Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ IPAC ཚོགས་འདུར་ལྷན་ཞུགས་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ཕྱོགས་སྐྱོད་གྲུབ་ནས་ཁ་སང་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ནང་ཕེབས་འབྱོར་བྱུང་ཡོད་པ་དང་སྲིད་སྐྱོང་མཆོག་གིས་ཁུལ་དེའི་ནང་ཕྱི་ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་གཙོ་བོ་རྒྱལ་ས་རོམ་ནང་དུ་ Ipac ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་ལས་གྲུབ་པའི་མཐུན་ཚོགས་ཀྱི་ཚོགས་འདུ་ཐོག་གདན་ཞུ་ཕུལ་བ་ལྟར་ལྷན་ཞུགས་གནང་གི་ཡོད་པ་རེད།Ipac ཞེས་པའི་ཚོགས་འདུ་ཐོག་གཞན་ཡང་རྒྱ་ནག་གཞུང་གི་དམིགས་འབེན་བྱ་ཡུལ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ Jaushieh Joseph Wu ལགས་དང་ཧོང་ཀོང་ནས་བྲོས་བྱོལ་དུ་ཕེབས་པ་མང་གཙོའི་ལས་འགུལ་བ་གཞོན་སྐྱེས་ Nathan Law ལགས། དེ་བཞིན་ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་པ་ Rahima Mahmut ལགས་གཙོས་གླིང་ཆེན་ལྔའི་གྲོས་ཚོགས་འཐུས་མི་རྣམས་ལྷན་ཞུགས་གནང་འཆར་ཡོད་པ་དང་། ཚོགས་འདུ་ཐོག་G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་སུ་རྒྱ་ནག་གཞུང་གི་ཁ་གཏད་དུ་བཞེངས་ཕྱོགས་མཁྲེགས་པོར་འཛིན་དགོས་པའི་དགོས་འདུན་ཆེད་བཏོན་གནང་རྒྱུ་ཡིན་པ་རེད།གཞི་རྩའི་ཁ་སང་སྲིད་སྐྱོང་མཆོག་ Italy ལ་ཆེད་ཕེབས་གནང་སྐབས་ལམ་བར་དུ་འཇར་མ་ནི་གྲོང་ཁྱེར་ Frankfurt གནམ་ཐང་དུ་ཕེབས་འབྱོར་སྐབས་འཇར་མ་ནིའི་བོད་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པར་མ་ཟད། དེ་ཉིན་ཨི་ཊ་ལིའི་ Bolzano ནང་རྟེན་གཞི་བྱས་པའི་ EURAC ཉམས་ཞིབ་ལྟེ་གནས་ཁང་གི་ཚོགས་གཙོ་གཙོས་ཉམས་ཞིབ་པ་རྣམས་དང་མཇལ་ཕྲད་གནང་སྟེ་བོད་དོན་གཏམ་བཤད་སོགས་གནང་འདུག དེ་རིང་ཕྱི་ཚེས་ ༢༨ ཉིན་ལྷོ་ Tyrol རང་སྐྱོང་ཁུལ་དང་། Trento བཅས་སུ་གནད་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་རོམ་ནང་གི་ IPAC ཚོགས་འདུར་ལྷན་ཞུགས། དེ་རྗེས་ཨི་ཊ་ལི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་མཇལ་མོལ་གནང་རྒྱུ། ཕྱི་ཚེས་ ༣༠ ཉིན་ Milan དུ་ས་གནས་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད།ཨི་ཊ་ལི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་རྗེས་སྲིད་སྐྱོང་མཆོག་སུད་སིར་ཕེབས་ཐོན་གྱིས་ཕྱི་ཟླ་ ༡༡ ནང་ཇི་ནི་ཝར་འཚོགས་རྒྱུའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཐོག་དབུ་བཞུགས་གནང་རྒྱུ་སོགས་ཕྱི་ཚེས་ ༨ ཉིན་དྷརྨ་ས་ལར་ཕྱིར་ཕེབས་ཀྱི་ཡོད་པ་རེད།

