Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཀང་ར་རྫོང་ཁོངས་སུ་རིམས་ནད་ཀྱི་སྒྲིག་གཞི་ཁག་ཅིག་བསྐྱར་དུ་ཡོངས་ཁྱབ་གནང་འདུག

རྒྱ་གར་ནང་གི་ཏོག་ནད་ཀྱི་རླབས་རྒྱུན་གཉིས་པའི་ཁྲོད།  ཉིན་རེར་ཏོག་དབྱིབས་ནད་དུག་གསར་པ་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད།  མངའ་སྡེ་དང་ས་གནས་སོ་སོ་ནས་གནས་སྟངས་ལ་གཞིགས་ཏེ་ཏོག་དབྱིབས་གཉན་རིམས་དང་འབྲེལ་ཐེམ་སྤང་གི་བཀའ་རྒྱ་གཙོས་པའི་ཤེས་ཡོན་ལྟེ་གནས་སོ་སོར་སློབ་ཞུགས་བྱེད་རྒྱུར་ཕྱིར་བཤོལ་སོགས་གནང་ཡོད།  དེའི་ཁྲོད་ཀང་ར་རྫོང་ཁོངས་སུ་ཁ་སང་གཉན་རིམས་དང་འབྲེལ་མཚན་གྱི་བཀའ་རྒྱ་དང་དེ་བཞིན་མངའ་སྡེ་གཞན་ནས་རྫོང་ནང་ཡོང་མཁན་ཚོར་དམིགས་ནས་སྒྲིག་གཞི་ཁག་ཅིག་བསྐྱར་དུ་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་།དེ་ཡང་ཉེ་ལམ་རེས་གཟའ་ཉི་མའི་ཉིན་ཧི་མཱ་ཅལ་མངའ་སྡེ་གཞུང་ནས་ཀང་ར་དང་ཨུ་ནཱ།  སོ་ལན།  དེ་བཞིན་སིར་མཱོར་བཅས་རྫོང་བཞིའི་ནང་དེ་རིང་ཕྱི་ཚེས་ ༢༧ ནས་ཟླ་ ༥ པའི་ཚེས་ ༡༠ བར་མཚན་གྱི་བཀའ་རྒྱ་གཙོས་ཟུར་བཀག་དང་འབྲེལ་སྒྲིག་གཞི་ཁག་ཅིག་ཡོངས་ཁྱབ་གནང་ཡོད་པ་ལྟར།    ཁ་སང་ཀང་ར་རྫོང་དཔོན་སྐུ་ཞབས་ Rakesh Prajapati ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐོང་ཚོགས་ཐོག  ཀང་ར་རྫོང་ནང་དེ་རིང་རེས་གཟའ་མིག་དམར་ནས་བཟུང་ཕྱི་ཕྱོགས་ནས་ཕེབས་མཁན་ཚོར་ངེས་པར་དུ་ curfew pass འམ་བཀག་རྒྱའི་སྐབས་སུ་འགྲོ་སྐྱོད་ཆོག་པའི་ལམ་ཡིག་དགོས་པ་དང་།  དེའི་ཆེད་ཕྱི་ཕྱོགས་ནས་ཡོང་མཁན་ཚོས་ e-pass Portal ཞེས་པའི་ཐོག་ཐོ་འགོད་གནང་དགོས་པར་གསུངས་སོང་།  ལྷག་པར་རྫོང་ནང་ཕྱི་ནས་ཕེབས་མཁན་ཚོ་ RTPCR ཞེས་ཏོག་དབྱིབས་ནད་གཞི་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་མེད་ཚེ་དོ་བདག་རང་ཉིད་ཉིན་གྲངས་བཅུ་བཞི་རིང་རང་གནས་སུ་ཟུར་བཀག་འོག་བཞུགས་དགོས་ཀྱང་།  ཟུར་བཀག་གི་ཉིན་གྲངས་བདུན་རྗེས་ནས་བརྟག་དཔྱད་གནང་འདོད་ཡོད་ཚེ་དེ་ལྟར་གནང་ཆོག་པ་དང་།  སྐབས་དེ་དུས་ནད་གཞི་ཕོག་མེད་པའི་གྲུབ་འབྲས་ཐོན་ཚེ་ཟུར་བཀག་ལ་བཞུགས་མི་དགོས་པ་གསུངས་སོང་། མ་ཟད།  དོ་བདག་རང་ཉིད་ལ་ནད་གཞི་ཕོག་མེད་པའི་གྲུབ་འབྲས་ཡོད་ཚེ་ཟུར་བཀག་འོག་བཞུགས་མི་དགོས་པ་རེད་འདུག  ཕྱོགས་མཚུངས་ཀང་རར་གནས་བཞུགས་ས་གནས་ཀྱི་ཡུལ་མི་མངའ་སྡེ་གཞན་ནང་བསྐྱོད་པ་དང་ཆུ་ཚོད་ ༧༢ ནང་ཚུད་ལ་ཕྱིར་ལོག་ཐུབ་ཚེ་ཟུར་བཀག་འོག་བཞུགས་མི་དགོས་པ་དང་དེ་བཞིན།  མངའ་སྡེ་གཞན་གྱི་མི་ཞིག་རྫོང་ནང་ཆུ་ཚོད་ ༧༢ ནང་ཚུད་ལ་ཕྱིར་ལོག་ཐུབ་ཚེ་དེའང་ཟུར་བཀག་འོག་བཞུགས་མི་དགོས་པ་རེད་འདུག གཞན་ཡང་སྐབས་དེར་རྫོང་དཔོན་གྱིས་དེ་སྔ་མཚན་གྱི་བཀག་རྒྱ་དེ་བཞིན་ཕྱག་ཚོད་ ༨ པ་ནས་སྔ་དྲོའི་ཕྱག་ཚོད་ ༦ བར་ཡིན་པ་དེར་འགྱུརབ་བཏང་ནས་ད་ཆ་མཚན་གྱི་ཕྱག་ཚོད་ ༡༠ པ་ནས་སྔ་དྲོ་ཕྱག་ཚོད་ ༥ བར་དང་དེ་བཞིན་རེས་གཟའ་སྤེན་པ་དང་ཉི་མར་སྔར་ལྟར་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བསྡམས་སྐོར་གསུངས་སོང་། གཞི་རྩའི་ཧི་མ་ཅལ་མངའ་སྡེ་ནང་ད་བར་ཏོག་དབྱིབས་ནད་གཞི་ཕོག་མཁན་མི་གྲངས་ ༨༧༥༠༡ དང་འདས་གྲོངས་སུ་གྱུར་མཁན་ ༡༣༣༦ བྱུང་བ་དང་ལྷག་པར་ཟླ་ ༤ པའི་ཚེས་ ༡༢ ནས་ ༢༥ བར་མངའ་སྡེ་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་གསར་པ་ ༡༧༨༡༥ དང་འདས་གྲོངས་སུ་གྱུར་མཁན་ ༢༢༡ བྱུང་བ་མ་ཟད།  དེའི་ཁྲོད་ཉེ་ལམ་རེས་གཟའ་སྤེན་པའི་ཉིན་ཀང་ར་རྫོང་ནང་མི་ ༨ འདས་གྲོངས་ཀྱིས་རྫོང་གཞན་ནང་ནས་འདས་གྲོངས་སུ་གྱུར་མཁན་གྱི་གྲངས་ཐོ་མང་ཤོས་ཆགས་ཀྱི་ཡོད་པ་རེད་འདུག སྤྱིར་ནད་རླབས་གཉིས་པའི་ཁྲོད་ཧི་མ་ཅལ་ནང་རྒྱ་གར་གྱི་ས་གནས་གཞན་བཞིན་ཏོག་དབྱིབས་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་།  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་མངའ་སྡེའི་ནང་ད་ཆ་ཁ་རས་དང་དུག་སེལ་ཆུ་དེ་བཞིན་དགོས་ངེས་ཀྱི་སྨན། འཚོ་འཛིན་རླུང་སོགས་འདང་ངེས་ཡོད་པ་གསུངས་འདུག་པ་མ་ཟད།  མངའ་སྡེ་ནང་ནད་པའི་ཆེད་ཉལ་ཁྲི་གྲངས་ཚད་སྤར་བར་ཤུགས་སྣོན་གནང་བཞིན་པ་རེད་འདུག རྩ་བའི་འདས་པའི་དུས་ཡུན་ནང་བོད་མི་འདུས་སྡོད་ཁག་ཏུའང་གཉན་རིམས་ཕོག་མཁན་རིམ་བཞིན་མང་དུ་ཐོན་བཞིན་པ་དང་།  དེའི་ཁྲོད་ཕལ་མོ་ཆེར་དེ་ཙམ་གྱི་དམིགས་བསལ་དཀའ་ངལ་འཕྲད་མེད་ཀྱང་།  ཁག་ཅིག་གི་གནས་སྟངས་ཛ་དྲག་འོག་ཡོད་རྐྱེན་ད་ཆ་རྒྱ་གར་གྱི་སྨན་ཁང་ཆེ་ཁག་ནང་སྨན་བཅོས་གནང་མུས་ཀྱི་གནས་སྟངས་རེད་འདུག

ཡོ་རོབ་གནས་སྡོད་བོད་མིས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི།

ཁ་སང་ཟླ་ ༤ ཚེས་ ༢༥ ཉིན་མོ་སྟེ་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་རིན་པོ་ཆེ་མཆོག་དགུང་ལོ་ ༦ ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་ཀྱང། བཙན་བྱོལ་ནང་གི་བོད་མི་ཚོས་ལོ་ལྟར་ཉིན་དེར་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ཡོད་པ་ལྟར་ས་གནས་སོ་སོར་གནང་སྒོ་འདྲ་མིན་ཐོག་ནས་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། ཉིན་འདིར་ཁ་སང་ཡོ་རོབ་རྒྱལ་ཁབ་ནང་ལ་ཆ་མཚོན་ན། ཕ་རན་སིར་ཕ་རན་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་དེ་ཁུལ་དེའི་རྒྱལ་ས་པེ་རེས་ Republique ཐང་ཆེན་དུ་བོད་མི་ཚོས་མངར་ཟས་ Cake འགྲེམས་སྤེལ་དང་གཞས་སྣ་འཁྲབ་སྟོན། དེ་བཞིན་རྒྱ་ནག་དམར་པོའི་གཞུང་གིས་༸པཎ་ཆེན་དགེ་འདུན་ཀྱི་ཉི་མ་མཆོག་འཛིན་བཟུང་ བྱས་ནས་ད་བར་གར་སོར་ཆ་མེད་དུ་བཏང་བའི་བྱ་སྤྱོད་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སྤེལ་བ་དང། རིན་པོ་ཆེ་མཆོག་གང་མགྱོགས་གློད་གྲོལ་ཡོང་བའི་མཚན་རྟགས་བསྡུ་རུབ་བཅས་ཀྱི་གནང་སྒོ་འདྲ་མིན་སྤེལ་བ་བརྒྱུད་བོད་མི་ཚོས་ཉིན་འདིར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བའི་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུགདེ་བཞིན་ཉིན་འདིར་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ནང་དུའང་ཨི་ཊ་ལི་བོད་རིགས་ཚོགས་པ་དངས་གནས་བོད་ཀྱི་བེུད་ལྷན་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཐོུང་གིས་གོ་སྒྲིག་གནང་སྟེ་ཨི་ཊ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Matteo Luigi Banchi ལགས་གཙོ་བཞུགས་ཐོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་ནས་མར་མེའི་སྨོན་ལམ་གསུང་དོན་དང་མངར་ཟས་ Cake འགྲེམས་སྤེལ། དེ་བཞིན་རྒྱ་གཞུང་གི་ངོས་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གང་མགྱོགས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་ཞི་བའི་སྐད་འབོད་སོགས་གནང་བ་བརྒྱུད་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།གཞན་ཡང་ཁ་སང་སུད་སི་ནང་ལ་ཆ་མཚོན་ན། སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་གར་སོང་ཆ་མེད་དུ་བཏང་བའི་ལོ་རྒྱུས་སོགས་ཆེད་སྒྲིག་བརྙན་ཐུང་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་སྤེལ་གནང་བ་དང་། ས་གནས་བེུད་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཚོགས་ཆུང་ཁག་ནས་སྨོན་ལམ་གསུང་འདོན་བཅས་ཆོས་ཕྱོགས་གནང་སྒོ་དང། དེ་བཞིན་ཚོགས་ཆུང་སོ་སོའི་ཁྱབ་ཁོངས་ས་གནས་མང་ཚོགས་ཁྲོད་༸པཎ་ཆེན་རིིན་པོ་ཆེའི་སྐོར་གྱི་ཡིག་ཆ་བགོས་འགྲེམས་ཀྱི་ལས་འགུལ་སྤེལ་འདུག་པ་མ་ཟད། དེ་བཞིན་ཉིན་འདིར་སུད་སི་ཨར་གྷའོ་ཚོགས་ཆུང་གིས་བོད་སློབ་དང་རིག་གཞུང་སྡེ་ཚན་གོ་སྒྲིག་འོག་དགེ་ལས་ཕ་མ་དང་སློབ་ཕྲུག་བཅས་འདུ་འཛོམས་ཀྱིས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་ཡང་སྲུང་བརྩིཞུས་འདུག དེ་དང་ཕྱོགས་མཚུངས་ཁ་སང་ཉིན་མོ་འདིར་ཡོ་རོབ་རྒྱལ་ཁབ་གཞན་ནི་དྷར་ལེནཊནང་དུ་ཁུལ་དེའི་ས་གནས་བོད་རིགས་ཚོགས་པ་དང་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་ས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང། དེ་བཞིན་དབྱིན་ཡུལ་བོད་རིགས་ཚོགས་པ་གཙོས་ས་གནས་ཚོགས་སྒེར་ཁག་ནས་ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་དྲྭ་ཐོག་ནས་༸པཎ་ཆེན་རིན་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་བརྙན་ཐུང་སྤེལ་ཡོད་ཅིང་། དེ་བཞིན་སྦེལ་ཇམ་ནང་གི་རྒྱ་ནག་གཞུང་ཚབ་ཁང་མདུན་དུའང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུ་པར་སྒྲིག་གཤོམ་ཐོག་མར་མེའི་སྨོན་ལམ་གསུང་འདོན་གནང་སྟེ་རིན་པོ་ཆེ་མཆོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུགགཞན་ཡང་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ངོ་དེབ་བརྒྱུད་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཆེད་མར་མེའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།  

དྲྭ་ལམ་བརྒྱུད་བོད་ཀྱི་དུས་སྟོན་ཐེངས་ ༡༣ པ་འཚོགས་བཞིན་འདུག

