Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་བཙོན་ཁང་ནས་ཀློད་བགྲོལ་བཏང་བའི་དངོས་དོན་ར་འཕྲོད་ཀྱི་དཔང་རྟགས་མཁོ་སྤྲོད་དགོས།

ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་ཆབ་སྲིད་བཙོན་ཟུར་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་འོག་ནས་གློད་བཀྲོལ་བཏང་དགོས་ཡོད་ཀྱང་ད་ལྟ་ཁོང་གློད་བཀྲོལ་བཏང་ཡོད་མེད་དང་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཡོད་སྐོར་སོགས་ཤེས་རྟོགས་ཐུབ་མེད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་འདུག རྩ་བའི་རིན་པོ་ཆེ་མཆོག་ནི་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་ ༡༩༩༩ ཟླ་ ༨ ཚེས་ ༢༧ ཉིན་རང་གི་བཟའ་ཟླ་ཉི་མ་ཆོས་སྒྲོན་ལགས་དང་ལྷན་དུ་རྒྱ་ནག་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩེད་འགྲན་ཐེངས་དྲུག་པ་བསྐོང་ཚོགས་རྗེས་སུ་འཛིན་བཟུང་བཀག་ཉར་གྱིས་ལྷ་ས་གྲོང་སྡེ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཁོང་གཉིས་ལ་ཁ་བྲལ་བར་ངོས་འཛིན་གྱིས་རིན་པོ་ཆེ་མཆོག་ལ་ཚེ་བཙོན་དང་དེའི་ཐོག་མི་ཚེ་ཧྲིལ་པོའི་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་མ་ཟད། ཉི་མ་ཆོས་སྒྲོན་ལགས་སུ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་ཐོག་ལོ་ལྔའི་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་གིས་གྲྭ་བཞི་བཙོན་ཁང་དུ་ལོ་གཅིག་རིང་ཁེར་རྐྱང་ཟུར་བཀག་བཞག་ཡོད་འདུག ཕྱི་ལོ་ ༢༠༠༣ ཟླ་ ༧ ནང་རིན་པོ་ཆེ་མཆོག་གི་ཚེ་བཙོན་ཁྲིམས་བཅད་ལ་ཅུང་གུ་ཡངས་བཏང་སྟེ་ཁྱོན་ལོ་ ༡༩ རིང་ཁྲིམས་ཐག་བཅད་ནས་ཕྱི་ལོ་ ༢༠༠༥ ལོར་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་གནས་སྤོས་གནང་བ་དང་ལོ་དེའི་ཕྱི་ཟླ་ ༡༡ ནང་ཁོང་གི་བཙོན་འཇུག་དུས་ཡུན་སླར་ཉུང་འཕྲི་བྱས་ཏེ་ཁོང་ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་ཀློད་བཀྲོལ་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་གློད་བཀྲོལ་གཏང་རྒྱུའི་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་ད་ཆ་རྒྱ་གཞུང་གིས་གློད་བཀྲོལ་བཏང་ཡོད་མེད་ཀྱི་དངོས་དོན་ར་སྤྲོད་བྱུང་མེད་སྟབས་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་བབ་དང་གཟུགས་གཞི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་དཀའ་སྐོར་གསུངས་པ་དང་ཆབས་ཅིག རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པའི་ཐོག་རྒྱ་གཞུང་ནས་ཁོང་གི་གནད་དོན་ཐད་ལ་ཆེས་གསང་བ་བྱེད་བཞིན་སྐོར་འགྲེལ་བརྗོད་གནང་སྟེ་རིན་པོ་ཆེ་མཆོག་གི་བདེ་ཐབས་སླད་ཐུགས་འཚབ་ཆེན་པོ་ཡོད་ཅེས་བཀོད་འདུག གཞི་རྩའི་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནང་སྐུ་འཁྲུངས་ཤིང་། ཁོང་ནི་ནང་ཆེན་བང་རི་དགོན་པའི་བང་རི་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་མཛད་པ་ཞིག་ཡིན་པ་དང་། ཁོང་གིས་བོད་ཆོལ་ཁ་གསུམ་གྱི་དྭ་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་དམིགས་བསལ་ཐུགས་འཁུར་བཞེས་ཏེ་ཁུལ་དེར་དྭ་ཕྲུག་གསོ་སྐྱོང་ཁང་ཞིག་ཆེད་འཛུགས་གནང་བ་དང་དེའི་མིང་ལ་རྒྱ་མཚོ་ཞེས་བཏགས་ཡོད་འདུག དེ་ནས་ཕྱི་ལོ་ ༡༩༩༦ ཟླ་ ༥ ནང་བོད་ཀྱི་ས་ཁུལ་འདྲ་མིན་ཁག་ནས་ཁྱོན་དྭ་ཕྲུག་ ༤༠ སྐོར་ཞིག་དེའི་ནང་སློབ་འཇུག་གིས་དེ་དག་ལ་རིན་པོ་ཆེ་མཆོག་གིས་འགན་འཁུར་ཆ་ཚང་བཞེས་ཏེ་ཁོང་རྣམ་པར་བོད་ཡིག་དང་དབྱིན་ཇི། ཨང་རྩི། རྒྱ་སྐད་སོགས་སློབ་ཁྲིད་གནང་ཡོད་ཀྱང་ཕྱི་ལོ་ ༡༩༩༩ ཟླ་ ༨ ནང་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་དང་ཁོང་གི་བཟའ་ཟླ་གཉིས་གློ་བུར་དུ་འཛིན་བཟུང་བྱས་ནས་དེ་འབྲེལ་དྭ་ཕྲུག་གསོ་སྐྱོང་ཁང་ཁྲིམས་འགལ་ཡིན་པར་བཤད་དེ་ལོ་དེའི་ཕྱི་ཟླ་ ༡༠ པ་ནང་སྒོ་བརྒྱབས་ཡོད་པ་རེད།

འདི་ལོའི་འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་གོ་ལྔ་ལྷག་བཞེས་མཁན་སློབ་མ་ཉེར་དྲུག

