་དང་བཟང་ཕྱོགས་ཀྱི་འགྱུར་བ། དེ་བཞིན་སྤྱི་ཚོགས་ནང་ཕན་ཚུན་འབྲེལ་ལམ་ཇེ་བཟང་སླད་ Creating Hope ཞེས་རེ་བའི་ལས་འཆར་ཞིག་དབུ་འཛུགས་གནང་བ་དང་འབྲེལ་ཏེ། ལས་གཞི་དེ་འབྲེལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྙན་གྲགས་ཆེ་བའི་རྩོམ་པ་པོ་ Pico Iyer ལགས་རྣམ་གཉིས་ཀྱིས་བཀའ་མོལ་མཛད་པའི་ལས་རིམ་ཞིག་དྲྭ་རྒྱ་བརྒྱུད་རྒྱང་བསྲིང་གནང་རྒྱུ་རེད་འདུགཁ་སང་གཙུག་ལག་སློབ་གཉེར་ཁང་གི་དྲྭ་ཐོག་དེ་འབྲེལ་གནས་ཚུལ་བཀོད་པར་གཞིགས་ན།  ལས་གཞི་དེ་བརྒྱུད་ནས་དབུ་ཁྲིད་དང་ཐབས་བྱུས་ལྡན་པའི་ཐོག་ནས་དཀའ་ངལ་སེལ་ཐབས་གནང་མཁན། དེ་བཞིན་སྒྱུ་རྩལ་བསམ་བློ་བ་གདན་ཞུས་ཀྱིས་མང་ཚོགས་དང་སྤྱི་ཚོགས་སྤྱི་ཡོངས་ལ་སེམས་འགུལ་ཐེབས་ཐབས་གཙོ་དམིགས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་ལས་འཆར་དེ་དབུ་འཛུགས་གནང་བ་ཞིག་ཡིན་ཅིང་། ལས་གཞི་དེ་ཟླ་ ༥ ཚེས་ ༡༨ ཉིན་ནུབ་ཕྱོགས་ཀྱི་དགོང་དྲོའི་ཚོུད་ ༨ པ་དང་དེ་བཞིན་ཚེས་ ༡༩ བར་རྒྱ་གར་གྱི་སྔ་དྲོའི་ཚོུད་ ༩ པར་༸གོང་ས་མཆོག་དང་རྩོམ་པོ་ Pico Iyer ལགས་རྣམ་གཉིས་ནས་བཀའ་མོལ་མཛད་རྒྱུ་རེད་འདུག གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་ལས་འཆར་དེའི་འགྲོ་བ་མིའི་འབྲེལ་ལམ་ནུས་ཤུགས་ཆེ་རུ་གཏོང་རྒྱུ་གཙོས་བྱམས་བརྩེ་དང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་ཐུགས་ཕན་གསོས་ངེས་ཡིན་སྟབས་ང་ཚོས་དེ་འབྲེལ་གྱི་སྤྱི་ཚོགས་ཚགས་ཚུད་ཅིག་ཡོང་བར་མཉམ་རུབ་ཀྱི་ནུས་པ་སྤུངས་ཚེ་རེ་བ་དེ་ངེས་བསྒྲུབ་ཐུབ་སྐོར་གསུངས་འདུག དེ་བཞིན་གཙུང་ལག་སློབ་ཁང་གི་རིགས་བདག་ Henry T. Yang ལགས་ཀྱིས་མིའི་བློ་དང་སེམས་ཁམས་ཀྱི་འཕྲོད་བསྟེན་གོང་མཐོར་སླད་ལས་གཞི་འདི་རིགས་གོ་སྒྲིག་ཞུས་ཐུབ་པར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལན་གྱི་ལས་འཆར་འདི་བརྒྱུད་ནས་ང་ཚོས་༸གོང་ས་མཆོག་གི་བཀའ་སློབ་གསན་རྒྱུར་ངང་སྒུག་བྱེད་བཞིན་པ་དང་། ཕྱོགས་མཚུངས་གསུང་བཤད་གནང་མཁན་གཞན་ཚོའི་མྱོང་བ་དང་གསུང་བཤད་སོགས་ལས་མང་ཚོགས་ལ་སེམས་འགུལ་ཐེབས་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག གཞི་རྩའི་ལས་གཞི་དེའི་འོག་གཙུག་ལག་སློབ་ཁང་ནས་སྤྱི་ཚོགས་ལ་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་དང་སྙན་གྲགས་ཆེ་བའི་སྒྱུ་རྩལ་བ་སོགས་གདན་ཞུས་ཀྱིས་གཏམ་བཤད་སོགས་ཀྱི་ལས་རིམ་གོ་སྒྲིག་གནང་གི་ཡོད་པ་རེད། གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་དེས་འཛམ་གླིང་ཡོངས་ལ་དཀའ་ངལ་བཟོད་གླགས་མེད་པ་ཞིག་བཟོས་ཡོད་པ་དེའི་ཁྲོད་ང་ཚོའི་གཙུག་ལག་སློབ་ཁང་ལ་འགན་དམིགས་བསལ་ཞིག་ཡོད་ཅེས་གསུངས་འདུག ལས་གཞི་དེའི་འོག་མང་ཚོགས་ཀྱི་སེམས་ཁམས་འཕྲོད་བསྟེན་དང་སྤྱི་ཚོགས་སྤྱི་ཡོངས་ལ་ཐུགས་ཕན་གསོས་ཐབས་སུ་ལས་རིམ་སྣ་མང་གོ་སྒྲིག་གནང་གི་ཡོད་པ་རེད།

ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་ཟུར་པ་མཐུན་མོང་གི་ཞུ་སྐུལ།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་བཅུ་མཐུན་མོང་གིས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བ་དང་འབྲེལ། ཉེ་ལམ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པ་དེ་ནི་བཅའ་ཁྲིམས་ལས་འགལ་འཛོལ་བྱུང་བ་དང་། འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་སྒྲིག་གང་གི་ནང་དུའང་གསལ་མེད་པར་འགྲེལ་བརྗོད་དང་ཆབས་ཅིག ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་གནང་དགོས་པ་དང་། རིང་མིན་སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་བསྐོང་འཆར་འདུག་པ་ལྟར། བཀའ་སྤྱི་གཉིས་ཀ་སྐབས་གསར་རྙིང་བརྗེ་རྒྱུའི་མཚམས་ལ་ཉེ་བའི་སྐབས་འདིར་བཅའ་ཁྲིམས་བསྐྱར་བཅོས་དང་སྒྲིག་འཛུགས་ཀྱི་མ་འོངས་ཁ་ཕྱོགས་ལ་བསྒྱུར་བཅོས་ཆེན་པོ་གཏོང་བའི་གནད་དོན་ཐོག བཀའ་སྤྱི་གཉིས་ཀས་ཁྲིམས་ཡིག་དང་འགྲོ་ལུགས་གང་ཅིར་ཡ་ཡུད་ཐལ་ཚབས་མ་ཤོར་བའི་ཐུགས་གཟབ་ངེས་མཛད་ཡོང་བའི་འབོད་སྐུལ་ཞུས་འདུག གསར་འགོད་གསལ་བསྒྲགས་ཆ་ཚང་བ་གཟིགས་པར་འདིར་སྣོན་རོགས། ༄༅། །གསར་འགོད་གསལ་བསྒྲགས། jiont statement final2.22

འགྲོ་བ་སྤྱིའི་བདེ་འཇགས་ཐོག་ལ་དགོངས་པ་བཞེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ One Better World Collective དང་ Be the Love འམ་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་མཆོག་གིས་མཛད་རིམ་ཐོག་མཉམ་ཞུགས་གནང་མཁན་གྱི་གཞོན་སྐྱེས་གཙོས་ལས་འགུལ་བ་རྣམ་པའི་བྱམས་བརྩེ་དང་གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ཀྱི་གནས་སྟངས།ཕོ་མོ་འདྲ་མཉམ་སོགས་ཀྱི་བརྗོད་གཞི་སྣ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་ཐུགས་བརྩེ་ཆེན་པོས་བཀའ་ལན་སྩལ་སོང་། དེ་རིང་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་ཚོགས་པས་གོ་སྒྲིག་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་གར་གྱི་སྔ་དྲོ་ཕྱག་ཚོད་ ༩ ནས་ ༡༠ བར་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ནས་བརྗོད་གཞི་འདྲ་མིན་ཐད་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད་ Be the Love ཞེས་པའི་ཚོགས་པ་དེ་གསར་འཛུགས་གནང་མཁན་ Sophia Stril-Rever ལགས་ཀྱིས་འཛམ་གླིང་ཞི་བདེ་དང་དྲང་བདེན་ལྡན་པ་ཞིག་ཡོང་བར་ཐབས་ལམ་གཞན་ཕན་གྱི་སྙིང་རྗེ་ཇི་ལྟར་ཡིན་སྐོར་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་དུས་ཡུན་ནང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བྱུང་བ་མ་ཟད་དེ་བཞིན་ཕན་ཚུན་གསོད་རེས་ཀྱིས་དྲག་རྩུབ་སོགས་ཀྱི་བྱ་སྤྱོད་མི་སྤྱོད་ལས་འདས་པ་སྤེལ་མྱོང་ཡོད་པ་དང་། དེ་དག་གི་མཐའ་མའི་གྲུབ་འབྲས་ནི་སྡུག་བསྔལ་མང་བ་དང་ཕན་ཚུན་དབར་སྡང་འཛིན་ཤུགས་ཆེ་བ་ཡོང་གི་ཡོད་པ་ཤེས་ཡོད། དེས་ན་དེང་སང་སོ་སོའི་རྒྱལ་ཁབ་དང་གླིང་ཕྲན་ཙམ་ཁོ་ནའི་ཆེད་བསམ་བློ་གཏང་ན་དངོས་ཡོད་གནས་ཚུལ་དང་མཐུན་ཀྱི་མེད་པ་མ་ཟད། ང་ཚོ་ཚང་མ་གཅིག་གིས་གཅིག་ལ་བརྟེན་དགོས་པས་འགྲོ་བ་མི་སྤྱིའི་བདེ་སྡུག་དང་འཛམ་གླིང་སྤྱིའི་བདེ་འཇགས་ལ་དགོངས་བཞེས་གནང་གནད་ཡིན་སྐོར་བཀའ་ལན་སྩལ་ཡོད། འཛམ་གླིང་ནང་སྙན་གྲགས་ཆེ་བའི་ Grammy གཟེངས་རྟགས་བཞེས་མྱོང་མཁན་གཞས་མ་གཏམ་ Michael Render ལགས་ཀྱིས་བརྩེ་བ་གལ་ཆེན་པོ་ཡིན་ཀྱང་སེམས་ནང་དངངས་སྐྲག་སྐྱེས་སྐབས་་ལས་དོན་མང་དག་ཅིག་ལ་འགོག་རྐྱེན་བཟོ་ཡི་ཡོད་སྟབས་བརྩེ་བ་དེ་འཇིགས་སྣང་གི་ཟིལ་གྱིས་གནོན་པ་ལྟར་ཡོང་གི་འདུག་པས་དེ་ལྟར་ཡོང་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་འདས་པའི་དུས་ནང་ང་ཚོས་སོ་སོའི་རྒྱལ་ཁབ་དང་ཆོས་ལུགས་བཅས་དབྱེ་ནས་བློ་རྒྱ་ཆུང་དྲག་པར་བརྟེན་དེ་ལྟར་ཡོང་གི་ཡོད་པ་དེ་ལྟར་ནའང་། ད་ཆ་ང་ཚོའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་མཐོར་གཏོང་རྒྱུའི་དུས་ལ་སླེབས་ཡོད་ཅེས་བཀའ་ནན་སྩལ་ཡོད། དེ་བཞིན་དབྱིན་ཡུལ་ནས་ཡིན་པའི་ Force of Nature ཞེས་པའི་ཚོགས་པ་ཆེད་འཛུགས་གནང་མཁན་ལས་འགུལ་བ་ Clover Hogan ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ནས་དུས་ཀུན་སྤྱི་ལ་ཁྱབ་པའི་སེམས་འཁུར་ཐད་ལམ་སྟོན་མཛད་ཀྱི་ཡོད་སྟབས་༸གོང་ས་མཆོག་ནས་དེ་འབྲེལ་གྱི་ཐུགས་འཁུར་བཞེས་རྒྱུའི་ཐུགས་ཐག་ཇི་ལྟར་མཛད་པ་ཡིན་ནམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་མཆོག་གིས་དེ་སྔ་རྒྱ་གར་དུ་མ་འབྱོར་གོང་ལ་ང་ཚོའི་བོད་པ་ཟེར་ནས་འདུ་ཤེས་ཤུགས་ཆེན་པོ་ཡོད་པ་དང་སྒོས་རྒྱ་གར་དུ་འབྱོར་རྗེས་མི་མང་པོ་ཞིག་ལ་མཇལ་འཕྲད་མཛད་རྒྱུའི་གོ་སྐབས་བྱུང་བ་དང་འབྲེལ་དགོངས་པ་བཞེས་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྐོར་བཀའ་སྩལ་བ་དང་། ཆབས་ཅིག་ཏུ་འདས་པའི་ལོ་རྒྱུས་ནང་ང་ཚོས་ཕན་ཚུན་དབྱེ་འབྱེད་དང་བསམ་བློ་གུ་དོག་པའི་རྐྱེན་གྱིས་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པ་མ་ཟད། ད་ཆ་དུས་རབས་ཉེར་གཅིག་ནང་ང་ཚོའི་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་འགྲོ་བ་སྤྱིའི་བདེ་འཇགས་སླད་དགོངས་པ་བཞེས་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་མཛད་སོང་། དེ་བཞིན་ལས་འགུལ་བ་ Emmanuel Jal ལགས་ཀྱིས་༸གོང་ས་མཆོག་བཙན་བྱོལ་ནང་བཞུགས་མཁན་དགུང་ལོ་བགྲེས་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་༸གོང་ས་མཆོག་ནས་༸སྐུ་ཚེའི་ནང་༸སྐུ་ངལ་བཟོད་གླགས་མེད་པ་འཕྲད་པ་དེ་དག་ལ་གདོང་ལེན་ཇི་ལྟར་མཛད་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་བཙན་བྱོལ་ལ་ཕེབས་པའི་བརྒྱུད་རིམ་རྣམས་ཞིབ་རྒྱས་ངོ་སྤྲོད་སྩལ་བ་དང་སྦྲགས།  བཙན་བྱོལ་ནང་ཕེབས་པའི་རྗེས་མི་མང་པོར་མཇལ་འཕྲད་དང་གཟིགས་རྒྱ་ཆེན་པོ་བྱུང་སྐོར་བཀའ་ལན་སྩལ་ཡོད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱར་མཛད་འཆར་བསྐྱང་གཏན་ཁེལ་ཁག་ཆེད་བཀོད་གནང་བར་གཞིགས་ན།  ཟླ་ ༥ ཚེས་ ༡ ཉིན་ཐེ་ཝན་བོད་ཀྱི་ནང་བསྟན་སྨོན་ལམ་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠༌༣༠ བར་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དང་བཀའ་འདྲི་དགོངས་སྐོར་ཁག་ལ་བཀའ་ལན་མཛད་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