ཨོ་སི་ཊོ་ལི་ཡའི་ནང་གནས་བཞུགས་བོད་པའི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ལོ་ལྟར་གོ་སྒྲིག་གནང་བའི་ Festival of Tibet འམ་བོད་ཀྱི་དུས་སྟོན་དེ་ད་ལྟའི་ཆར་རྒྱ་ནག་ཝུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་རྐྱེན་གྱིས་ Brisbane གྲོང་ཁྱེར་ནང་ཚོགས་ཐུབ་མེད་ཀྱང་ད་ཆ་དུས་སྟོན་ཐེངས་ ༡༣ པ་དེ་དྲྭ་ལམ་བརྒྱུད་འཚོགས་བཞིན་འདུགཐེངས་འདིའི་བོད་ཀྱི་དུས་སྟོན་ཐེངས་ ༡༣ པ་དེ་ཁ་ཉིན་རེས་གཟའ་སྤེན་པ་སྟེ་ཚེས་ ༢༤ ནས་དབུ་འཛུགས་ཀྱིས་ཟླ་ ༥ ཚེས་ ༤ བར་འཚོགས་ཀྱི་ཡོད་པ་དང་དུས་སྟོན་ཐོག་བོད་པའི་གློག་བརྙན་གཟིགས་འབུལ་དང་བགྲོ་གླེང་། གླུ་གཞས། སྙན་ངག་གྱེར་འདོན། སྒྲུང་བཤད། ཟབ་སྦྱོང་། དེ་བཞིན་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་ད་ལྟའི་བོད་ཀྱི་གནས་སྟངས་སོགས་ཀྱི་ལས་རིམ་མང་དག་ཅིག་གོ་སྒྲིག་གནང་འདུགསྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་ཐེངས་འདིའི་བོད་ཀྱི་དུས་སྟོན་དང་འབྲེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་ཞིག་སྩལ་འདུག་པའི་ནང་། ཐེངས་འདིའི་ Prayers for Peace ཞེས་པའི་བརྗོད་གཞིའི་ཐོག་ནས་བོད་ཀྱི་དུས་སྟོན་གོ་སྒྲིག་ཞུས་པ་དེར་ཨོ་གླིང་ཁུལ་གྱི་སྒྱུ་རྩལ་བ་མང་པོ་ཞིག་ནས་མཉམ་ཞུགས་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། རོལ་དབྱངས་ནི་མང་ཚོགས་ཀྱི་ཚོར་ཤེས་འདྲེན་ནུས་ལྡན་པ་དང་། དུས་སྟོན་འདིའི་ཐོག་ནས་རྒྱལ་སྤྱིའི་ཁྲོད་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཆགས་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། དེ་བཞིན་བོད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་སོགས་གསོན་པོ་གནས་པར་མཐུན་རྐྱེན་དུ་གྱུར་ཡོད་པར་བཀའ་སྩལ་འདུགདེ་བཞིན་༸གོང་ས་མཆོག་གིས་བོད་ཀྱི་ལེགས་བྱང་ནི་ཞི་བདེ་དང་བྱམས་བརྩེའི་བདག་ཉིད་ཆགས་ཡོད་སྟབས་དེ་སྲུང་སྐྱོབ་གནང་འོས་པ་དང་། མགོན་པོ་མཆོག་ནས་ནང་ཆོས་ཁྱབ་སྤེལ་མཛད་རྒྱུའི་དགོངས་པ་མེད་ཀྱང་། རང་གཞན་ཀུན་ལ་ཕན་པའི་ཚན་རིག་དང་མཐུན་པ་གང་ཞིག་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ནང་ཆོས་ལས་གསུངས་པ་སེམས་ཀྱི་ཞི་བདེ་འཚོལ་ཐབས་སྐོར་བཀའ་སྩལ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་སྐུ་ཞབས་ཆོས་རྒྱལ་ལགས་ཀྱིས་བོད་ཀྱི་དུས་སྟོན་དེ་ལྟ་བུ་གཉེར་ནས་བོད་དོན་ཐོག་སེམས་འཁུར་གྱི་རྣམ་པ་བསྟན་པར་བསྔགས་བརྗོད་མཛད་པ་དང་སྦྲགས། ཕན་ཚུན་ལྟོས་གྲུབ་བམ་རྟེན་འབྲེལ་གྱི་རྣམ་གཞག་དེ་ནི་ལྷན་སྐྱེས་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གྱི་རྨང་གཞི་ཡིན་སྐོར་བཀའ་སྩལ་བ་མ་ཟད། ང་ཚོའི་ངོས་ནས་རང་ཉིད་ཀྱི་སྒེར་དང་ཁྱིམ་གཞིས། དེ་བཞིན་རྒྱལ་ཁབ་གཅིག་པོའི་དོན་དུ་མིན་པར་འགྲོ་བ་ཡོངས་ཀྱི་བདེ་ཐབས་ལ་སྨན་པའི་ཕྱག་ལས་གནང་གནད་ཡིན་པ་སོགས་ཀྱི་གནད་དོན་ཐོག་ལམ་སྟོན་བཀྲིན་ཆེ་བ་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་མཇུག་ཏུ་ཐེངས་འདིའི་བོད་ཀྱི་དུས་སྟོན་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་དགའ་བསུའི་འཚམས་འདྲི་སྩལ་བ་དང་ཆབས་ཅིག སླད་མར་དུས་སྟོན་དེ་མཛའ་གྲོགས་དང་མཐུན་སྒྲིལ་གོང་འཕེལ་དང་ལྷག་དོན་གོ་ལ་ཁྱོན་དུ་གནས་པའི་གཅེན་གཅུང་ཕོ་མོའི་དབར་བསམ་ཤེས་ཀྱི་གོ་རྟོགས་རྒྱ་གང་ཆེ་ཡོང་བར་ཐུགས་སྨོན་སྩལ་འདུགགཞི་རྩའི་ཆོས་རྒྱལ་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་གསུམ་རིང་བོད་བརྒྱུད་ནང་བསྟན་དང་བོད་ཟས་རིགས། བོད་དོན་དང་འབྲེལ་གློག་བརྙན་གཟིགས་འབུལ། སྒྱུ་རྩལ་སོགས་ཀྱི་སྒོ་ནས་བོད་ཀྱི་ཐུན་མིན་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། དེ་བཞིན་བོད་དོན་དྲིལ་བསྒྲགས་སོགས་གནང་གི་ཡོད་པ་དང་། དུས་སྟོན་དེ་ཐོག་མར་ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཕྱོགས་གང་སར་བོད་མི་རྣམས་ནས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་དང་བསྟུན། རང་དབང་ཅན་གྱི་ཡུལ་ལུང་ནང་གནས་བཞུགས་བོད་མི་ཡོད་དོ་ཅོག་གི་སེམས་ནང་བརྗོད་པར་དཀའ་བའི་སེམས་ཚོར་དྲག་པོ་ཞིག་བསྐྲུན་ཕྱིར་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་པཎ་ཆེན་ཆུང་སྲིད་མཆོག་གར་ཡོད་གསལ་བཟོ་དགོས་བའི་ཞུ་སྐུལ།

ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་ཐོག་འཛམ་གླིང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྲགས་པའི་བོད་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༢ ཀྱི་འཁྲུངས་སྐར་ལ་འཁེལ་གྱི་ཡོད་སྟབས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས། རྒྱ་ནག་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་གང་མགྱོགས་གསལ་བཤད་བྱ་དགོས་པའི་འབོད་སྐུལ་གནང་འདུག དེའང་ཁ་སང་ཚེས་ ༢༢ ཉིན་གོ་སྒྲིག་གནང་བའི་གསར་འགོད་ལྷན་ཚོགས་ཞིག་གི་ཐོག སྐུ་ཞབས་ Ned Price ལགས་ཀྱིས་རྒྱ་ནག་གིས་པཎ་ཆེན་ཆུང་སྲིད་མཆོག་བོད་པའི་སྤྱི་ཚོགས་ལས་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་སྟངས་ལུང་འདྲེན་གནང་བ་དང་སྦྲགས། ཨ་རིའི་ངོས་ནས་བོད་ཀྱི་ཆོས་ལུགས་དད་མོས་རང་དབང་དང་། ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་དང་སྐད་ཡིག དེ་བཞིན་བོད་མིའི་ངོ་བོ་བཅས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་གསུངས་ཡོད་པ་མ་ཟད། ཨ་རིས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་དད་མོས་གཞིར་བཞག་དང་། སྲིད་གཞུང་གི་ཐེ་གཏོགས་མེད་པའི་ཐོག་ནས་༸གོང་ས་ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་ལྟ་བུའི་དབུ་ཁྲིད་ཁག་གདམ་གསེས་བྱེད་རྒྱུའི་ཐོབ་ཐང་ལ་གུས་བརྩི་ཞུ་བཞིན་ཡོད་པར་བསྒྲགས་འདུག གཞི་རྩའི་འདི་ལོའི་བོད་ཀྱི་གསུམ་བཅུའི་དུས་དྲན་སྐབས་སུའང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་རྒྱ་ནག་གཞུང་གིས་ལོ་ངོ་ཉེར་ལྔའི་གོང་དུ་བོད་ཀྱི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ལ་ཐེ་གཏོགས་བྱས་ཏེ། ༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་ཆུང་སྲིད་རིན་པོ་ཆེ་གར་སོང་ཆ་མེད་དུ་བཏང་བ་མ་ཟད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་རང་ཉིད་ཀྱི་འདོད་མོས་ལྟར་གྱི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཅིག་བཙན་དབང་གིས་བསྐོ་གཞག་བྱས་པ་དེ་ནི། ཆོས་དད་རང་དབང་ལ་་རྡོག་རོལ་ཚབ་ཆེ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་གིས་ཁ་སའི་གསར་འགོད་ལྷན་ཚོགས་ཐོག་སླར་ཡང་པཎ་ཆེན་རིན་པོ་ཆེའི་གནད་དོན་བསྐྱར་ནན་དང་འབྲེལ། རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་མཆོག་གར་ཡོད་གསལ་བཟོ་བྱེད་དགོས་སྐོར་གསུངས་བ་མ་ཟད། ཆུང་སྲིད་རིན་པོ་ཆེ་མཆོག་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་འཕྲལ་དུ་གོ་སྒྲིག་ཞུ་དགོས་བའི་དགོས་འདུན་བཏོན་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཆ་མཚོན་ན། དུས་རྒྱུན་ནས་ཆུང་སྲིད་རིན་པོ་ཆེ་ཡི་འཁྲུངས་སྐར་གྱི་ཉིན་མོར་བོད་མི་རྣམས་ཀྱིས་ལས་འགུལ་གྱི་རྣམ་གྲངས་མང་པོ་ཞིག་བརྒྱུད་ནས་སྲུང་བརྩི་བྱེད་སྲོལ་ཡོད་པ་ལྟར། གནངས་ཉིད་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་རྒྱ་གར་གྱི་ཧི་མ་ལའི་ཨེ་ཤ་ཡའི་སློབ་སྦྱོང་ལྟེ་གནས་ཁང་སོགས་ཀྱི་ཚོགས་པ་ཁག་ཅིག་མཉམ་འབྲེལ་གྱི་ཐོག་ནས། རྒྱ་ནག་གིས་པཎ་ཆེན་ཆུང་སྲིད་མཆོག་བཙན་ཁྲིད་དང་བོད་མིར་དེའི་གལ་གནད་ཅེས་པའི་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་གནང་འཆར་འདུག བགྲོ་གླེང་གི་ལས་རིམ་དེའི་ཐོག་ཏུ། རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས། Vijay Kranti ལགས་ཀྱི་གཙོ་སྐྱོང་གི་འོག ཕྱི་ལོ་ ༢༠༢༡ ལོའི་བདམས་ཐོན་སྲིད་སྐྱོང་ངམ། ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་གི་གནད་ཚིག་གི་གསུངས་བཤད་གནང་རྒྱུ་ཡིན་པ་དང་། དེའི་འཕྲོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས། Jaidev Ranade ལགས་སོགས་ཀྱི་གཏམ་བཤད་གནང་རྒྱུ་རེད་འདུག རྩ་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༠ བའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་༡༧ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༦ གི་སྟེང་ཁོང་དང་ཁོང་གི་ཡབ་ཡུམ་དང་བཅས་པ་བཙན་དབང་གིས་གར་སོང་ཆ་མེད་བཟོས་ཏེ། འདི་ལོ་མི་ལོ་ཧྲིལ་བོ་ ༢༦ འཁོང་གྱི་ཡོད་པ་དང་། རྒྱལ་སྤྱིའི་གཞུང་དང་ལྷག་པར་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མང་པོའི་གནོད་ཤུགས་ལ་ལྟོས་མེད། རྒྱ་ནག་གཞུང་གིས་ད་བར་རིན་པོ་ཆེ་མཆོག་ནི་རང་ཉིད་ཀྱི་སློབ་སྦྱོང་མཐར་ཕྱིན་ཏེ་ལས་ཀ་བྱེད་བཞིན་པའི་མི་སེར་དཀྱུས་མ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་པ་མ་གཏོགས་རིན་པོ་ཆེ་གར་ཡོད་སོགས་ཀྱི་གནས་ཚུལ་རྩ་བ་ནས་གསལ་བཟོ་བྱས་མེད་པ་རེད།

དགོས་མཁོ་ཆེ་བའི་ས་ཁུལ་ཁག་ཏུ་སྨན་པ་དང་སྨན་ཞབས་པའི་དང་བླངས་ཕྱག་རོགས་གནང་རོགས།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༦ པ་སྤེལ་བ་དང་སྦྲགས་བོད་མིའི་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་སྨན་པ་དང་སྨན་ཞབས་པའི་དང་བླངས་ཕྱག་རོགས་གནང་རོགས་ཞེས་འབོད་སྐུལ་གནང་སོང་།གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་རྒྱ་གར་ནང་ནད་རླབས་གཉིས་པའི་དུས་ཚིགས་སུ་ཉིན་རེར་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་མུས་ཁྲོད་འདིར་རྒྱ་གར་དུ་གནས་བཞུགས་བོད་མིའི་མི་འབོར་འབུམ་གཅིག་ཙམ་མེད་སྟབས་བོད་མིའི་སྤྱི་ཚོགས་ཁྲོད་ནད་ཡམས་ཁྱབ་གདལ་ཤུགས་ཆེ་མི་འགྲོ་སླད་མང་ཚོགས་ནས་འགན་རང་འཁུར་གྱིས་ནད་ཡམས་ལས་མཐར་ཐབས་དང་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་དགོས་པའི་གཞེན་སྐུལ་ནན་པོ་གནང་སོང་། དེ་བཞིན་དྲུང་ཆེ་མཆོག་གིས་ད་ལྟའི་ཆར་རྒྱལ་ས་ལྡི་ལི་གཙོས་ཀར་ན་ཊ་ཀ་དང་། ཆ་ཏིས་གྷར། མ་ཧཱ་རཤཊྚ་སོགས་མངའ་སྡེ་བཅུ་ཙམ་ནང་ནད་གཞི་ལྗིད་པོ་ཆགས་ཡོད་པ་དང་ཆབས་ཅིག  