CBSE འམ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་བསྟུན། དེ་རིང་རླུང་འཕྲིན་ཁང་གིས་རྒྱལ་ཡོངས་ཡིག་རྒྱུག་ཆེན་མོར་མཉམ་ཞུགས་གནང་མཁན་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་གྲུབ་འབྲས་རྒྱུས་ལོན་ཞུས་པར་འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལྷག་བཞེས་མཁན་སློབ་མ་ ༢༦ ལྷག་བྱུང་འདུགམ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་འདི་ལོ་སྒྱུ་རྩལ་དང་ཚོང་རིག དེ་བཞིན་ཚན་རིག་བཅས་སྡེ་ཚན་གསུམ་གྱི་ནང་ལ་དངོས་སུ་ཡིག་རྒྱུགས་ལ་ཞུགས་མཁན་སློབ་མ་ ༡༢༩ བྱུང་ཡོད་པ་ཆ་ཚང་ཡིག་རྒྱུགས་གཙང་འཕྲོད་ཐོག་སློབ་གྲྭའི་སྤྱི་ཡོངས་ཀྱི་གྲུབ་འབྲས་བརྒྱ་ཆ་བརྒྱ་ནས་བརྒྱ་སོན་འདུག་པ་དང་། སློབ་མ་དེ་དག་ལས་ ༢༣ ཕྱོགས་བསྡོམས་ཀྱི་བརྒྱ་ཆ་ ༩༥ ལྷག་ཐོབ་འདུག སྒྱུ་རྩལ་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་བདེ་སྐྱིད་དབྱངས་འཛོམས་ལགས་ལ་ཕྱོགས་བསྡོམས་བརྒྱ་ཆ་ ༩༩ དང་ཚོང་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་བསྟན་འཛིན་རྒྱལ་མཚན་ལགས་ལ་ཕྱོགས་བསྡོམས་བརྒྱ་ཆ་ ༩༧ དེ་བཞིན་ཚན་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་བསྟན་འཛིན་ལེགས་བཟང་ལགས་ལ་ཕྱོགས་བསྡོམས་བརྒྱ་ཆ་ ༩༧ བཅས་ཐོབ་ཡོད། ཐེངས་འདིའི་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅིུས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ནི་མ་སུ་རི་བོད་ཁྱིམ་གྱི་ལོ་རྒྱུས་ཁྲོད་ཀྱི་གྲུབ་འབྲས་བཟང་ཤོས་ཆགས་ཀྱི་ཡོད་སྟབས་རླུང་འཕྲིན་ཁང་གིས་མ་སུ་རི་བོད་ཁྱིམ་གྱི་དྲུང་གཞོན་དགེ་འདུན་རིན་ཆེན་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་ད་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་འདི་ནི་རྣམ་ཀུན་སློབ་མ་ཚོའི་ངོས་ནས་སློབ་གཉེར་ཇི་ཙམ་གནང་གི་ཡོད་མེད་ཀྱི་དཔང་རྟགས་ལྟ་བུ་ཡིན་སྐོར་གསུངས་སོང་། དེ་བཞིན་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་ལྔའི་སློབ་མ་ ༥༦༦ ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་དག་ལས་རྩེ་ཕུད་སོན་པའི་སློབ་མ་གསུམ་པོ་དེ་ནི་དྷ་སྟེང་བོད་ཁྱིམ་དང་སུ་ཇཱ་བོད་ཁྱིམ། གོ་པཱལ་པུར་བོད་ཁྱིམ་བཅས་ཀྱི་སྒྱུ་རྩལ་སྡེ་ཚན་གྱི་སློབ་མ་ཆགས་ཀྱི་འདུག བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་རྩེ་ཕུད་སོན་པའི་སློམ་མ་གསུམ་པོ་དེ་དག་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་ ༩༥ ལྷག་ལོན་ཡོད་པ་དང་སྤྱི་ཡོངས་ད་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཀྱི་རྩིས་སྐོར་ཕྱོགས་དེ་སྔ་དང་མི་འདྲ་བ་ཞིག་ཆགས་ཡོད་སྟབས། ད་ལྟའི་ཆར་སློབ་མ་ཁག་ཅིག་གི་གྲུབ་འབྲས་གསལ་པོ་མེད་པའི་གནས་སྟངས་རྐྱེན་གྱིས་ཕྱོགས་བསྡོམས་ཀྱི་ལས་དོན་ཁག་འགྲོ་མུས་ཡིན་པ་དེ་ལྟར་ཡང་། ད་བར་གསལ་པོ་ཐོན་ཟིན་པའི་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་གྲུབ་འབྲས་ལ་གཞིགས་ན། སློབ་མ་སྒེར་གྱི་བརྒྱ་ཆ་ཚད་མཐོ་སོན་པ་དེ་ཙམ་བྱུང་མེད་ཀྱང་སྤྱི་ཡོངས་ཀྱི་གྲུབ་འབྲས་བརྒྱ་ཆ་དེ་འདས་པའི་ལོ་གཉིས་ལས་བཟང་དུ་ཕྱིན་ཡོད་པར་གསུངས་ཡོད། གཞི་རྩའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་རྐྱེན་པས་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་དེ་སྔ་ལྟར་དངོས་སུ་ཡིག་རྒྱུགས་ཀྱི་ལམ་ནས་གནང་ཐུབ་མེད་པ་དང་། ཐེངས་འདིའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་དག་དེ་སྔ་སློབ་མ་སོ་སོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་བརྒྱ་ཆ་དང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སྐབས་ཀྱི་སློབ་གྲྭ་སོ་སོའི་ཡིག་རྒྱུགས་སྐབས་ཐོབ་པའི་བརྒྱ་ཆ། དེ་བཞིན་རྣམ་ཀུན་ཤེས་ཡོན་ཐོག་དོ་སྣང་ཇི་ཡོད་སོགས་ལས་རག་པའི་བརྒྱ་ཆ་རྣམས་ཕྱོགས་བསྡོམས་གནང་སྟེ་གཏན་འབེབས་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ཆར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་སྒྲིག་གནང་བཞིན་པའི་གནས་སྟངས་ཀྱི་རྐྱེན་གྱིས་སྤྱི་ཡོངས་ནས་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་པའི་སློབ་མ་ག་ཚོད་ནས་མཉམ་ཞུགས་གནང་ཡོད་པ་དང་། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ག་ཚོད་ཆགས་ཀྱི་ཡོད་མེད་སོགས་ཁ་གསལ་ཞིག་ཆགས་མ་ཐུབ་ཀྱང་། ཤེས་རྟོགས་བྱུང་བར་མ་སུ་རི་བོད་ཁྱིམ་དང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁྱོངས་སློབ་གྲྭ་བཅས་ལས་བརྒྱ་ཆ་ ༩༥ ལྷག་བཞེས་མཁན་གྱི་སློབ་མ་ ༢༦ བྱུང་འདུག་པ་དང་། དེ་དག་ནི་འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་ཀྱང་ཆགས་ཀྱི་འདུག

བོད་པའི་ཁྱིམ་ཚང་རེ་རེ་ནས་ནང་མི་གཅིག་བཅིངས་གྲོལ་དམག་མིར་ཞུགས་དགོས་པའི་བཙན་བཀའ་་བཏང་འདུག