བོད་ཀྱི་མཐའ་མཚམས་ས་ཁུལ་གསུམ་དུ་གནམ་ཐང་གསར་རྒྱག་བྱེད་རྒྱུ་རེད་འདུག

རྒྱ་ནག་དམར་ཤོག་གཞུང་གིས། བོད་དབུས་ཁུལ་གྱི་མཐའ་མཚམས་ཀྱི་ས་ཁུལ་སྟེ། ལྷུན་རྩེ་དང་དིང་རི། དེ་བཞིན་སྤུ་ཧྲེང་རྫོང་གསུམ་དུ་མ་དངུལ་སྒོར་དུང་ཕྱིར་ ༡༣༦ ལྷག་ཆེད་གཏོང་གིས་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་རྒྱུ་རེད་འདུག དེ་ཡང་རྒྱ་ནག་གཞུང་གིས་གཉེར་བའི་བོད་ལྗོངས་ཉིན་རེ་ཚགས་པར་ཐོག་གསར་འགྱུར་བཀོད་པ་ལྟར་ན། རྒྱ་ནག་གིས་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་ལྷ་ས་གནམ་ཐང་གི་རྒྱུག་ལམ་གཉིས་བ་བསྐྱར་སྐྲུན་གྱི་ལས་གཞི་ཞིག་ཀྱང་ཡིན་པ་དང་། ལས་གཞི་དེར་རྒྱ་ནག་གཞུང་གི་རྒྱལ་ཁབ་འཕེལ་སྒྱུར་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་སྟེ་རྒྱལ་ཁབ་རིམ་པའི་མ་དངུལ་རྣམ་གྲངས་སྤྲད་པའི་ཐོག་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པར་འཁོད་འདུག དེ་བཞིན་རྒྱ་ནག་གཞུང་ཕྱོགས་ཀྱིས་སྦྲགས་པའི་གནས་ཚུལ་གྱི་ནང་དུ། གནམ་ཐང་གསུམ་དེ་ལེགས་གྲུབ་བྱུང་བ་ཡིན་ན། བོད་ནང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཇེ་ཚང་དང་དེ་བཞིན་མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་ཀྱི་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་ཆ་རྐྱེན་ཇེ་ལགས་སུ་གཏོང་བ། གཞན་ཡང་ས་གནས་མི་མང་གི་འགྲོ་སྐྱོད་ཇེ་བཟང་དང་དཔལ་འབྱོར་མཁོ་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་འཁོད་འདུག འདི་གའི་གསར་འགོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་དཔལ་ལྡན་བསོད་ནམས་ལགས་སུ་ཐེངས་འདིར་རྒྱ་ནག་གིས་ཆེད་དུ་མ་དངུལ་ཕོན་ཆེར་ཆེད་གཏོང་གི་བོད་ཀྱི་མཐའ་མཚམས་དང་འབྲེལ་བའི་གནམ་ཐང་གསར་རྒྱག་གི་ལས་གཞི་དེའི་རྒྱབ་ལྗོངས་ཀྱི་དམིགས་འབེན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་གནམ་ཐང་གསར་རྒྱག་གི་ལས་གཞི་དེ་ནི་རྒྱ་ནག་གི་ལོ་ལྔ་ཚན་ ༡༤ པའི་རྒྱལ་ཡོངས་ཀྱི་འཆར་གཞི་དང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་དང་འབྲེལ་ནས་བོད་ཁུལ་དུ་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་རྩིས་ཡིན་པར་ངོ་སྤྲོད་དང་འབྲེལ། ཕྱོགས་གཅིག་ནས་མི་མང་འགྲིམ་འགྲུལ་དང་སྐྱེལ་འདྲེན་སྟབས་བདེར་ཡོང་ཆེད་དུ་ཡིན་ནའང་། ཛ་དྲག་གི་དུས་སྐབས་སུ་གནམ་ཐང་དེ་དག་རྒྱ་ནག་གི་མཐའ་དམག་མཁོ་འདོན་དང་དམག་ཆས་སྐྱེལ་འདྲེན་ལ་ཕན་ནུས་འདོན་རྒྱུར་དམིགས་ཡོད་པ་ཞིག་ཡིན་སྐོར་གསུངས་སོང་། དེ་བཞིན་ཁོང་གིས། མ་འོངས་བར་བོད་ནང་དུ་གནམ་ཐང་གི་འཛུགས་སྐྲུན་གྱི་ལས་གཞི་དེ་ལག་འགྲུབ་བྱུང་བ་ཡིན་ན། བོད་ཀྱི་མཐའ་མཚམས་ཀྱི་ཁུལ་དེར་ཆགས་པའི་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེ་སོགས་ཀྱི་མཚོན་པ་བོད་ཀྱི་སྲོལ་རྒྱུན་གྱི་གནས་རི་དང་མཚོ་མོ་སོགས་ཡུལ་སྐོར་སྤྲོ་འཆམ་པའི་དམིགས་འབེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་ཡུལ་དངོས་སུ་ཡོང་ནས་བོད་ཁུལ་དེ་དག་ཚོང་ལས་འཕེལ་རྒྱས་ཀྱི་ལྟེ་བ་ལྟ་བུ་ཞིག་ཏུ་བསྒྱུར་སྲིད་པའི་ཁྲོད་ནས། བོད་མི་རྣམས་ལ་གནས་སྐབས་ཀྱི་ཟ་ཁང་ཚོང་ཁང་ཙམ་ལས་རྒྱུགས་ཆེ་བའི་ཚོང་ལས་ཀྱི་བདག་དབང་ཡོད་ཚད་རྒྱ་ནག་གིས་སྟངས་འཛིན་བྱས་པ་བརྒྱུད་ནས། བོད་ཡུལ་དུ་རྒྱ་ནག་གི་མི་འབོར་སྤོར་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་ཀྱི་རང་ས་རང་ཡུལ་གྱི་ཚོང་ལས་དང་ས་ཁོངས་ཀྱི་བདག་དབང་ཡོད་ཚད་རྒྱ་ནག་གི་ལག་ཏུ་ཤོར་རྒྱུ་ཉག་གཅིག་ཡིན་པར་བརྟེན། དེ་ལྟ་བུའི་རྒྱ་ནག་མི་འབོར་ཀྱི་འཚང་ཁའི་ཁྲོད་ནས་བོད་ཀྱི་ཁོར་ཡུག་འབག་བཙོག་དང་ཆོས་རིག་ཉམས་ཉེས་སུ་འགྲོ་ངེས་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Tibet Review གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་ཡང་། རྒྱ་ནག་གིས་ཕྱི་ལོ་ ༢༠༡༨ ལོར་བོད་ལྷོ་ཁ་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དབུ་འཛུགས་བྱས་པ་བརྒྱུད་ནས། ཨ་སྒོར་ཐེར་འབུམ་ ༦༠ ལྷག་གི་རིན་འབབ་ལྡན་པའི་གསེར་དངུལ་གྱི་གཏེར་རིགས་སྔོག་འདོན་བྱས་ཡོད་པ་མ་ཟད། གཏེར་ཁ་སྔོག་འདོན་དང་འབྲེལ་ནས་ཁུལ་དེར་རྒྱ་ནག་གི་མི་སེར་སྟོང་ཕྲག་མང་པོ་གནས་སྤོར་གྱིས་རྒྱ་གར་གྱི་མཐའ་མཚམས་རྩོད་རྙོག་དང་འབྲེལ་བའི་ས་ཁུལ་ཁག་རྒྱ་ནག་གི་མི་འབོར་མང་པོའི་འཚོ་གནས་སུ་བསྒྱུར་ཡོད་པར་འཁོད་པ་དང་སྦྲགས་ནས། བོད་དབུས་ཁུལ་གྱི་གོང་དཀར་གནམ་ཐང་དེ་ཡང་རྒྱ་ནག་གིས་མི་མང་དང་དམག་མི་གཉིས་སྐྱེལ་འདྲེན་ལ་དམིགས་ཡོད་པ་ཞིག་ཡིན་སྟབས། ཐེངས་འདིའི་གནམ་ཐང་གསམ་གསར་རྒྱག་གི་ལས་གཞི་དེ་ཡང་དམག་མི་དང་འབྲེལ་བའི་དམིགས་འབེན་ཡོད་སྲིད་སྐོར་མངོན་གསལ་གནང་འདུགགཞི་རྩའི་འདས་བའི་ལོ་འགའི་རིང་ནས་རྒྱ་ནག་གིས་རྒྱལ་ཁོངས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལག་བསྟར་གྱི་འོག་ནས་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་འཛུགས་དང་འབྲོག་ཁྱིམ་གནས་སྤོར་གྱིས་ལས་གཞི་རྒྱ་བསྐྱེད་ཀྱིས། ཕྱོགས་ཡོངས་ནས་བོད་ཀྱི་མཐའ་མཚམས་ཁག་ཏུ་མ་དངུལ་མང་པོ་ཆེད་གཏོང་གིས་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་སྤེལ་བཞིན་པ་རེད་འདུག

དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ Duke philip མཆོག་དགོངས་པ་རྫོགས་པར་ཐུགས་གསོ།

དབྱིན་ཡུལ་གྱི་རྒྱལ་མོ་མཆོག་གི་སྐུ་ཟླ་ Philip མཆོག་དགུང་གྲངས་ ༩༩ ཐོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འཕྲལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དབྱིན་ཇིའི་རྒྱལ་མོ་ Elizabeth མཆོག་དང་རྒྱལ་སྲས་ Charles མཆོག་གཉིས་ཀར་ཐུགས་གསོའི་གསུང་འཕྲིན་བསྩལའདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་རྒྱལ་མོ་མཆོག་ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་ Prince Philip