བོད་མིའི་འདུས་སྡོད་ས་གནས་དྷརྨ་ས་ལ་དང་། ཝཱ་རཱ་ཎ་སཱི། ལྡེ་ར་ལྡུན།  ཧུན་སུར། དེ་བཞིན་ཨུ་རི་ས་བཅས་ནད་པ་མང་པོ་ཐོན་སའི་ས་ཁུལ་ཆགས་ཡོད་པར་གསུངས་སོང་། ནད་ཡམས་ཀྱི་ཛ་དྲག་དུས་སྐབས་སུ་ས་གནས་ཁག་ཅིག་ལ་སྨན་པ་དང་སྨན་ཞབས་པ་འདང་ངེས་མེད་པའི་དཀའ་ངལ་རིམ་པ་འཕྲད་བཞིན་འདུག་པ་དང་། ལྷག་པར་དུ་དེའི་ཁྲོད་ད་ཆ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྨན་ཞབས་པའི་ཕྱག་ལས་གནང་མཁན་དགོས་མཁོ་ཆེ་བར་བརྟེན་ཟླ་བ་གཅིག་གཉིས་ནང་བོད་རིགས་སྨན་པ་རྣམས་སྤྱི་ཚོགས་ཞབས་ཞུ་ཆེད་དུ་དང་བླངས་ཕྱག་རོགས་གནང་རོགས་ཞེས་འབོད་སྐུལ་གནང་བ་དང་སྦྲགས། དེ་ལྟར་གནང་བློ་མཆིས་རིགས་ཚོས་འབྲེལ་བ་གནང་རོགས་ཞེས་གསུངས་སོང་། རྩ་བའི་གཟའ་འཁོར་འདིའི་ནང་བོད་མིའི་འདུས་སྡོད་ཁག་ཏུ་ཏོག་དབྱིབས་ནད་གཞི་ཕོག་མཁན་ ༢༦༠ དང་དེའི་ཁོངས་ལོ་ན་བགྲེས་ཤོས་དེ་ ༩༠ དང་ཆུང་ཤོས་དེ་ལོ་ ༢ སོན་པའི་བྱིས་པ་རེད་འདུག ཚོགས་ཆུང་གི་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་ནད་ཡམས་རྐྱེན་གྱིས་སྐྱེས་པ་རང་ལོ་ ༧༥ སོན་པར་ནད་རྟགས་ཡོད་པ་གང་ཞིག་ལ་ཁྲག་ཤེད་ནད་གཞི་ཡོད་པ་དང་། དེ་བཞིན་སྐྱེས་པ་རང་ལོ་ ༦༦ སོན་པ་གང་ཞིག་ལ་ཏོག་དབྱིབས་ ༡༩ འི་ནད་རྟགས་ཆ་ཚང་མངོན་པ་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་སྐོར་གསུངས་སོང་། ལྷག་པར་དུ་ད་རེས་ནད་གཞི་ཕོག་པའི་ཁོངས་ལོ་ན་ ༦༠ ཡན་གྱི་མི་གྲངས་ ༣༩ དང་།  ༣༠ ནས་ ༥༩ བར་ ༡༣༩ དེ་བཞིན་ ༢༩ འོག་ལ་མི་གྲངས་ ༨༢ བཅས་ནད་རླབས་གཉིས་པ་འདིར་ནད་རྟགས་མངོན་མཁན་མང་བ་ཡོད་པ་རེད་འདུག  ད་བར་ཁྱོན་རྒྱ་བལ་གཉིས་ནང་བོད་མི་ནད་གཞི་ཕོག་མཁན་ ༢༠༩༧ དང་དྲག་སྐྱེད་སོང་བ་ ༡༦༩༢ དང་དེ་བཞིན་འདས་གྲོངས་སུ་སོང་མཁན་ ༥༠ དང་ནད་མནར་བཞིན་པ་དེ་ ༣༥༥ ཆགས་ཀྱི་ཡོད་པ་རེད། སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ནད་གཞི་ཕོག་སྐབས་དབུགས་གཏོང་ལེན་དཀའ་བའི་གནས་སྟངས་ཆགས་ན་མ་གཏོགས་སྨན་ཁང་ལ་ཕེབས་རྒྱུ་མེད་པ་དང་རང་ཁྱིམ་ནས་སྨན་པར་འབྲེལ་བ་གནང་བའི་ཐོག་གསོ་ཐབས་གནང་ན་ལེགས་པ་དང་། དེ་བཞིན་ཟས་སྤྱོད་དང་འབྲེལ་ནས་ཞལ་ལག་ཚ་པོའི་རིགས། ཐང་དང་ཁུ་བ་རིགས། ཞལ་ལག་དུས་ཐོག་ཏུ་མཆོད་རྒྱུ། དུས་ཐོག་གཟིམ་རྒྱུ།  ལྷག་པར་དུ་དངངས་སྐྲག་རིགས་གནང་རྒྱུ་མེད་པར་ལམ་སྟོན་གནང་ཡོད།  ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ནད་རྟགས་རིགས་ཐོན་ཚེ་སོ་སོ་ནས་གནང་དགོས་པའི་ཐད་ལམ་སྟོན་གནང་བ་དང་འབྲེལ། ནད་རྟགས་ཡོད་ཚེ་ཟུར་བཀག་ལ་བཞུགས་རྒྱུ་དང་བརྟག་དཔྱད་གནང་རྒྱུ། ཁ་རས་གྱོན་རྒྱུ་མ་ཟད། ཚང་མས་སྔོན་ཁབ་ངེས་པར་དུ་བརྒྱབ་དགོས་པར་འབོད་སྐུལ་གནང་སོང་། གཞི་རྩའི་དེ་སྔ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཐོག་མར་བྱུང་སྐབས་ལོ་ན་བགྲེས་པ་དང་འཕྲོད་བསྟེན་གྱི་མདུན་ཐོན་ཞབས་ཞུ་བར་ནད་གཞི་འགོས་པའི་ཉེན་འཚབས་ཆེ་བ་ཡོད་པ་གསུངས་པ་ལྟར་བོད་མིའི་འདུས་སྡོད་ཁག་ཏུ་ད་བར་སྔོན་ཁབ་བརྒྱབ་ཟིན་པའི་གྲངས་དེ་ ༡༤༦༣༤  ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ནད་རླབས་གཉིས་པའི་དུས་ཚིགས་འདིར་ནད་གཞི་དེ་དེ་སྔ་ལས་འགོས་ཁྱབ་མྱུར་བ་ཡོད་པས་རྒྱ་གར་དབུས་གཞུང་ནས་རིང་མིན་ཟླ་ ༥ ཚེས་ ༡ ནས་ལོ་ན་ ༡༨ ཡན་ཚང་མར་སྔོན་ཁབ་བརྒྱབ་རྒྱུར་བཀའ་འཁྲོལ་གནང་བ་རེད། རྩ་བའི་ནད་རླབས་གཉིས་པའི་དུས་ཚིགས་དང་འབྲེལ། བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ་ནད་གཞི་ཕོག་མཁན་མི་ཉུང་བ་ཞིག་བྱུང་བ་ལྟར། ནད་གཞི་ཕོག་མཁན་ཁྲོད་ཕལ་མོ་ཆེར་དམིགས་བསལ་ངལ་བ་གང་ཡང་མེད་པ་རེད་འདུག   དེའི་ཁྲོད་དེ་སྔ་ལྡེ་ར་ལྡུན་མངའ་ཁུལ་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་མི་གྲངས་ ༡༣༨ ལ་ནད་གཞི་ཕོག་ཡོད་པ་དང་རྗེས་སུ་མང་ཚོགས་ལ་བརྟག་དཔྱད་མུ་མཐུད་ནས་གནང་སྐབས་ནད་གཞི་ཕོག་མཁན་ ༡༨༤ བྱུང་བ་དེ་ལྟར་ཡང་། ཁག་ཅིག་དྲག་སྐྱེད་སོང་ནས་ད་ལྟའི་ཆར་ནད་གཞི་ཕོག་མཁན་མི་གྲངས་ ༡༧༧ ཆགས་ཡོད་སྟབས། ལྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་ད་ཆར་གནས་སྟངས་ཛ་དྲག་པོ་མེད་སྐོར་འགྲེལ་བརྗོད་གནང་སོང་།

སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་འཛིན་གསར་པའི་དཔོན་རིགས་དང་མཇལ་འཕྲད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཁ་ཉིན་ཚེས་ ༢༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཕེབས་འབྱོར་དང་སྦྲགས་ཏེ་ཨ་རིའི་གཞུང་འཛིན་གསར་པའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཕེབས་འབྱོར་བྱུང་བ་དང་འབྲེལ་ནས་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་དགོང་ཚིགས་ཤིག་གོ་སྒྲིག་ཞུས་འདུག་པ་དང་།གསོལ་སྟོན་དེའི་ཐོག་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་ཁག་ཅིག་དང་། གྲོས་ཚོགས་ཀྱི་ལས་བྱེད། USAID འམ་ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད། དེ་བཞིན་མི་འབོར་དང་སྐྱབས་བཅོལ། ཕྱི་མི་གཞིས་སྤོ་བཅས་ལྷན་ཁང་ཁག་གི་སྐུ་ཚབ། གཞན་ཡང་ལྷོ་ཕྱོགས་དང་དཀྱིལ་ཤར་ཨེ་ཤ་ཡའི་མཛའ་འབྲེལ་འཐུས་ཚབ་བཅས་ལྷན་བཅར་གནང་འདུག ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པའི་ཨ་རིའི་དཔོན་རིགས་དང་ཨ་རིའི་རོགས་ཚོགས་ USAID པའི་འཐུས་མི་བཅས་ལྷན་འཛོམས་གནང་བ་དེ་ནི་ཆེས་ཐོག་མ་ཆགས་ཀྱི་འདུག་པ་དང་། དེའང་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བའི་དུས་སྐབས་འདིར་མང་ཚོགས་འདུ་འཛོམས་ལ་ཚད་བཀག་ཡོད་པ་དེ་ལྟར་ནའང། ལྷན་ཚོགས་དེའི་ཐོག་ནས་ཕན་ཚུན་དབར་ཐུགས་དགྱེས་ཚོར་ཆེན་པོས་བོད་ཀྱི་ཐུན་མིན་ཞལ་ལག་དང་ཕྱི་ལུགས་ཀྱི་ཞལ་ལག་བཅས་ལྷན་རོལ་གནང་འདུག སྐབས་དེར་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་བོད་དང་བོད་མིའི་ཆེད་དུ་བློས་གཏོང་དང་ཕྱག་ལས་གནང་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལན་ཆེས་ཐོག་མའི་ཨ་རིའི་དཔོན་རིགས་དང་ཨ་རིའི་རོགས་ཚོགས་ USAID པའི་འཐུས་མི་བཅས་གནད་འདྲེན་ཞུས་ཏེ་གསོལ་སྟོན་གོ་སྒྲིག་ཞུ་རྒྱུ་བྱུང་བར་དགྱེས་ཚོར་བྱུང་སྐོར་གསུངས་འདུག དེ་བཞིན་ཨ་རིའི་ཆེས་མཐོའི་དཔོན་རིགས་རྣམ་པས་སྲིད་སྐྱོང་མཆོག་གིས་བོད་དང་བོད་མིའི་སླད་དུ་ཕྱག་ལས་གནང་བ་དང་ལྷག་དོན་ཁོང་རྣམ་པ་དང་སྒེར་གྱི་ཐོག་ནས་བློ་ཐག་ཉེ་པོའི་འབྲེལ་ལམ་ཞུས་པར་ཡི་རངས་གནང་བ་མ་ཟད། སྲིད་སྐྱོང་མཆོག་གིས་བོད་དོན་ལ་ཤུགས་རྐྱེན་ཆེན་པོ་སྤྲད་པར་བརྟེན་ཨ་རིའི་གཞུང་གི་ནང་དུ་བོད་ཀྱི་གནད་དོན་དེ་གལ་གནད་གཙིགས་ཆེ་ཤོས་ཆགས་ཡོད་སྐོར་སོགས་གསུངས་འདུག རྩ་བའི་ཁ་ཉིན་རེས་གཟའ་ལྷག་པའི་སྔ་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་གི་གཞུང་འཛིན་གྱི་ལམ་སྟོན་ལྟར་སྲིད་སྐྱོང་མཆོག་དང་སྐུ་ཚབ་དོན་གཅོད། ཨ་རིའི་མི་འབོར་དང་སྐྱབས་བཅོལ། ཕྱི་མི་གཞིས་སྤོ་བཅས་ཀྱི་ལྷན་ཁང་ཁག་གི་གཞུང་འབྲེལ་སྐུ་ཚབ་ལྕམ་སྐུ་ Nancy Izzo Jackson ལགས་དང་ཨ་རིའི་མི་འབོར་དང་སྐྱབས་བཅོལ། ཕྱི་མི་གཞིས་སྤོ་བཅས་ཀྱི་ལྷན་ཁང་ཁག་གི་འགན་འཛིན་སྐུ་ཚབ་སྐུ་ཞབས་ PDAS Richard Albright ལགས། དེ་བཞིན་ཨ་རིའི་མི་འབོར་དང་སྐྱབས་བཅོལ། ཕྱི་མི་གཞིས་སྤོ་བཅས་ཀྱི་ལྷན་ཁང་ཁག་གི་ཕྱི་སྲིད་དྲུང་ཆེན་སྐུ་ཚབ་སྐུ་ཞབས་ Dean Thompson ལགས་བཅས་ཀྱི་དབར་དྲྭ་ཐོག་བགྲོ་གླེང་གནང་ཡོད་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་ ༡༥ པའི་ལས་ཡུན་རྫོགས་ལ་ཉེ་བ་དང་བསྟུན། སྲིད་སྐྱོང་མཆོག་གིས་ཟླ་བ་འདིའི་ཚེས་ ༣ ནས་རྒྱ་གར་བྱང་ཤར་དང་ལྷོ་ཕྱོགས་ཀྱི་བོད་མིའི་གཞི་ཆགས་ཁག་ལ་སྐོར་བསྐྱོད་དང་སྦྲགས་མི་མང་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༡༦ གི་ཉིན་རྒྱབ་ལྡི་ལིར་གནད་ཡོད་དཔོན་རིགས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རིན་བཞནིན་ཨ་རིའི་གཞུང་གསར་པའི་གནད་ཡོད་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་བ་དང་།དེ་རྗེས་ནིའུ་ཡོག་དང་དེ་སྔོན་ཕེབས་མ་ཐུབ་པའི་ས་གནས་རེ་གཉིས་སུ་མི་མང་ཐུག་འཕྲད་དང་གསུང་བཤད་གནང་རྒྱུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་རེད།  

གོ་ལའི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་གོ་སྐབས་གཉིས་ཀར་དོ་སྣང་ཆེ་ཙམ་གནང་དགོས། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༢༢ སྟེ་གོ་ལའི་ཉིན་མོ་དང་བསྟུན་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་འདུག་པར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་མཆེད་གྲོགས་ཕོ་མོ་ཡོངས་ལ་རང་ཅག་ཐུན་མོང་གི་རྟེན་གཞིར་གྱུར་པའི་གོ་ལ་འདིའི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་གོ་སྐབས་གཉིས་ཀར་དོ་སྣང་ཆེ་ཙམ་གནང་དགོས་པའི་གཞེན་སྐུལ་ལམ་སྟོན་མཛད་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་དགོས་པ།

ཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་དེ་སླར་ཆོས་དད་རང་དབང་གི་གནས་བབ་ཐད་སེམས་འཚབ་ཡོད་པའི་རྒྱལ་ཁབ་གྲས་སུ་མིང་འདོན་བྱས་པ་མ་ཟད། ཨ་རིའི་གཞུང་འཛིན་གསར་པས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་འགྱོགས་བསྐོ་བཞག་དགོས་པའི་ཞུ་སྐུལ་གནང་འདུགལྷན་ཚོགས་ཀྱི་དྲ་གནས་ཐོག་ལོ་འདིའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་འདས་ལོ་ནང་གཙོ་བོ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཁྲོད་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་ལ་རྟོག་ཞིབ་གནང་བ་ལས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་འཛིན་མཁན་གྱི་བོད་མི་དང་ཁ་ཆེ། ཡི་ཤུའི་ཆོས་བྱེད་མཁན་ཚོར་དམིགས་བསལ་གྱི་སྡང་ཟུག་ བྱེད་ཀྱི་ཡོད་པའི་གནད་དོན་མངོན་གསལ་དང་སྦྲགས། རྒྱ་ནག་དེ་བྷར་མ་དང་ཀོ་རི་ཡ། Eritrea སོགས་རྒྱལ་ཁབ་གཞན་བཅུ་དང་ལྷན་དུ་སླར་བློ་འཚབ་ཡོད་པའི་རྒྱལ་ཁབ་ཀྱི་གྲས་སུ་མིང་འདོན་གནང་འདུག ཁ་སང་སྙན་ཐོ་དབུ་འབྱེད་དང་འབྲེལ་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Tony Perkins ལགས་ཀྱིས་རྒྱ་གཞུང་གིས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། ཨ་རི་གཙོས་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་གླེང་སློང་གནང་རྒྱུ་མེད་པར་གནོན་ཤུགས་སྤྲོད་ཐབས་ཀྱི་བྱ་སྤྱོད་སྤེལ་ཁག་ནི་འདས་ལོ་ནང་ཆེས་བློ་འཚབ་གནང་དགོས་པའི་གནད་དོན་ཞིག་ཆགས་སྐོར་གསུངས་འདུག དེ་བཞིན་སྔ་ལོར་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བཟོར་ཤུགས་སྣོན་རྒྱག་དགོས་སྐོར་གཏམ་བཤད་སྤེལ་བ་དང་། ཚོགས་འདུ་རྗེས་སུ་བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ཆེད་དམིགས་བསལ་ཚོགས་འདུ་བསྐོང་ཡོད་པ་དང་། དགོན་སྡེ་ཁག་གི་ཐོག་དམ་དྲག་ཆེས་ཆེར་བྱེད་བཞིན་པའི་ཁྲོད་ཡར་ཆེན་སྒར་སོགས་ཀྱི་ནང་དུ་མང་ཚོགས་མཆོད་མཇལ་ལ་ཕེབས་པར་བཀག་སྡོམ། བོད་པའི་སློབ་ཕྲུག་དང་གཞུང་གི་སྲི་ཞུ་བ་དེ་དག་གི་ནང་མི་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གནང་སྒོ་ཁག་ཏུ་མཉམ་ཞུགས་གནང་མ་བཅུག་པ། ༸གོང་ས་མཆོག་གི་བཀའ་སློབ་ཉན་རྒྱུ་དང་ཐ་ན་༸སྐུ་པར་ཉར་རྒྱུ་སོགས་ལ་དམ་དྲག་མུ་མཐུད་བྱེད་ཀྱི་ཡོད་པའི་གནད་དོན་ཁག་ལུང་འདྲེན་དང་ཆབས་ཅིག འདས་ལོ་ ༢༠༢༠ ལོར་ རྒྱ་གཞུང་གིས་བོད་ནང་ནང་པའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་དམ་དྲག་དང་བཏང་འཛིན་བྱེད་ཐབས་གྱི་བྱ་སྤྱོད་ཁག་སྤེལ་མུས་ཡིན་པར་མངོན་གསལ་གནང་འདུག སྔ་ལོར་ཨ་རིའི་ཉེན་རྟོག་པའི་ལས་ཀ་བྱེད་མཁན་ཞིག་ལ་ཡུལ་དེའི་བོད་པའི་སྤྱི་ཚོགས་ཐོག་གསང་ཉུལ་བྱེད་དུ་བཅུག་པའི་གནད་དོན་གཙོས་ཁེ་ན་ཌ་དང་སུད་ཌེན། དེ་བཞིན་སུ་ཛར་ལན་ཌི་བཅས་ཀྱི་ནང་བོད་མིའི་སྤྱི་ཚོགས་ཁྲོད་རྒྱའི་གསང་ཉུལ་བ་ཡོད་པ་ར་ཁྲོད་བྱུང་བའི་གནད་དོན་ཁག་ལུང་འདྲེན་གྱིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་གི་བྱ་འགུལ་སྤེལ་བ་དེ་དག་དང་བོད་ཙམ་མིན་པར་རྒྱལ་སྤྱིའི་རྒྱལ་ཁབ་དུ་མར་དེ་ལྟར་སྤེལ་བར་ཐེར་འདོན་གནང་སྟེ། རྒྱ་གཞུང་གིང་བོད་དང་ཤིན་ཅང་ཡུ་གུར་མང་ཚོགས་ཐོག་དྲག་གནོན་གྱི་བྱ་འགུལ་སྤེལ་བ་དེ་དག་བརྒྱུད་རྒྱལ་སྤྱིའི་ཁྲོད་དེ་ལྟར་སྤེལ་བཞིན་པའི་དམིགས་དཔེ་ངན་པའི་ཤུགས་རྐྱེན་ཇེ་ཆེར་འགྲོ་ཉེན་ཡོད་པར་ཐུགས་འཚབ་ཡོད་སྐོར་འགྲེལ་བརྗོད་གནང་འདུག དེའི་ཁྲོད་སྔ་ལོར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༣༩ ཡིས་རྒྱ་གཞུང་ལ་བོད་མི་དང་ཤིན་ཅང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་སྲུང་ཞུ་དགོས་པའི་རེ་སྐུལ་དང་། སྔ་ལོར་ཨ་རི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནས་བོད་མི་དང་མང་ཚོགས་གཞན་རྣམས་ཀྱི་ཐོག་དྲག་གནོན་གྱི་གནད་དོན་སྤེལ་ཁག་ལ་གདོང་ལེན་གནང་བའི་བཟང་ཕྱོགས་ཀྱི་གནད་དོན་ཁག་ཅིག་ལུང་འདྲེན་དང་འབྲེལ་ཏེ་ཨ་རི་གཞུང་གི་ངོས་ནས་བོད་དོན་ཁྲིམས་འཆར་གྱི་འགྲུ་དོན་བཞིན་ནུས་པ་ལྡན་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་བཞག་གནང་དགོས་པའི་སྐུལ་མ་གནང་འདུག དེའི་བར་ན་ཉེ་ཆར་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་སྙན་ཐོ་འདོན་སྤེལ་གནང་བར་དངོས་ཡོད་གནས་ཚུལ་བཀག་སྡོམ་ཐད་སྔོན་ཁབ་ལྟ་བུའི་ནུས་པ་ཡོད་མཁན་གྱི་གསར་འགོད་ལས་རིགས་ལ་རྒྱལ་སྤྱི་ཁྱོན་ཡོངས་སུ་དམ་དྲག་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པ་དང་། མཐུན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་གི་གནས་སྟངས་རྒྱུས་ལོན་གནང་བར་རྒྱལ་ཁབ་ ༡༣༠ ཙམ་གྱི་ནང་དུ་གསར་འགོད་རང་དབང་ལ་དམ་དྲག་བྱེད་བཞིན་པའི་ངལ་བ་འཕྲད་བཞིན་ཡོད་པ་ལྟར་དེའི་ཁོངས་ནས་རྒྱ་ནག་དེ་རྒྱལ་ཁབ་ ༡༨༠ ཁོངས་ནས་གསར་འགོད་དབང་ལ་དམ་དྲག་ཆེས་ཆེར་བྱེད་མཁན་གྱི་རྒྱལ་ཁབ་ ༡༧༧ པར་མིང་འདོན་གནང་བ་དང་དེའི་རྗེས་སུ་ཨེ་ཤ་ཡའི་རྒྱལ་ཁབ་ Turkmenistan དང་བྱང་ Korea གཉིས་དང་། གནས་སྟངས་ཆེས་སྡུག་ཤོས་ Africa རྒྱལ་ཁབ་ Eritrea བཅས་མིང་མངོན་གསལ་གནང་འདུག  