དེའང་ཁ་ཉིན་རྒྱ་གར་གྱི་ INDIA TODAY TV ཞེས་པའི་བརྙན་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ཆེད་གཏོང་སླད་བོད་པའི་ཁྱིམ་ཚང་རེ་རེ་ནས་ནང་མི་གཅིག་གམ་བོད་རིགས་གཞོན་སྐྱེས་གཅིག་བཅིངས་གྲོལ་དམག་མིའི་ཁོངས་སུ་ངེས་པར་དུ་ཞུགས་དགོས་པའི་བཙན་བཀའ་བཏང་འདུག་པ་དང་། ལས་འཆར་དེ་ནི་འདི་ལོའི་ཟླ་ ༡ དང་ཟླ་ ༢ པ་ནས་དངོས་སུ་འགོ་བཙུགས་པ་ཞིག་ཡིན་པ་རེད་འདུགརྒྱ་ནག་གཞུང་གི་ངོས་ནས་ལས་གཞི་དེ་ལྟར་གསར་འཛུགས་བྱ་དགོས་དོན་ནི། སྔ་ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་དབར་གདོང་ཐུག་གིས་གནད་དོན་རིམ་ཁག་བྱུང་བ་དང་དེ་རྗེ་སུ་ལ་དྭགས་སྤང་གོང་མཚོའི་ས་མཚམས་ཁུལ་དུ་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་རིགས་དྭངས་ཞབས་དམག་མིས་ས་ཁུལ་དེར་རྒྱ་ནག་གིས་བཙན་བཟུང་བྱས་པའི་ས་ཚིགས་གནད་ཆེ་ཕྱིར་འཕྲོག་པའི་སྔ་རྗེས་ཀྱི་གནས་ཚུལ་བྱུང་བ་དང་འབྲེལ་ཏེ། ད་ལན་རྒྱ་ནག་གཞུང་གིས་བོད་མིའི་གཞོན་སྐྱེས་བསྡུ་སྐོང་བྱ་རྒྱུ་ལས་གཞི་སྤེལ་བཞིན་ཡོད་པ་དང་། ས་མཚམས་ས་ཁུལ་དང་ལྷག་དོན་གནམ་གཤིས་ཚ་དྲོད་ཆེས་མི་སྙོམ་པའི་རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་དང་བྱང་ཤར་ཨ་རུ་ནཱ་ཅལ་ས་ཁུལ་བཅས་ལ་བརྟན་སྲུང་ནན་པོ་ཐུབ་ཕྱིར་ལས་གཞི་དེ་སྤེལ་བ་ཞིག་ཡིན་པ་རེད་འདུགདེ་བཞིན་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་ཞིག་གིས་རྒྱ་ནག་གཞུང་གི་ངོས་ནས་ལས་གཞི་དེ་ལྟར་སྤེལ་བའི་དམིགས་ཡུལ་ངོ་མ་ནི་བོད་མིའི་དམག་མི་དེ་དག་རིམ་བཞིན་འཕགས་བོད་ས་མཚམས་ས་ཁུལ་དུ་གཏན་འཇགས་འགྲེམས་འཇོག་བྱ་རྒྱུ་དང་རྒྱ་གཞུང་གིས་བོད་མིའི་གཞོན་སྐྱེས་དེ་དག་ལ་དམག་སྦྱོང་སྤྲོད་བཞིན་ཡོད་སྐོར་གསུངས་པ་མ་ཟད། བཅིངས་གྲོལ་དམག་ཁོངས་སུ་ཚུད་པར་རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཞེན་ཇི་ཡོད་དང་རྒྱ་སྐད་ཀྱི་ཤེས་ཚད། དེ་བཞིན་རྒྱ་གཞུང་ལ་ཡིད་ཆེས་ཇི་ཡོད་ལ་སོགས་པའི་གནད་དོན་ཁག་ཅིག་གི་ཐོག་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པར་ཆེས་མངོན་གསལ་གནང་འདུག

བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་འཁྲབ་སྟོན་ལས་འགུལ།

སུད་སི་ནང་གི་གནས་སྡོད་བོད་མི་ཚོས་སྒྱུ་རྩལ་གཏམ་བརྗོད་ཀྱི་ལམ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་མངོན་གསལ་གནང་བ་བརྒྱུད་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་ཞི་བའི་སྐད་འབོད་ལས་འགུལ་སྤེལ་སོང་། ཟླ་བའི་འདིའི་ཕྱི་ཚེས་ ༣༡ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཁྱབ་ཁོངས་ Rapperswil དང་ Ruti ས་གནས་ཚོགས་ཆུང་གཉིས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ Helvetia Platz ཐང་ཆེན་དུ་བོད་མི་ལས་འགུལ་བ་ཚོས་བོད་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་སྒོས་རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་ཆོས་དད་དང་སྐད་ཡིག་རང་དབང་རྡོག་རོལ་དང་དམ་དྲག་ཆེན་པོ་བྱེད་བཞིན་པའི་ཐོག་བོད་མིའི་རང་དབང་འཐབ་རྩོད་གནང་མཁན་ཞི་རྒོལ་བ་ཚོའི་སྟེང་དྲག་གནོན་དང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་རྣམས་སྒྱུ་རྩལ་གཏམ་བརྗོད་ཀྱི་ལམ་ནས་ས་གནས་མང་ཚོགས་ལ་མངོན་གསལ་གནང་ཡོད་པ་རེད། བོད་མི་ཚོས་སྐབས་དེར་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་ཞུས་པ་དང་ལྷག་པར་དུ་ས་གནས་མང་ཚོགས་ཁྲོད་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བའི་ཡིག་ཆ་འགོད་འགྲེམས་དང། པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་སུད་སི་གཞུང་འབྲེལ་མི་སྣ་མཉམ་ཞུགས་ལས་ཕྱིར་འཐེན་ཡོང་བ་སོགས་དང་འབྲེལ་ས་གནས་མང་ཚོགས་ཁྲོད་ནས་མཚན་རྟགས་བསྡུ་རུབ་དང་། དེ་བཞིན་ཉིན་དེར་བོད་མི་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་ལ་རང་དབང་དགོས། ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་མགྲན་ཚོགས་ཕྱིར་འཐེན་དགོས་པ་སོགས་ཀྱི་ཞི་བའི་སྐད་འབོད་ལས་འགུལ་སྤེལ་ཡོད། སྤྱིར་ད་ལྟའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་ཁྱབ་ཁོངས་སུ་ཁྱོན་བོད་རིགས་ས་གནས་ཚོགས་ཆུང་ ༢༥ ཡོད་པ་དང་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་མགྲན་ཚོགས་དང་འབྲེལ་ཏེ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཡོངས་ནས་ཁྱབ་ཁོངས་བོད་རིགས་ཚོགས་ཆུང་ཁག་འཆར་འགོད་ཀྱིས་ཟླ་རེར་བོད་དང་འབྲེལ་བའི་ལས་འགུལ་མུ་མཐུད་ནས་སྤེལ་གཏན་ཁེལ་ཡོད་པ་རེད་འདུག

དཀར་འཁྱིལ་ས་མཚམས་ཀྱི་དམག་དཔོན་ཞིག་གིས་༸གོང་ས་མཆོག་གི་བཀྲིན་ལས་ང་ཚོར་གནོད་འཚེ་ཕྲན་བུ་ཙམ་ཡང་མ་བྱུང་བར་གསུངས་འདུག