མཆོག་སྐུ་འདས་གྲོངས་སུ་སོང་བའི་གནས་ཚུལ་དེས་མགོན་པོ་༸གང་ཉིད་ལ་ཐུགས་ཕམ་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། རྒྱལ་མོ་མཆོག་གི་ནང་མི་ལྷན་རྒྱས་ལ་གདུང་སེམས་མཉམ་བསྐྱེད་དང་ལྷག་དོན་ Prince Philip མཆོག་དམ་པ་དེ་ཉིད་སླད་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག་པ་མ་ཟད། དམ་པ་ཁོང་སྐུ་འཚོ་བཞུགས་རིང་ལ་དོན་སྙིང་ལྡན་པའི་མི་ཚེ་བསྐྱལ་ཐུབ་ཡོད་པར་ང་ཚོས་དགྱེས་ཚོར་བྱེད་དགོས་ཞེས་བཀའ་སྩལ་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་་སྲས་ Charles མཆོག་ལའང་གསུང་འཕྲིན་ལོགས་སུ་སྩལ་ཏེ་ཁོང་ནི་མགོན་པོ་མཆོག་གི་གུས་བཀུར་འོས་པའི་མཛའ་གྲོགས་ཤིག་ཡིན་པར་བཀའ་སྩལ་དང་འབྲེལ་ནས་རྒྱལ་སྲས་མཆོག་དང་ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཀའ་སྩལ་འདུག ༧གོང་ས་མཆོག་གིས་རྒྱལ་སྲས་ Charles མཆོག་ལའང་ཁོང་གི་ཡབ་དམ་པས་སྐུ་ཚེ་ཧྲིལ་པོ་དོན་སྙིང་ལྡན་པའི་མི་ཚེ་བསྐྱལ་ཡོད་པར་ཡི་རངས་བསྔགས་ཡོད་ཅེས་བཀའ་སྩལ་འདུག

དངོས་གཞིའི་འོས་བསྡུ་སྐབས་སྔོན་འགོག་གི་ཐབས་ལམ་མུ་མཐུད་བསྟེན་དགོས།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༤ པ་བསྐྱངས་པ་དང་སྦྲགས་ཏེ་བོད་མི་མང་ཚོགས་ནས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ཆེན་མོའི་ལས་རིམ་སྐབས་ཏོག་དབྱིབས་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་བསྟེན་དགོས་པའི་གཞེན་སྐུལ་གནང་སོང་།གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་རྒྱ་གར་ནང་ཁ་སྔོན་ཆུ་ཚོད་ ༢༤ ནང་ཚུད་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་མི་གྲངས་འབུམ་གཅིག་ལྷག་ཙམ་ཐོན་པ་ད་ཆ་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས་བོད་མི་མང་ཚོགས་ནས་དུས་ཚོད་འདིར་ངེས་པར་དུ་ཡིད་གཟབ་དང་རིག་པ་སྒྲིམ་དགོས་པ། ལྷག་པར་དུ་ནད་ཡམས་དེའི་རྐྱེན་གྱིས་བགྲེས་སོང་ཕལ་མོ་ཆེ་འདས་གྲོངས་སུ་འགྲོ་ཡི་ཡོད་སྟབས་ལོ་ན་གཞོན་པ་རྣམས་ནས་རང་ཁྱིམ་དུ་བཞུགས་མཁན་ལོ་ན་བགྲེས་པ་ཚོའི་འཕྲོད་བསྟེན་ལ་དགོངས་པ་བཞེས་ཏེ་ཕྱིར་དོན་མེད་མ་ཕེབས་རོགས་ཞེས་གཞེན་སྐུལ་གནང་སོང་།དེ་བཞིན་ཁོང་གིས་རིང་མིན་ཚེས་ ༡༡ ཉིན་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་སླེབས་ཉེ་དང་བསྟུན་མང་ཚོགས་ནས་ཏོག་དབྱིབས་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་བསྟེན་དགོས་པ་མ་ཟད་འོས་བསྡུའི་ས་ཚིགས་སུ་ཕྲུ་གུ་འཁྲིད་རྒྱུ་མེད་པ་དང་། སྔ་ས་ནས་འོས་སུ་ལ་འཕེན་མི་འཕེན་གྲ་སྒྲིག་གནང་རོགས་ཞེས་གསུངས་ཡོད། ས་གནས་ཀྱི་གནས་སྟངས་དང་འབྲེལ་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མིའི་འདུས་སྡེ་ཁག་ཏུ་ཏོག་དབྱིབས་རིམ་ནད་ཕོག་མཁན་མི་གྲངས་ ༣༧ བྱུང་བའི་ཁོངས་ནས་ནད་རྟགས་ཡོད་པ་མི་གྲངས་ ༢༣ དང་ནད་རྟགས་མེད་པ་ ༡༤ དང་དེའི་ཁྲོད་སྐྱེས་པ་རང་ལོ་ ༨༤ སོན་པ་གཅིན་སྙིའི་ནད་གཞི་ཡོད་པ་གཅིག་འདས་གྲོངས་སུ་གྱུར་ཡོད་པར་གསུངས་སོང་།ད་བར་རྒྱ་བལ་གཉིས་ནང་ཁྱོན་བོད་མི་ ༡༧༥༧ ལ་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་དྲག་སྐྱེད་སོང་བ་ ༡༦༢༨ དང་འདས་གྲོངས་སོང་བ་ ༤༨ དེ་བཞིན་ནད་ཀྱིས་མནར་བཞིན་པ་ ༨༡ ཆགས་ཀྱི་ཡོད་པ་རེད།སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་སྤྱིར་ད་ཆ་རྒྱ་གར་ནང་གཉན་རིམས་དྲག་སྐྱེད་དུ་སོང་མཁན་བརྒྱ་ཆ་ ༩༡ ལྷག་དང་འདས་གྲོངས་སུ་སོང་མཁན་བརྒྱ་ཆ་ ༡.