 ཨོ་གླིང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་གྲོས་མཐུན་ཕྱིར་འཐེན།

ཨོ་སི་ཊི་ལི་ཡའི་གཞུང་ངོས་ནས་ཡུལ་དེའི་མངའ་སྡེ་ Victoria ཡིས་དེ་སྔོན་རྒྱ་ནག་དང་ལྷན་དུ་བཞག་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་མཐུན་གཉིས་ཕྱིར་འཐེན་གནང་བ་མ་ཟད། ཨ་རབ་དང་སུ་རི་ཡ་ལྷན་དུ་བཞག་པའི་གྲས་ཆོད་གཉིས་ཀྱང་ཕྱིན་འཐེན་གནང་འདུགདེའང་སྔར་ལོ་ཨོ་གླིང་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་གཙོ་བཟུང་ཐོག་ Foreign Relations Act ཞེས་པའི་ཕྱི་འབྲེལ་ཁྲིམས་གཞི་ཞིག་གི་ཐོག་ནས་དེ་གའི་མངའ་སྡེ་སོ་སོའི་གཞུང་དང་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་དབར་བཞག་པའི་གྲོས་མཐུན་རྣམས་ཕྱིར་འཐེན་བྱ་ཆོག་པ་བཟོས་ཡོད་པ་ལྟར། ཁ་སང་ཕྱི་དྲོར་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ལྕམ་ Marise Payne ལགས་ཀྱིས་ Victoria མངའ་སྡེའི་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་གནང་རྒྱ་ནག་དང་ལྷན་བཞག་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་མཐུན་དེ་ཕྱིར་འཐེན་གནང་ཡོད་པ་ཡོངས་གྲགས་གནང་བ་མ་ཟད། རྒྱ་ནག་དང་ལྷན་དུ་བཞག་པའི་གྲོས་མཐུན་དེ་དག་ཨོ་གླིང་གི་ཕྱི་སྲིད་ལ་གནོད་སྐྱོན་འགྲོ་གཞི་ཞིག་ཆགས་ཡོད་སྐོར་གསུང་བ་དང་འབྲེལ། ཨོ་གླིང་གིས་མང་གཙོའི་ལམ་ལུགས་གཙོར་འཛིན་གྱིས་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་ལྷན་དུ་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག ཨོ་གླིང་གིས་རྒྱ་ནག་དང་ལྷན་དུ་བཞག་པའི་གྲོས་མཐུན་དེ་དག་ཕྱིར་འཐེན་བྱས་ཡོད་པར་ཕྱིར་བསྒྲགས་བྱས་མ་ཐག  ཁུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཨོ་གླིང་གི་བྱེད་བབ་དེ་ནི་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་རྒྱུན་སྲིང་བྱེད་རྒྱུར་ལྷག་བསམ་རྣམ་དག་མིན་པར་ཕྱིར་མངོན་པ་ཞིག་ཡིན་པ་དང་། གནད་དོན་དེ་ཨོ་གླིང་གི་ངོས་ནས་རྒྱུ་མཚན་དང་མི་མཐུན་ཞིང་ཁྲོང་ཁྲོ་སློང་གཞིའི་འགུལ་སྐྱོད་ཅིག་ཡིན་པར་འགྲེལ་བརྗོད་ཀྱིས།  ཐེངས་འདིའི་ཨོ་གླིང་གི་བྱེད་བབ་དེ་ཡིས་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཏང་བ་ཞིག་ཡིན་པ་མ་ཟད། མི་འགྱངས་བར་བྱེད་བབ་དེ་ཡིས་ཨོ་གླིང་གི་རྒྱལ་ཁབ་རང་ཉིད་ལ་གནོད་གཞི་བྱས་པ་ཞིག་ཆགས་ཡོད་པའི་སྐྱོན་བརྗོད་བྱས་འདུག གཞི་རྩའི་ཕྱི་ལོ་ ༢༠༡༨ ལོར། ཨོ་གླིང་གི་མངའ་སྡེ་ Victoria ཡི་བློན་ཆེན་ Daniel Andrews ལགས་ཀྱིས་རྒྱ་ནག་གོང་སྤེལ་དང་བཅོས་བསྒྱུར་ལྷན་ཁང་དང་མཉམ་དུ་བཞག་པའི་གྲོས་མཐུན་གྱི་ནང་དུ། མངའ་སྡེ་དེ་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གྱི་ལས་གཞིར་མཉམ་ལས་བྱེད་རྒྱུར་འཁོད་ཡོད་པ་ཞིག་ཆགས་ཡོད་པ་རེད།ཨོ་གླིང་གི་རྒྱལ་སྲུང་གི་མཐོ་སློབ་ཀྱི་འགོ་གཙོ།  སྐུ་ཞབས་ Rory Medcalf  ལགས་ཀྱིས་དེ་སྔོན་ནས་མངའ་སྡེ་Victoria སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་བཞག་པའི་གྲོས་མཐུན་དེ་ཡིས་ཨོ་གླིང་གི་རྒྱལ་ཁབ་ཀྱི་མངོན་འདོན་ལ་རྩིས་མེད་དང་ཁུལ་དེའི་ཕྱི་སྲིད་འབྲེལ་ལམ་གསར་བ་ཞིག་འཛུགས་རྒྱུའི་ནུས་བ་ཉམས་དམས་སུ་བཏང་ཡོད་པའི་སྐྱོན་བརྗོད་ཀྱིས། རྒྱ་ནག་དང་ལྷན་དུ་བཞག་པའི་གྲོས་མཐུན་དེར་འཛིན་སྐྱོང་གི་སྐད་ཡིག་དང་ཁོར་ཡུག་གི་ཚད་གཞི། དེ་བཞིན་ངལ་རྩོལ་གྱི་ཐོབ་ཐང་སོགས་གང་ཡང་ཚུད་མེད་པ་དེ་ནི་རྒྱ་ནག་གི་དྲིལ་བསྒྲགས་ལ་ཞབས་འདེགས་ཞུས་པ་ལྟ་བུ་ཞིག་ཆགས་ཡོད་པར་མངོན་གསལ་གནང་འདུག གཞི་རྩའི་རྒྱ་ནག་གིས་ཨོ་གླིང་དང་ལྷན་བཞག་པའི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་དེ་ནི་ཁུལ་དེའི་དཔལ་འབྱོར་ཡར་རྒྱས་དང་མི་མང་གི་བདེ་རྩ་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པའི་འོག་ནས་བཞག་ཡོད་ནའང་། ཁ་སང་ཕྱི་སྲིད་བློན་ཆེན་མཆོག་གིས་ལས་གཞི་དེ་ཕྱིར་འཐེན་བྱས་མཚམས་སུ། Victoria མངའ་སྡེར་གནད་དོན་དེ་དང་འབྲེལ་ནས་འབྲེལ་བ་བྱས་སྐབས་གྲོས་མཐུན་དེ་ཕྱིར་འཐེན་གནང་བར་སྐྱོན་བརྗོད་སོགས་གང་ཡང་བྱས་མེད་པ་མ་ཟད། ཕྱི་སྲིད་ཀྱི་གནོད་དོན་དེ་ནི་རྒྱལ་ཡོངས་ཀྱི་གནད་དོན་ཞིག་ཡིན་པར་ངོས་འཛིན་གྱིས། མངའ་སྡེའི་ངོས་ནས་མུ་མཐུད་དེ་ཁུལ་དེའི་མང་ཚོགས་ཀྱི་དཔལ་འབྱོིར་གནས་བབ་གོང་མཐོར་གཏོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་པར་བརྗོད་འདུག  

Latest news