རེས་གཟའ་ཟླ་བ་ཕྱི་ཚེས་ ༢༦ ཉིན་རྒྱ་གར་རྒྱལ་ཡོངས་སུ་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་པ་ཀིསི་ཐན་བར་ས་མཚམས་དམག་འཁྲུག་བྱུང་བར་རྒྱ་གར་རྒྱལ་ཡོངས་སུ་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་།   དུས་དྲན་སྲུང་བརྩིའི་མཛད་སྒོ་དང་བསྟུན་དམག་དཔོན་ཟུར་པ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྦྱིན་རླབས་ལ་བརྟེན་སྐབས་དེར་ང་ཚོར་གནོད་འཚེ་ཕྲན་བུ་ཙམ་ཡང་བྱུང་མ་སོང་ཞེས་བརྗོད་འདུགདེ་ཡང་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་པ་ཀིསི་ཐན་དབར་ཇ་མུ་ཀ་ཤི་མིར་ཁུལ་གྱི་དཀར་འཁྱིལ་ཟེར་བའི་ས་གནས་སུ་རྒྱལ་ཁབ་ཕྱོགས་གཉིས་བར་ས་མཚམས་ཀྱི་དམག་འཁྲུག་བྱུང་ཡོད། སྐབས་དེར་རྒྱལ་ཁ་རྒྱ་གར་ལ་ཐོབ་ཡོད་ནའང་།  རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༥༠༠༠ ལྷག་གི་མཐོ་སྒང་དུ་དམག་འཐབ་བྱེད་རྒྱུའི་ནུས་པ་དེ་ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་ཚོར་ནུས་པ་ལྡན་ཡོད་པ་ལྟར།   ཕྱི་ལོ་ ༡༩༩༩ ལོའི་ཕྱི་ཟླ་ ༥ ནས་ ༧ བར་གྱི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཀར་འཁྱིལ་ཁུལ་ Tiger Hill ས་མཚམས་ཀྱི་དམག་ཁུལ་དེར་ལ་དྭགས་གདོང་ལེན་རུ་ཁག་དང་ SFF དྭང་ཞབས་དམག་དཔུང་གཉིས་ཀྱིས་ནུས་རྩལ་ལ་བརྟེན་ནས་རྒྱལ་ཁ་བླངས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གཞུང་གི་ངོས་ནས་ལོ་རེའི་ཕྱི་ཟླ་ ༧ ཚེས་ ༢༧ དེ་དཀར་འཁྱིལ་རྒྱལ་ཁའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་པ་ལྟར།   ཁ་ཉིན་རྒྱ་གར་གྱི་གསར་ཁང་ཆེ་གྲས་ CNN IBN གྱི་ Kargil Vijiya Diwas ཞེས་པའི་ཉིན་མོ་དང་བསྟུན། དམིགས་བསལ་བརྙན་འཕྲིན་གྱི་ལས་རིམ་ཞིག་བཟོས་ཡོད་པ་དང་། དཀར་འཁྱིལ་དམག་ཐོབ་བྱས་རྗེས་ཅན་གྱི་མི་སྣ་ཁག་ཅིག་ལ་བཅའ་འདྲི་ཞུས་པའི་ཁོངས་སུ།   ལ་དགས་གདོང་ལེན་རུ་ཁག་དམག་སྤྱི་བསོད་ནམས་དབང་ཕྱུག་ལགས་ཀྱིས། སྐབས་དེར་ངོས་རང་དམག་ས་དེར་སླེབས་ཉེར་ཡོད་པའི་མི་ཊར་  ༥༠༠ ཙམ་དུ་ཕྱོགས་གཞན་གྱི་པ་ཀིས་ཐན་གྱི་དམག་མི་ཚོས་མེ་མདའ་རྒྱག་འགོ་ཚུགས་སོང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ་སྐབས་དེར་གློ་བུར་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་ངོ་རུབ་སྟེ་ང་ཚོའི་ཕྱོགས་ཀྱི་ས་ཚིགས་དེ་མཐོང་དཀའ་བ་ཆགས་པར་བརྟེན་ང་ཚོར་ཕར་རྒོལ་བྱེད་རྒྱུར་གོ་སྐབས་བཟང་པོ་ཞིག་བྱུང་པ་དང་།   ང་ཚོའི་དམག་མི་ཚོས་སྐབས་དེར་པ་ཀིསི་ཐན་གབ་ཡུལ་ས་ཚུགས་ལ་ཕར་རྒོལ་བྱས་ཏེ་རྒྱལ་ཁ་ལེན་ཐུབ་པ་བྱུང་ཡོད་པར་བརྗོད་ཡོད། བསོད་ནམས་དབང་ཕྱུག་གི་རུ་ཁག་ནང་ཡོད་པའི་ཚེ་རིང་སྟོབས་ལྡན་ལགས་ནི་སྐབས་དེར་རུ་ཁག་ནས་དགུང་ལོ་བགྲེས་ཤོས་དེ་ཡིན་པ་དང་།   ཁོང་གི་ CNN IBN གསར་ཁང་ལ་ང་ཚོ་ནང་པ་རེད།   ལྷག་བསམ་རྣམ་དག་གིས་སོ་སོའི་རྒྱལ་ཁབ་དོན་དུ་རང་སྲོག་ཚུན་ཆད་བློས་གཏོང་ཐུབ་མཁན་ཞིག་རེད།  ང་ཚོ་དམག་སར་མ་ཐོན་སྔོན་ལ་ ༸ གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་ཞལ་མཇལ་ཐོབ་བྱུང་།  མཇལ་ཁ་དེའི་སྦྱིན་རླབས་དབང་གིས་ང་ཚོར་རྨ་ཁ་ཙམ་ཡང་བྱུང་མེད་པར་གསུངས་སོང་།གཞི་རྩའི་ཕྱི་ལོ་ ༡༩༩༩ ལོའི་རྒྱ་གར་དང་པ་ཀིསི་ཐན་བར་གྱི་དམག་འཁྲུག་དེའི་སྐབས་ SSF དྭང་ཞབས་ཀྱི་རུ་ཁག་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད།   དྭང་ཞབས་རུ་ཁག་གི་བོད་མི་ཁག་ཅིག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ་རྒྱ་རིགས་སྐྱབས་བཅོལ་བ་མང་དུ་འགྲོ་བཞིན་པ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ནང་གི་ལོ་རབས་དྲུག་བཅུའི་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ནས་བཟུང་། རྒྱ་ནག་གི་ནང་དུ་སྐྱབས་བཅོལ་ཞུ་མཁན་ཉུང་དུ་ཕྱིན་ཡོད་ནའང་། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་ཀྱི་འོག་ཏུ།  ཉེ་བའི་ལོ་འགའི་རིང་རྒྱ་ནག་ནས་ཕྱི་རྒྱལ་དུ་སྐྱབས་བཅོལ་ཞུ་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པར་ཡོངས་གྲགས་གནང་འདུགདེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོ་སྐྱབས་བཅོལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གི་ནང་དུ་ཕྱི་ལོ་ ༢༠༡༢ ལོར་རྒྱ་རིགས་ཕྱི་རྒྱལ་དུ་སྐྱབས་བཅོལ་ཞུ་མཁན་གྱི་གྲངས་འབོར ༡༥༣༦༢ ནས་ཕྱི་ལོ་ ༢༠༢༠ ལོར་སྐྱབས་བཅོལ་ཞུ་མཁན་གྲངས་ ༡༠༧༨༦༤ ལྷག་ཇེ་མང་དུ་ཕྱིན་ཡོད་པར་མངོན་གསལ་གནང་འདུག དེ་བཞིན་ཕྱི་ལོ་༢༠༡༢ ལོའི་ལོ་མཇུག་ཏུ་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་གནས་བཟུང་བ་ནས་ཕྱི་རྒྱལ་དུ་སྐྱབས་བཅོལ་ཞུ་བར་དེབ་སྐྱེལ་བྱེད་མཁན་གྱི་རྒྱ་རིགས་གྲངས་ ༦༡༣༠༠༠ ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་དེ་དག་ལས་བརྒྱ་ཆ་ ༧༠ ལྷག་གིས་ཨ་རིའི་ནང་དུ་སྐྱབས་བཅོལ་ཞུ་ཐབས་བྱས་ཡོད་པ་དང་། ཡང་མང་པོ་ཞིག་གིས་དང་ཐོག་ཡུལ་སྐོར་སྤྲོ་འཆམ་པའམ་སློབ་ཕྲུག་གི་མིང་ཐོག་ནས་མཐོང་མཆན་ཞུས་རྗེས་ག་ལེར་སྐྱབས་བཅོལ་ཞུ་ཐབས་བྱེད་བཞིན་ཡོད་པར་བསྒྲགས་འདུགདེ་བཞིན་གསར་ཁང་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་ནང་གི་འབྱོར་ལྡན་གྱི་ཁྱིམ་ཚང་མང་པོས་རྒྱ་ནག་ནང་གི་དྲག་གནོན་ཆེ་བའི་སྲིད་གཞུང་དང་རྒྱ་ནག་གི་འབག་བཙོག་གི་གྲོང་ཁྱེར་སོགས་གཡོལ་ཐབས་དང་། རང་གི་བུ་ཕྲུག་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་པོ་ཞིག་སྐྲུན་ཐབས།  གཞན་ཡང་རང་གི་དངུལ་དངོས་རྣམས་བརྟན་སྲུང་ཡོང་ཐབས་སོགས་སུ་རྒྱ་ནག་ལས་ཕྱི་རྒྱལ་ཁག་ཏུ་འབྲོ་ཐབས་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག གསང་བའི་ཡིག་ཚགས་ཕྱི་ལ་ཤོར་བའི་ནང་དུ། ཡུ་རོབ་ཀྱི་ནང་དུ་རྒྱ་ནག་གི་འབྱོར་ལྡན་ལྔ་བརྒྱ་ལྷག་གིས་དཔལ་འབྱོར་གྱི་མ་དངུལ་ཆེད་འཛུགས་ཀྱིས་མི་སེར་ཐོབ་ཐང་བླངས་ཡོད་པའི་ཁོངས་སུ་རྒྱ་ནག་ནང་གི་བུད་མེད་འབྱོར་ལྡན་ཨང་དང་པོ་ Yang Huiyan ཞེས་པ་དེ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པར་ཡོངས་གྲངས་གནང་འདུག དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་འོག་ཏུ། རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་རྣམས་ཀྱི་གཙོ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། སྲིད་གཞུང་གི་སྲིད་བྱུས་ལ་གདོང་ལེན་བྱེད་མཁན་རྣམས་ནི་དམར་ཤོག་སྲིད་གཞུང་གིས་དམིགས་འབེན་དུ་བཟུང་ཡོད་པ་མ་ཟད། ཕྱི་ལོག་གི་གསར་འགོད་པ་རྣམས་ཀྱང་བཀག་སྐྱིལ་བྱེད་བཞིན་པའམ། ཡང་ན་ལས་ཐོབ་ཀྱི་མཆོང་མཆན་འཕར་འགྱངས་བྱེད་ཀྱི་མེད་པའི་གནས་ཚུལ་རིམ་པ་བྱུང་བཞིན་པ་དང་འབྲེལ་ནས། ཉེ་བའི་ལོ་འགའི་རིང་དུ་རྒྱ་ནག་གི་ནང་དུ་དམ་དྲག་གི་གནས་བབ་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་གསལ་འགྲེལ་གནང་འདུག གཞི་རྩའི་རྒྱ་ནག་གི་གདུག་རྩུབ་ཀྱི་སྲིས་བྱུས་ཀྱི་འོག་ཏུ། བོད་མི་སྐྱབས་བཅོལ་ཞུ་མཁན་ཡང་གང་འཚམས་ཤིག་རྒྱ་གར་དུ་སླེབས་ཐུབ་པ་བྱུང་ཡོད་ནའང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་དང་བསྟུན་ནས། རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཁག་ལ་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། བོད་ས་སྤྱི་ཡོངས་སུ་དམ་དྲག་གི་སྲིད་བྱུས་སྔར་ལས་རྒྱ་བསྐྱེད་བྱས་ཡོད་སྟབས། ད་ཆ་བོད་མི་བཙན་བྱོལ་དུ་ཡོང་མཁན་ཡང་ཆེས་ཉུང་དུ་ཕྱིན་ཡོ་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་བ་དེས་རྒྱ་ནག་ལ་བརྡ་ལན་གཉིས་སྤྲོད་ཀྱི་ཡོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱ་གར་ནང་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཁ་སང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་མཇལ་འཕྲད་གནང་ཡོད་པ་ལྟར་མཇལ་འཕྲད་དེས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་གཞུང་འཛིན་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་ལྷག་པར་དུ་ད་ཆ་རྒྱ་དཀར་ནག་གཉིས་ཀྱི་དབར་འཕགས་བོད་མཐའ་མཚམས་ཀྱི་རྙོག་གླེང་ཆེ་བའི་དུས་ཚིགས་ཁྲོད་རྒྱ་གར་ནང་མཇལ་འཕྲད་གནང་བ་དེ་ནི་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་གསུངས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་གར་ནང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་དང་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jaishankar མཆོག རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ Arjit Doval ལགས་གཙོས་རྒྱ་གར་གྱི་དབུ་ཁྲིད་ཚོ་དང་མཇལ་མོལ་གནང་སྟེ་སྲིད་བློན་མཆོག་གིས་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ལྷན་ཏོག་དབྱིབས་གཉན་རིམས་དང་ཨཕ་གྷ་ནིསྟཱན་སོགས་ཀྱི་གནད་དོན་ཐད་བཀའ་བསྡུར་གནང་འདུག་པ་མ་ཟད། སྲིད་འཛིན་བྷ་ཌན་མཆོག་གི་རྒྱ་གར་དང་ཨ་རི་ཕྱོགས་གཉིས་ཀྱི་ཐབས་བྱུས་ཀྱི་འབྲེལ་ལམ་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ཞལ་བཞེས་ལ་དགའ་བསུ་ཞུས་ཡོད་པ་རེད། ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱ་གར་གྱི་གནད་ཡོད་དབུ་ཁྲིད་ཚོ་དང་མཇལ་འཕྲད་མ་གནང་བའི་གོང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ཟུར་དུ་དམིགས་བསལ་མཇལ་འཕྲད་གནང་ཡོད།ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་དང་མཇལ་འཕྲད་གནང་བ་དེ་དེ་སྔ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་གིས་ཕྱི་ལོ་ ༢༠༡༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་བའི་སྐབས་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་སྔར་ལོའི་ཕྱི་ཟླ་ ༡༡ ནང་ཨ་རིའི་ཕོ་བྲང་དཀར་པོར་མགྲོན་འབོད་གནང་བའི་རྗེས་སུ་ཨ་རིའི་ཆེས་མཐོའི་དབུ་ཁྲིད་དང་བོད་མིའི་དབུ་ཁྲིད་དབར་དངོས་སུ་མཇལ་འཕྲད་གནང་བ་ཆེས་མངོན་གསལ་ཅན་ཞིག་ཆགས་ཡོད་པ་རེད།ཐེངས་འདིའི་མཇལ་འཕྲད་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་ལམ་ཁག་ལ་སྐུ་ཞབས་ Blinken མཆོག་གིས་དུས་ཚོུད་ཐུང་ངུའི་རིང་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་གནང་ཡོད་པར་གསུངས་པ་ལས་དེ་མིན་ཞིབ་ཕྲ་གང་ཡང་གསུངས་མེད་པ་དང་། ཕྱོགས་མཚུངས་དོན་གཅོད་མཆོག་གིས་ཀྱང་ད་ལྟའི་ཆར་བརྒྱུད་ལམ་ཁག་ཏུ་མཇལ་མོལ་དང་འབྲེལ་བའི་བཀའ་མོལ་གང་ཡང་གནང་མེད་པ་རེད།ཨ་རིའི་གཞུང་འབྲེལ་ལས་བྱེད་མཚན་གསུང་འདོད་མེད་པ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་གོ་ལ་སྤྱི་ཡོངས་ནས་ཆེས་གུས་བཀུར་ཞུ་ཡུལ་ཞིག་ཆགས་ཡོད་སྟབས་ད་ལན་གྱི་མཇལ་མོལ་དེ་ཡག་པོ་བྱུང་སོང་ཞེས་གསུངས་འདུག ལྷག་པར་དུ་ཐེངས་འདིའི་མཇལ་མོལ་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་དང་ལྷག་པར་དུ་ད་ཆ་རྒྱ་དཀར་ནག་གཉིས་ཀྱི་དབར་འཕགས་བོད་མཐའ་མཚམས་ཀྱི་རྙོག་གླེང་ཆེ་བའི་དུས་ཚིགས་ཁྲོད་རྒྱ་གར་ནང་མཇལ་འཕྲད་གནང་བ་དེ་ནི་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་གསུངས་འདུག སྐུ་ཞབས་ཇོ་བྷ་ཌན་མཆོག་གི་གཞུང་འཛིན་ནས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཊམ་མཆོག་གིས་ཆེས་མཐོའི་འགོ་ཁྲིད་དབར་གྱི་གྲོས་མོལ་དེ་རྒྱུན་སྐྱོང་དང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་བརྡ་ལན་སྤྲོད་ཀྱི་ཡོད་པ་དང་ཆབས་ཅིག་ཏུ་མཇལ་འཕྲད་དེ་འདས་ལོར་ Tibet Policy and Support Act  ཞེས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་གཏན་འབེབས་གནང་བ་དང་འབྲེལ་ནས་གཟིགས་རྒྱུ་ཡོད་པར་གསུངས་འདུགསྤྱིར་ད་རེས་ཀྱི་འཚམས་གཟིགས་དེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་སྐུ་ Wendy Sherman མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཐུག་འཕྲད་ཀྱིས་ཨ་རི་ནས་རྒྱ་གཞུང་གིས་བོད་གཙོས་པའི་དེའི་དབང་སྒྱུར་འོག་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་ཐུགས་འཚབ་ཡོད་པར་གླེང་བའི་ཉིན་གྲངས་གཉིས་ཀྱི་རྗེས་ནས་ཡོང་བ་ཞིག་ཆགས་ཀྱི་ཡོད། ཐེངས་འདིའི་མཇལ་འཕྲད་ཐད་རྒྱ་ནག་གི་ Global Times བརྒྱུད་ལམ་ཐོག་རྒྱ་རིགས་དཔྱད་ཞིབ་པ་ཁག་ཅིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་འཚམས་གཟིགས་དེས་ཨ་རི་ནས་རྒྱ་གར་དང་ལྷན་རྒྱ་ནག་ལ་གདོང་ལེན་གནང་རྒྱུའི་དམིགས་ཡུལ་ཡོད་པ་གསལ་པོ་རེད་ཅེས་དང་། ལྷག་དོན་རྒྱ་གར་གྱིས་ཨ་རི་ཕྱོགས་སུ་ཕྱིན་ན་དེའི་ཐབས་བྱུས་ཀྱི་རང་དབང་བརླག་རྒྱུ་ཡིན་པས་དེ་ནི་རྒྱ་གར་ལ་ཉེན་ཁ་ཆེན་པོ་ཆགས་ཀྱི་རེད་ཅེས་སོགས་བསམ་ཚུལ་སྤེལ་འདུགལྷག་པར་དུ་རྒྱ་དཀར་ནག་གཉིས་དབར་འཕགས་བོད་མཐའ་མཚམས་ཀྱི་རྙོག་གླེང་གི་རྐྱེན་གྱིས་རྒྱ་གར་ནང་རྒྱ་ནག་ལ་ངོ་རྒོལ་གྱི་འབོད་སྒྲ་དེ་ཇེ་ཆེར་འགྲོ་ཡོད་པ་མ་ཟད་རྒྱ་གར་ནས་ཨ་རི་དང་ལྷན་རྒྱ་ནག་ལ་ཁ་གཏད་གཅོག་སླད་ཟུང་སྦྲེལ་གནང་དགོས་པའི་དགོངས་ཚུལ་གནང་མཁན་ཡོད་སྟབས་དེ་ནི་ཨ་རིར་བསྟུན་མཁས་བྱེད་ཀྱི་ཡོད་པ་མངོན་གསལ་ཡིན་པ་སོགས་བཤད་ཡོད། འཚམས་གཟིགས་དེའི་ཁྲོད་སྐུ་ཞབས་ Blinken མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་དང་མཇལ་འཕྲད་གནང་བ་དེས་ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་པར་ཀུན་སློང་ཡོད་པ་གསལ་པོ་རེད་ཅེས་གསུངས་པ་དང་། ལྷག་དོན་ཨ་རིའི་ངོས་ནས་བཀའ་མོལ་ཞིག་གནང་ཡང་དོན་དངོས་ཐོག་གོ་བ་གཞན་ཞིག་ཡོད་སྟབས་ང་ཚོས་ཕྱི་སྲིད་དྲུང་ཆེ་མཆོག་གིས་འཚམས་གཟིགས་དེའི་ཁྲོད་གང་གནང་བ་དང་གང་གསུངས་པ་དེ་ཚོར་ཧ་ལས་རྒྱུ་མེད་པ་དང་ཁོང་གིས་གང་གནང་བ་དེ་དག་ཚང་མ་ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཐབས་བྱུས་ཤིག་ཡིན་སྐོར་གསུངས་པ་དང་སྒོས་སྐུ་ཚབ་དོན་གཅོད་མཆོག་དང་མཇལ་འཕྲད་གནང་བ་དེ་ཨ་རིའི་གཞུང་འཛིན་ནས་རྒྱ་ནག་ལ་ཁོང་ཁྲོ་སློང་བར་གོ་སྐབས་དམ་འཛིན་གནང་གི་ཡོད་པར་གསུངས་ཡོད། རླུང་འཕྲིན་ཁང་གིས་ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་དང་མཇལ་འཕྲད་གནང་བའི་གནད་དོན་དང་འབྲེལ་ཏེ་དབུས་བོད་ཀྱི་གཞོན་ལྷན་ཚོགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ལ་དགོངས་ཚུལ་ཅི་ཡོད་བཅར་འདྲི་ཞུས་ཡོད་པས་གཤམ་ལ་གསན་གནང་ཡོང་བའི་དགོངས་འཇགས་ཞུ།།