༢༨ ཙམ་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། འདས་པའི་བདུན་ཕྲག་ནང་གཉན་རིམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་ནད་གཞི་ཕོག་མཁན་དེ་དག་ཁོངས་ནས་ཕལ་མོ་ཆེ་གཞོན་སྐྱེས་ཡིན་སྐོར་གསུངས་སོང་།ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ཆ་རྒྱ་གར་གྱི་མངའ་སྡེ་མཧཱ་རཤྚ། ཀེ་ར་ལ། ཀ་ན་ཊ་ཀ། ཨནྲཔྲ་དེཤ།དེ་བཞིན་ཏ་མིལ་ནཱ་དུ་བཅས་ཀྱི་མངའ་སྡེའི་ནང་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་ལྷག་པར་དུ་ས་གནས་དེ་དག་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་མིའི་ས་ཁུལ་ཁག་ཅིག་ཡོད་པར་བརྟེན་བོད་མི་རྣམས་ནས་དམིགས་བསལ་ཡིད་གཟབ་གནང་དགོས་གལ་ཡིན་སྐོར་གསུངས་ཡོད།  གཞི་རྩའི་རྒྱ་གར་ནང་ད་ཆ་ཏོག་དབྱིབས་གནས་སྟངས་ཛ་དྲག་འགྲོ་མུས་དང་བསྟུན་ཉེ་ལམ་ཧི་མཱ་ཅལ་ནང་ཉིན་བརྒྱ་དུས་གཅིག་ལ་གཉན་རིམས་གསར་པ་ཕོག་མཁན་དང་འདས་གྲོངས་སུ་གྱུར་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བའི་སྐབས་འདིར་མངའ་སྡེ་གཞུང་ནས་གཉེན་སྟོན་དང་ཞུགས་འབུལ་ལ་མི་ ༥༠ དང་དེ་བཞིན་ཁང་པའི་ཕྱི་རོལ་དུ་གཉེན་སྒྲིག་གནང་ཚེ་མི་ ༢༠༠ ལས་མང་བ་འདུ་འཛོམས་གནང་ཆོག་གི་མེད་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ཉེ་ལམ་མངའ་སྡེ་ནང་གཉན་རིམས་ཀྱི་གནས་སྟངས་དང་འབྲེལ་ཤེས་ཡོན་བསྟི་གནས་ཁག་ཟླ་བ་འདིའི་ཚེས་ ༡༥ བར་སྒོ་བརྒྱབ་དགོས་པའི་གསལ་བསྒྲགས་བཏང་ཡོད་པ་མ་ཟད། དེ་རིང་སྔ་དྲོ་སྤྱི་ཁྱབ་བློན་ཆེན་མཆོག་དབུ་བཞུགས་ཀྱིས་སིམ་ལར་དེ་འབྲེལ་ཚོགས་འདུ་ཚོགས་སྐབས་ཤེས་ཡོན་བསྟི་གནས་ཁག་མུ་མཐུད་ཚེས་ ༢༡ བར་ཕྱིར་བཤོལ་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་བརྒྱུད་ལམ་ཁག་ཏུ་གསལ་འདུག

དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ལོ་བཞིའི་ཁྲིམས་ཐག་བཅད་པ།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་མོར་རྔ་བ་རྫོང་ཀོར་མདོ་ཟེར་བའི་ས་ཚིགས་ཤིག་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་དང་ཁོང་གི་རོགས་པ་གྲྭ་བ་གཉིས་ཀྱི་ཁོངས་ནས་རོགས་པ་གཉིས་ཉིན་ཤས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་ད་དུང་རྒྱ་ནག་གིས་བཀག་སྐྱིལ་བྱས་ཡོད་པ་མ་ཟད་རྒྱ་ནག་གི་ཁྲིན་ཏུ་གྲོང་ཁྱེར་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་མི་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ར་འཕྲོད་བྱུང་འདུག གསར་ཁང་ལ་བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་ནང་མིར་འདི་ལོའི་ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གི་ཁྲིམས་ཁང་ནས་ཁ་པར་ཞིག་འབྱོར་ནས་གྲྭ་ཚུལ་ཁྲིམས་ལགས་ཁྲིན་ཏུ་གྲོང་ཁྱེར་ནང་གི་བཙོན་ཁང་ཞིག་ཏུ་ལོ་ ༤ ཁྲིམས་ཐག་བཅད་ཡོད་པ་དང་འབྲེལ་ནས་ནང་མི་རྣམས་ཁོང་ལ་བལྟ་རུ་འགྲོ་མཆོག་གི་ཡོད་པར་བརྗོད་འདུག རྩ་བའི་སྔར་ལོ་གྲྭ་ཚུལ་ཁྲིམས་རིན་ཆེན་ལགས་འཇུ་བཟུང་བྱས་པའི་གནད་དོན་དང་འབྲེལ་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟ་ན། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༣ ཚེས་༢༣ ཉིན་གྲྭ་ཚུལ་ཁྲིམས་ལགས་ཀྱི་ནང་ལ་བརྡ་ཐོ་ཞིག་འབྱོར་བའི་ནང་དུ་གྲྭ་ཚུལ་ཁྲིམས་ལགས་རྒྱ་ནག་གཞུང་གི་ཁྲིམས་སྲོལ་ཨང་ ༡༢༤ བར་འགལ་ནས་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཡིན་པར་བརྗོད་ཡོད་འདུགདེ་བཞིན་གནས་ཚལ་མཁོ་སྤྲོད་པས་ད་དུང་། སྤྱིར་གྲྭ་ཚུལ་ཁྲིམས་ལགས་ཕྱི་ལོ་ ༢༠༡༨ ལོར་རང་ཉིད་ཀྱི་ནུ་བོ་ནོར་བུ་ཚེ་རིང་དང་མཉམ་དུ་ཐེངས་གཉིས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་མྱོང་ཡོད་པ་དང་། དེའང་ཁོང་གིས་ཕྱི་ཕྱོགས་ཀྱི་བོད་མི་ཁག་ཅིག་དང་མཉམ་དུ་བོད་དོན་གླེང་སློང་བྱས་ཡོད་པ་དེ་ཁོང་གི་སྐད་འཕྲིན་ཞིབ་བཤེར་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པར་བརྟེན་དུས་དེ་ནས་བཟུང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་སྐད་འཕྲིན་བེད་སྤྱོད་གཏོང་མི་ཆོག་པར་བཟོས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་ལ་ཁ་པར་གྱི་ལམ་ནས་ཕྱི་རྒྱལ་ན་ཡོད་པའི་བོད་མི་ཞིག་དང་མཉམ་དུ་ཚོུད་གཉིས་ལྷག་ལ་ཁ་བརྡ་བྱས་པའི་བརྒྱུད་རིམ་ཆ་ཚང་སྒྲ་འཇུག་བྱས་ཡོད་པ་དང་དེ་བཞིན་ཁོང་གིས་སྦྲགས་ཁང་བརྒྱུད་ནས་ཕྱི་ལོག་གི་དཔེ་ཆ་གལ་ཆེན་པོ་མང་པོ་ཞིག་བོད་ནང་གི་ས་ཆ་གང་མང་ཞིག་ལ་འགྲེམས་སྤེལ་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་རེད་འདུག དེ་བཞིན་ཁོང་གིས་བོད་དུ་ཆད་ལྟ་བ་ཞེས་པའི་ཁོང་རང་སྒེར་ཀྱི་རྩོམ་རིགས་དྲ་ཚིགས་ཤིག་གཉེར་བཞིན་པ་དེ་ཡང་སྒོ་བརྒྱབས་ཡོད་པ་དང་ཁོང་གིས་སྐད་འཕྲིན་རྒྱབ་ལྗོངས་སུ་རྒྱ་གར་དུ་སློབ་སྦྱོང་བྱེད་བཞིན་པའི་ཕ་མ་གཅིག་པའི་གཅུང་མོ་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་ཁག་ལ་སོང་བའི་འདྲ་པར་ཁག་བཞག་ཡོད་པ་ནི་བོད་དོན་ཆབ་སྲིད་ལ་འབྲེལ་བ་ཡོད་པར་ཉེས་འཛུགས་བྱས་ཡོད་ལུགས་སོགས་བརྗོད་འདུག གཞི་རྩའི་གྲྭ་ཚུལ་ཁྲིམས་ལགས་ནི་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་དཀའ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ལ་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཁོང་ལོ་དྲུག་ཙམ་ནས་མདོ་སྨད་རྔ་ཡུལ་གྱི་བོན་གྱི་དགོན་པ་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་རྒྱུན་སྐྱོང་གིས་ད་ལྟ་སྔགས་ཀྱི་འཛིན་གྲྭ་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་ ༦༨ ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ ༥༧ ཡིན་པ་དང་་ཁོང་ལ་ཕ་མ་གཅིག་གི་སྤུན་མཆེད་ལྔ་ཡོད་འདུག

Latest news