ནོ་སྦེལ་ལྷན་ཚོགས་ཐོག་༸གོང་ས་མཆོག་དང་ཐེ་ཝན་གྱི་ཚན་རིག་པའི་གསུང་བཤད་བཀག་སྡོམ་ལ་སྐྱོན་བརྗོད།  

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཚོགས་པའི་ནོ་སྦེལ་ལྷན་ཚོགས་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྣམ་ཀུན་ནས་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཐེ་ཝན་མི་རིགས་ཡིན་པ་ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་རྫས་སྦྱོར་རིག་པའི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་རྣམ་གཉིས་གསུང་བཤད་གནང་མཁན་ཁོངས་སུ་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ལྷན་ཚོགས་དེ་མ་གནང་བའི་སྔ་རོལ་ཕྱི་ཟླ་གསུམ་པ་དང་བཞི་པའི་ནང་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ལ་ཁ་པར་དང་ལྷག་དོན་ལྷན་ཚོགས་ཀྱི་སྔ་ཉིན་དེར་གློག་འཕྲིན་བཏང་སྟེ་དབུ་ཁྲིད་རྣམ་གཉིས་ཀྱི་གསུང་བཤད་མཛད་རིམ་དེ་ཕྱིར་འཐེན་ཞུ་དགོས་པའི་གནོན་ཤུགས་བསྟུད་མར་སྤྲད་འདུགནོ་སྦེལ་ཐེབས་རྩ་ཁང་དང་ལྷན་དུ་འདི་ལོའི་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་ཨ་རིར་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་ཚན་རིག་ལྟེ་གནས་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་གཞུང་ཚབ་ཁང་གི་ངོས་ནས་ཁ་པར་དང་གློག་འཕྲིན་སོགས་ཀྱི་ཐོག་ནས་གནོན་ཤུགས་ཇི་ལྟར་སྤྲད་མིན་ར་འཕྲོད་གནང་ཡོད་པ་དང་། ལྷན་ཚོགས་གོ་སྒྲིག་གནང་མཁན་གྱིས་རྒྱ་ནག་གི་གནོན་ཤུགས་ལ་ལྟོས་མེད་༸གོང་ས་མཆོག་དང་སྐུ་ཞབས་ Lee ལགས་ཀྱི་གསུང་བཤད་མཛད་རིམ་དེ་ཕྱིར་འཐེན་གནང་ཐབས་མེད་ཅེས་གསུངས་འདུག་པ་དེ་ལྟར་ཡང་། ཁ་སང་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་བརྒྱ་ལྷག་གིས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་གི་བྱེད་བབ་དེར་སྐྱོན་བརྗོད་ཤུགས་ཆེ་དང་ཐུགས་འཚབ་ཀྱི་རྣམ་པ་བཏོན་འདུགབསྒྲགས་གཏམ་དེའི་ཐོག་ཚན་རིག་དང་དཔལ་འབྱོར་རིག་པ། དེ་བཞིན་རྩོམ་རིག་སོགས་སྡེ་ཚན་ཡོངས་ནས་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་བརྒྱ་ལྷག་ཡོད་པ་དང་། བསྒྲགས་གཏམ་གོ་སྒྲིག་གནང་མཁན་གྲས་སུ་ཡོད་པ་ཕྱི་ལོ་ ༡༩༩༣ ལོར་སྨན་གྱི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་བ་སྐུ་ཞབས་ Richard Roberts ལགས་ཀྱིས་རྒྱ་ནག་གི་གནོན་ཤུགས་དེ་ལྟར་རྐྱེན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་གསང་བ་ལས་ཁུངས་གཉིས་ཀྱིས་གནད་དོན་དེའི་ཐོག་རྟོག་ཞིབ་དབུ་འཛུགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག་ཀྱང་། ད་ལྟའི་ཆར་ནོ་སྦེལ་ཐེབས་རྩ་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་གསང་བ་ལས་ཁུངས་གཉིས་ཀྱིས་ཞིབ་དཔྱད་གནང་བའི་གྲུབ་འབྲས་མ་སོན་གྱི་བར་དུ་གང་ཡང་གསུང་རྒྱུ་མེད་ཅེས་གསུངས་འདུག གཞི་རྩའི་འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་མཇུག་ལ་ཚོགས་པའི་དྲྭ་ཐོག་གི་ནོ་སྦེལ་ལྡན་ཚོགས་སྐབས་དྲྭ་འབུ་བཏང་སྟེ་འགོག་རྐྱེན་བཟོ་ཐབས་ཀྱི་གནད་དོན་ཐེངས་གཉིས་ཙམ་བྱུང་ཡོད་པ་དང་། ཐེངས་འདིར་བསྒྲགས་གཏམ་ཆེད་འདོན་གནང་མཁན་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་བརྒྱ་ལྷག་ཡོད་པ་དེ་དག་གིས་གནད་དོན་དེ་རྒྱ་ནག་གཞུང་ཚབ་ཁང་དང་ཐད་ཀར་འབྲེལ་བ་ཡོད་མེད་ལ་ལྟོས་མེད་རྒྱ་གཞུང་གིས་ཨ་རིའི་ཚན་རིག་སྡེ་ཚོགས་ལ་གནོན་ཤུགས་སྤྲད་དེ་ནོ་སྦེལ་ཞི་བདེའི་དེད་དཔོན་གཉིས་ལ་དེ་ལྟ་བུའི་དམ་དྲག་བྱས་པར་ཁོང་རྣམ་པར་ཁོང་ཁྲོ་ཤུགས་ཆེ་སློང་ཡོད་པར་འགྲེལ་བརྗོད་གནང་ཡོད།ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee ལགས་ནི་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་ཕྱི་ལོ་ ༡༩༨༦ ལོར་རྫས་སྦྱོར་རིག་པའི་ཐོག་ལ་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་ཡོད་ཅིང་། སྐུ་ཞབས་ Lee ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོར་ཐེ་ཝན་གྱི་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་སྐུ་  Tsai Ing-wen མཆོག་ལ་ཐེ་ཝན་གྱི་རང་བཙན་ཐོག་ལ་བཞེངས་ཕྱོགས་བརྟན་པོ་མེད་སྐོར་ཞུས་པ་དང་འབྲེལ་ཏེ་ཁོང་ཉིད་སླར་སྲིད་འཛིན་གྱི་སྐབས་གཉིས་པར་མི་བཞེངས་པར་ཞུ་སྙན་ཕུལ་མྱོང་ཡོད་པ་རེད།ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ནས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། གཙུག་ལག་སློབ་དཔོན་ཁག་ཅིག་དབར་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཆེས་ཐོག་མ་གནང་སྐབས་སྐུ་ཞབས་ Lee ལགས་ཆེད་ཕེབས་གནང་མྱོང་ཡོད་པ་རེད།སྤྱིར་རྒྱ་གཞུང་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྤྱིའི་གླེང་སྟེགས་ཆེ་ཆུང་གང་ཡིན་ལ་ལྟོས་མེད་ཐེ་ཝན་ལྷན་ཞུགས་གནང་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་སུད་ཌེན་ནང་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་༸གོང་ས་མཆོག་གི་༸སྐུ་པར་དང་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱི་སྒྱུ་རྩལ་གྱི་པར་རིས་འགྲེམས་སྟོན་ཡང་བཀག་སྡོམ་བྱས་ཡོད་པ་རེད།

Airbnb ཚོང་ལས་ཁང་གིས་བོད་མི་དང་ཡུ་གུར་བར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་བཞིན་པ།

Airbnb ཞེས་དྲ་ཐོག་བརྒྱུད་མགྲོན་ཁང་མཁོ་འདོན་བྱེད་མཁན་གྱི་ཨ་རིའི་ཚོང་ལས་ཁང་གིས་རྒྱ་ནག་ནང་དུ་བོད་མི་དང་ཡུ་གུར་ཁ་ཆེ་བ་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱི་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དེ་ནི་ཚོང་ལས་ཁང་དེའི་ཀུན་མཐུན་གུས་བཀུར་གྱི་གཞི་རྩའི་སྲིད་བྱུས་དང་འགལ་བའི་དབྱེ་འབྱེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་བསྒྲགས་འདུགདེའང་དེ་རིང་ The Telegraph གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ཞིག་གི་ནང་། Airbnb ཚོང་ལས་ཁང་གིས་རྒྱ་ནག་ཏུ་བོད་མི་དང་ཡུ་གུར་མི་རིགས་ཙམ་མ་ཡིན་པར། ཕྱོགས་འགལ་བ་གཙང་བཟོ་བྱེད་སའི་ཆབ་སྲིད་ཀྱི་ཚོར་རྐྱེན་རྣོ་བའི་ས་ཁུལ་སྟེ། ཧོང་ཀོང་དང་ Macau དེ་བཞིན་ཐེ་ཝན་སོགས་ཀྱི་མི་རྣམས་ལ་ཡང་ཁང་གླ་གཏོང་གི་མེད་པར་མངོན་གསལ་གནང་འདུག གསར་ཤོག་དེའི་ནང་གསལ་ལྟར་ན། རྒྱ་ནག་ལྷོ་རྒྱུད་ཀྱི་གྲོང་བརྡལ་ Sanya ཞེས་པའི་ནང་དུ་ཡོད་པའི་མགྲོན་ཁང་གླ་གཏོང་གི་ཚོང་འགྲེམས་ཀྱི་བརྡ་ཡིག་གི་ནང་དུ།  ས་ཁུལ་འདིར་ཉེན་རྟོག་པའི་བཀག་འགོག་གི་རྐྱེན་གྱིས་ཡུ་གུར་བ་རྣམས་ལ་སྣེ་ལེན་བྱེད་ཀྱི་མེད་ཅེས་བྲིས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ Chongqing ནང་དུ་ཡང་། བོད་དང་ཤིན་ཅང་། ཧོང་ཀོང་། དེ་བཞིན་  Macau དང་ཐེ་ཝན་སོགས་ཀྱི་མི་སྣའི་མཚོན་པའི་ཕྱི་རྒྱལ་བ་རྣམས་ལ་སྣེ་ལེན་བྱེད་ཀྱི་མེད་ཅེས་བྲིས་ཡོད་པ་མ་ཟད། Qinhuangdao ཞེས་པའི་གྲོང་ཁྱེར་ནང་དུའང་བོད་མི་དང་ཤིན་ཅང་གི་ཡུ་གུར་མི་རིགས་ཡིན་ཚེ་སྔོན་ཚུད་ནས་ཚོང་ལས་ཁང་ལ་འབྲེལ་བ་བྱེད་དགོས་པ་སོགས་བྲིས་པ་ལུང་འདྲེན་གནང་འདུགགཞི་རྩའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་ནང་དུ་བོད་མི་རྣམས་མགྲོན་ཁང་དུ་སྡོད་དུ་འཇུག་གི་མེད་པའི་གནས་ཚུལ་རིགས་རྒྱུན་ལྡན་ནས་རིམ་པར་བྱུང་བཞིན་པ་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དེ་ནི་ཆེད་དུ་རྒྱ་ནག་གིས་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དཔེ་མཚོན་ཞིག་ཆགས་ཡོད་སྐོར་བརྗོད་བཞིན་པ་རེད།ཉེ་སྔོན་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་བཅར་འདྲི་ཞུས་པ་ཞིག་གི་ནང་དུ་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཞི་ཨན་སོགས་སུ་སྐྱོད་སྐབས་མགྲོན་ཁང་དུ་ཐོ་འགོད་བྱེད་སྐབས་དང་ཐོག་སྣེ་ལེན་བྱེད་ཀྱི་ཡོད་ནའང་། རྗེས་སུ་ཐོབ་ཐང་ལག་འཁྱེར་དེབ་སྐྱེལ་བྱེད་སྐབས་ཁོང་བོད་མི་ཡིན་པ་ཤེས་དུས་མགྲོན་ཁང་གླ་གཏོང་མ་བྱས་པའི་གནས་ཚུལ་མང་པོར་འཕྲད་དེ་ཁོང་ཆེད་དུ་བོད་མི་ཡོད་སའི་ས་ཚུགས་སུ་སོང་ནས་སྡོད་དགོས་བྱུང་བ་སོགས་ཀྱི་དོན་རྐྱེན་དང་འབྲེལ་ནས། རྒྱ་ནག་གིས་སྤྱི་ཡོངས་ནས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་ཡོད། རྩ་བའི་ Airbnb ཚོང་ལས་ཁང་ནི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་ཆེ་གྲས་ ༡༥ ཙམ་ཡོད་པའི་ཁོངས་ནས་གཅིག་ཡིན་པ་དང་། ཉེ་སྔོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༡༥༠ ལྷག་ཙམ་གྱིས་མཉམ་འབྲེལ་སྒོ་ནས། ཚོང་ལས་ཁང་དེར་ཞུ་སྐུལ་གྱི་ཡི་གེ་བཏང་སྟེ། སང་ལོའི་ཨོ་རྩལ་འགྲན་ཚོགས་དེར་སྤྱིན་བདག་བྱེད་རྒྱུ་མེད་པའི་སྐུལ་མ་གནང་ཡོད་པ་རེད།

Latest news