ཨ་རིས་ཐེ་ཝན་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པར་རྒྱ་ནག་གིས་དགག་ལན།

ཉེ་ཆར་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་གཙོ་བོར་གྱུར་པའི་གཞུང་འབྲེལ་གྱི་ལས་ཁུངས་ཁག་ཅིག་གི་ཆེས་མཐོའི་གནད་ཡོད་མི་སྣ་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་དབུས་ཆེས་མཐོའི་དབུ་ཁྲིད་ཁག་ཅིག་གི་དབར་ཐེ་ཝན་འདི་སླར་ཡང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁུངས་སུ་ཞུགས་ཏེ་རྒྱལ་ཚོགས་ཀྱི་ལས་དོན་ཐོག་དངོས་སུ་ནུས་པ་ལྡན་པའི་ཕྱག་གནང་ཐུབ་ཐབས་སྐོར་ལ་གྲོས་བསྡུར་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པར་མ་ཟད་ཚོགས་འདུ་གྲོལ་ནས་ཉིན་གྲངས་གསུམ་ཙམ་སོང་བའི་མཚམས་ཁ་ཉིན་རེས་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་བསྒྲགས་གཏམ་ཞིག་ཡོངས་གྲགས་གནང་སྟེ་ཨ་རི་གཞུང་ནས་ཐེ་ཝན་དེ་སླར་ཡང་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་རྒྱུར་མོས་མཐུན་ཡོད་པ་དང་ད་ཡོད་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་ཡོད།གནད་དོན་དེ་དང་འབྲེལ་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཟེར་བས་ཨ་རི་གཞུང་ནས་ཐེ་ཝན་གྱི་གནད་དོན་ཐོག་ལག་པ་འཆང་བ་དེ་ནི་ནོར་འཁྲུལ་ཆེན་པོ་ཡིན་པ་དང་། གལ་སྲིད་ཨ་རིས་མུ་མཐུད་ཐེ་ཝན་གྱི་གནད་དོན་སྤྱོད་ཚེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་ངེས་རེད་ཅེས་དགག་ལན་བྱས་འདུག གཞི་རྩའི་ལོ་ངོ་ ༥༠ གོང་ལ་ད་ལྟའི་ཐེ་ཝན་མཚོ་གླིང་རྒྱལ་ཁབ་འདི་ Republic of China ཞེས་རྒྱལ་ཚོགས་ཀྱི་དབང་ཐང་ལྡན་པའི་ཚོགས་མི་ཞིག་ཡིན་ཀྱང་། ཕྱི་ལོ་ ༡༩༧༡ ཟླ་ ༡༠ བར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་ཐེ་ཝན་འདི་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་བྱས་ཏེ་ People’s Republic of China ཞེས་ད་ལྟའི་རྒྱ་ནག་སྲིད་གཞུང་འདི་ཉིད་ཚོགས་མིའི་ཁོངས་སུ་བཞག་པ་ཞིག་ཆགས་ཡོད་པ་དང་། ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་འདས་པའི་ལོ་ངོ་ལྔ་བཅུའི་གོང་ལ་ཐེ་ཝན་གྱིས་རྒྱལ་ཚོགས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་དང་ལྷག་པར་ཉེ་དུས་སུ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་གཙོས་པའི་ཚན་པ་ཁག་གི་ཚོགས་མིའི་ཁོངས་སུ་མེད་ཀྱང་། ཏོག་དབྱིབས་རིམས་ནད་ཀྱི་གནད་དོན་ཁག་ལ་གདོང་ལེན་དང་རོགས་རམ་རྒྱ་ཆེ་གནང་ཡོད་པ་སོགས་གསལ་འདོན་གནང་སྟེ་ཨ་རིའི་ངོས་ནས་ཐེ་ཝན་འདི་་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་རྒྱུར་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག་པ་མ་ཟད། ད་ཆ་རྒྱ་གཞུང་ནས་ཆབ་སྲིད་དང་དམག་གི་གནོན་ཤུགས་འོག་ཐེ་ཝན་གྱི་བདག་དབང་ལ་དོ་ཕོག་གཏོང་བཞིན་པར་བློ་ཚབས་ཆེན་པོ་ཡོད་ཅེས་གསུངས་འདུགཨ་རིའི་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཐད་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་ནས་ཨ་རི་གཞུང་ལ་ ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཐེ་ཝན་གྱི་ངོས་ནས་ཨ་རི་གཙོས་བློ་མཐུན་གྱི་རྒྱལ་ཁབ་ཁག་དང་མཉམ་རུབ་ཐོག་རྒྱལ་སྤྱིའི་སྟེང་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་གནང་རྒྱུའི་གྲ་སྒྲིག་ཡིན་ཞེས་གསུངས་ཡོད། ཨ་རི་གཞུང་ནས་ཉེ་བའི་ལོ་དུས་སུ་ཐེ་ཝན་གྱི་གནད་དོན་ཐོག་མངོན་གསལ་ཐོག་ནས་གླེང་སློང་གནང་བར་མ་ཟད་ད་ལྟའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་ནས་ཉེ་ཆར་ཐེ་ཝན་གྱི་རང་དབང་སྲུང་སྐྱོབ་ཐོག་ཨ་རིའི་ངོས་ནས་རྒྱ་ནག་ལ་གདོང་ལེན་གང་གནང་དགོས་ཀྱང་དེ་ལྟར་གནང་ངེས་ཡིན་ཞེས་གསུངས་ཡོད་པ་དང་། རྒྱལ་སྤྱིའི་ཆབ་སྲིད་དཔྱད་ཞིབ་པ་ཁག་ཅིག་གིས་ད་ཆ་ཨ་རིའི་ངོས་ནས་ཐེ་ཝན་ཐོག་སྲིད་འཛིན་པའི་གཞི་རྩའི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་སྐོར་ཡོངས་གྲགས་གནང་མེད་ཀྱང་། ད་ལྟའི་གནང་སྟངས་དེ་ཚོ་སྲིད་བྱུས་འགྱུར་ལྡོག་གི་གོམ་སྟབས་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་བཞིན་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་གཞུང་གིས་ལྟ་སྲུང་གི་འཕྲུལ་ཆས་བཟོ་ལས་ཁང་ Lorex དང་ Ezviz ཞེས་པ་གཉིས་ཀྱིས་བཟོ་སྐྲུན་བྱས་པའི་ལྟ་སྲུང་གི་འཕྲུལ་ཆས་ཁག་རྒྱ་ནག་གཞུང་ནས་ཤིན་ཅང་ཡུ་གུར་མི་སེར་གྱི་ལས་དོན་ལ་ལྟ་སྲུང་བྱ་རྒྱུར་སྤྱོད་བཞིན་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དང་འབྲེལ་བ་ཡོད་སྐོར་གསུངས་ཏེ་འཕྲུལ་ཆས་དེ་རིགས་ཨ་རི་ནང་ཚོང་འགྲེམ་བཀག་སྡོམ་དམ་དྲག་བྱས་འདུག ཨ་རི་གཞུང་གིས་དམ་དྲག་གནང་མ་ཐག་ཨ་རི་ནང་ཚོང་ལས་ཁང་དེ་གཉིས་ཀྱི་འཕྲུལ་ཆས་ཚོང་འགྲེམ་བྱེད་མཁན་ཨ་རིའི་འཕྲུལ་རིགས་བཟོ་གྲྭ་ TechCrunch ཞེས་པས་ད་ནས་བཟུང་སྟེ་ Lorex དང་ Ezviz བཟོ་ལས་ཁང་གི་ཐོན་སྐྱེད་པར་ཆས་དང་ལྟ་སྲུང་གི་འཕྲུལ་ཆས་རྣམས་ཚོང་འགྲེམ་བྱ་རྒྱུ་མིན་ཞེས་ཐག་གཅོད་གནང་འདུག

འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ཐད་རྒྱ་ནག་རང་ནས་འགན་འཁུར་དགོས་པ་བཟོ་རྒྱུ་ཡིན།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་སྐུ་ཚབ་འོས་མི་རྒྱ་གར་བ་ཨ་རིའི་མི་སེར་ཡིན་པ་སྐུ་ཞབས་ Rashad Hussain ལགས་ཀྱིས་རྒྱ་ནག་གཞུང་ནས་དེ་གའི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ཐོག་ཏུ་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་བཞིན་པ་དེར་རྒྱ་ནག་རང་ཉིད་ནས་འགན་འཁུར་བ་བཟོ་རྒྱུ་དང་ལྷག་པར་དུ་ཁོང་ཉིད་ཀྱིས་ཁ་ཆེ་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་སྲུང་སྐྱོབ་སླད་ཁེ་ཆེ་རྒྱལ་ཁབ་ཚོ་དང་ལྷན་དུ་ཕྱར་གྲུ་མཉམ་འདེགས་ཀྱིས་ལས་དོན་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག ཨ་རིའི་སྲིད་འཛིནསྐུ་ཞབས་ Joe Biden མཆོག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་གསར་པའི་འོས་མི་མཚན་འབོད་གནང་བའི་སྐུ་ཞབས་ Rashad Hussain ལགས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་ཁོང་ཉིད་ཀྱིས་ཁ་ཆེ་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་སྲུང་སྐྱོབ་སླད་ཁ་ཆེ་རྒྱལ་ཁབ་ཚོ་དང་འབྲེལ་ལམ་མུ་མཐུད་ནས་གནང་སྟེ་ལས་དོན་ཁག་གནང་རྒྱུ་ཡིན་པ་དང་རྒྱ་ནག་གཞུང་ནས་ཡུ་གུར་དང་མི་རིགས་གཞན་ཚོའི་ཐོག་ཏུ་སྤེལ་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་འགན་འཁུར་དགོས་པར་ཕྱོགས་ཡོངས་ནས་འབད་བརྩོན་གནང་གི་ཡིན་ཞེས་གསུངས་འདུག་པར་མ་ཟད་རྒྱལ་སྤྱིའི་ཁྲོད་མི་མང་པོ་ཞིག་རང་ཉིད་ཀྱི་ཆོས་དད་རང་དབང་དང་འབྲེལ་ནས་འཛིན་བཟུང་བྱས་པ་དང་མནར་གཅོད་འོག་ལྷུང་བ། དེ་བཞིན་དབྱེ་འབྱེད་དང་སྲོག་ཡང་ཤོར་བའི་གནད་དོན་བྱུང་གི་ཡོད་སྟབས་ད་ཆ་ཆོས་ལུགས་དང་འབྲེལ་བའི་དོན་རྐྱེན་ཇེ་མང་དུ་འཐོན་མུས་ཡིན་སྐོར་གསུངས་ཡོད། ཁོང་གིས་རྒྱ་ནག་གཞུང་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་གིས་གར་སོང་ཆ་མེད་དུ་བཏང་བའི་སྐོར་དང་དེ་བཞིན་གནད་དོན་གཞན་ཁག་ཅིག་ལུང་འདྲེན་གྱིས་འཛམ་གླིང་གི་བརྒྱ་ཆ་བརྒྱད་ཅུ་ཙམ་གྱི་མི་འབོར་རྣམས་ཆོས་ལུགས་རང་དབང་ཐད་དམ་དྲག་ཚད་མཐོ་པོ་དང་ཚབས་ཆེན་ཡོད་པའི་ཁོར་ཡུག་ནང་གནས་ཡོད་སྐོར་གསུངས་པ་དང་སྦྲགས། གཞན་ཡང་འདྲི་རྩད་ལས་རིམ་ཐོག་ཁོང་གིས་རྒྱ་ནག་ནི་འཛམ་གླིང་ནང་ཆོས་ལུགས་རང་དབང་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་སྟབས། ཁོང་ནས་རང་ཉིད་ཀྱི་དབང་ཆ་ཆ་ཚང་བེད་སྤྱོད་ཀྱིས་རྒྱ་ནག་ནས་བོད་མི་ནང་པ་གཙོས་གཞན་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཐད་རྒྱ་ནག་དང་ཐད་ཀར་བཀའ་མོལ་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག གཞི་རྩའི་དགུང་ལོ་ ༤༢ སོན་པ་སྐུ་ཞབས་ Rashad Hussain ལགས་ནས་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama སྐབས་སུ་ Organization of Islamic Cooperation(OIC) ཨི་སི་ལམ་མཉམ་སྦྲེལ་ཚོགས་པ་ཞེས་པ་དང་། Strategic Counterterrorism Communications ཞེས་ཐབས་བྱུས་ལྡན་པའི་འཇིགས་སྐུལ་ལ་གདོང་ལེན་དང་འབྲེལ་ཨ་རིའི་དམིགས་བསལ་སྐུ་ཚབ་པའི་ཕྱག་ལས་སོགས་གནང་མྱོང་ཡོད་པ་རེད། ཁོང་ད་ལན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ལ་བསྐོ་གཞག་གནང་ཚེ་ཁོང་ནི་རྒྱ་གར་བ་ཨ་རིའི་མི་སེར་དང་ཁ་ཆེ་བ་ཞིག་ནས་ཨ་རིའི་ཆེས་མཐོའི་ལས་གནས་ཐོག་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཌེན་མག་ནང་བོད་ཀྱི་རྒྱལ་དར་འཁོད་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྦྱར་ཡིག་ཕྱིར་འཐེན།

ཌེན་མག་ས་གནས་ཀྱི་གྲོས་ཚོགས་འཐུས་མིར་བཞེངས་མཁན་ཞིག་གིས་བོད་རྒྱལ་དར་ལྷན་བརྒྱབ་པའི་འོས་བསྡུའི་དྲིལ་སྒྲགས་ཀྱི་སྦྱར་ཡིག་ཁག་ཅིག་ཌེན་མག་རྒྱལ་ཁབ་ཀྱི་རྒྱལ་ས་ Copenhagen ནང་གི་རྒྱ་ནག་གཞུང་ཚབ་ཁང་དང་དེའི་ཉེ་འཁོར་སྡོད་ཁང་ཁག་གི་གྱང་ངོས་ཕྱི་ཕྱོགས་སུ་སྦྱར་བ་རྣམས་དུས་ཡུན་རིང་པོ་མ་སོང་བར་ཕྱིར་འཐེན་བྱས་འདུགReuters གསར་ཁང་ལ་ཌེན་མག་ས་གནས་ཀྱི་གྲོས་ཚོགས་འཐུས་མིར་བཞེངས་མཁན་སྐུ་ཞབས་ Thomas Rohden ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། སྐུ་ཞབས་ཁོང་གིས་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མ་ཉིན་ས་གནས་སུ་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་ནས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་གྱང་ངོས་ཕྱི་ཕྱོགས་སུ་བོད་ཀྱི་རྒྱལ་དར་ལྷན་བརྒྱག་པའི་སྦྱར་ཡིག་ཁག་ཅིག་སྒྲིག་གཤོམ་གནང་ཡོད་ཀྱང་དུས་ཡུན་རིང་པོ་མ་སོང་བར་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཁག་ཅིག་ཕྱིར་ཐོན་ནས་དོན་མེད་རྙོག་ཟིང་བཟོས་པ་དང་དེ་ནས་ཚོུད་ཁ་ཤས་རྗེས་སུ་ཁོང་གིས་སྒྲིག་གཤོམ་གནང་བའི་སྦྱར་ཡིག་དེ་དག་མཐོང་རྒྱུ་མེད་པར་བཟོས་ཡོད་སྐོར་གསུངས་པ་དང་། དེ་ནི་གཙོ་བོ་རྒྱ་གཞུང་གིས་ཆེད་མངགས་བཟོས་བཅུག་པ་ཞིག་ཡིན་པར་ཚོད་དཔག་གནང་གི་ཡོད་ཅེས་གསུངས་ཡོད། Reuters གསར་ཁང་གིས་གནད་དོན་དེའི་ཐད་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་གནང་ཡོད་ཀྱང་འཕྲལ་དུ་ཡར་ལན་གང་ཡང་ཕུལ་མེད་པའི་ཁྲོད་འདིར་ས་གནས་ཉེན་རྟོག་ཁང་ནས་རྟོག་ཞིབ་གནང་འཆར་ཡོད་པར་འགྲེལ་བརྗོད་གནང་འདུགཁ་སང་སྐུ་ཞབས་ Rohden ལགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་གྱང་ངོས་ཕྱི་ཕྱོགས་སུ་དེ་འབྲེལ་བོད་ཀྱི་རྒྱལ་དར་འཁོད་པའི་དྲིལ་བསྒྲགས་སྦྱར་ཡིག་རྣམས་བསྐྱར་དུ་སྒྲིལ་གཤོམ་གནང་ཡོད་པའི་ཁྲོད་འདིར་ཌེན་མག་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jeppe Kofod ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་སྐུ་ཞབས་ Rohden ལགས་དང་ལྷན་བྱུང་བའི་དོན་རྐྱེན་དེར་སེམས་འཚབ་གནང་གཞིར་གྱུར་ཡོད་པ་དང་བློན་ཆེན་མཆོག་ནས་ཐོག་མར་ས་གནས་ཉེན་རྟོག་པའི་ཐག་གཅོད་ལ་སྒུག་རྒྱུ་ཡིན་པ་དང་ང་ཚོས་ངེས་པར་དུ་རང་ཉིད་ཀྱི་ལྟ་གྲུབ་དང་རིན་ཐང་ལ་བརྩི་སྲུང་གིས་རང་སོར་གནས་རྒྱུ་ཡིན་པ་གསུངས་འདུགསྐུ་ཞབས་ rohden ལགས་ཀྱིས་མུ་མཐུད་ནས་གསུངས་པར་ཁོང་གིས་ད་རེས་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་ཕྱོགས་སུ་སྒྲིག་གཤོམ་གནང་བའི་སྦྱར་ཡིག་དེའི་ཐོག་ནས་གཙོ་བོ་དེ་སྔ་ ༢༠༡༢ ལོར་ Denmark འཕྲོད་བསྟེན་དབང་འཛིན་པ་དང་རྒྱ་ནག་གི་ཤར་ཕྱོགས་ Jiangsu ཞིང་ཆེན་དབར་བཞག་པའི་ཚོང་སྦྲེལ་གྱི་གྲོས་མཐུན་དེར་ངོ་རྒོལ་མཚོན་ཆེད་ཡིན་པར་གསུངས་འདུག་པ་དང་། སྤྱིར་ཡོངས་གྲགས་ཐོག་ནས་གོང་ཞུས་གྲོས་མཐུན་དེ་ནུས་མེད་གྱུར་ཟིན་ཡང་གཞུང་འབྲེལ་གྱི་མཚམས་འཇོག་བྱས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད་འདུག

ཤེས་ཡོན་སྤྲད་པའི་དགོས་དམིགས་གཙོ་བོ་དེ་རྙོག་གྲ་བཟོ་ཕྱིར་མ་རེད།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཐོག་ལ་ཕྱག་ལས་གནང་མཁན་ཁག་ཅིག་ལ་སློབ་གྲྭའི་ནང་དུ་སྙིང་རྗེ་དང་ཆེ་མཐོང་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་བ་དང་སྦྲགས་ཏེ་ཤེས་ཡོན་སྤྲད་པའི་དགོས་དམིགས་གཙོ་བོ་དེ་རྙོག་གྲ་བཟོ་རྒྱུཕྱིར་མ་རེད་ཅེས་ལམ་སྟོན་མཛད་སོང་།ཨ་རིའི་ Colorado གཙུག་ལག་སློབ་གཉེར་ཁང་གི་འཕྲོད་བསྟེན་བདེ་ཐབས་ལྟེ་གནས་ཁང་དང་སེན་ཌི་འེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་གཉེར་ཁང་གི་བྱམས་བརྩེ་ལྟེ་གནས་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་སློབ་གྲྭ་ནང་ལ་སྙིང་རྗེ་དང་ཆེ་མཐོང་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་སྩལ་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་བའི་དགེ་ལས་ཡོངས་ལ་འཚམས་འདྲིའི་བཀའ་སྩལ་དང་འབྲེལ། བྱམས་སྙིང་རྗེ་ནི་འགྲོ་བ་མི་ཙམ་མིན་པར་འཛམ་གླིང་འདིའི་ཐོག་ཡོད་པའི་སྐྱེ་འགྲོ་སྤྱིར་དགོས་མཁོ་ཡོད་པ་ཞིག་དང་། ང་ཚོ་འཇིག་རྟེན་འདིར་མ་ལས་བཙས་མ་ཐག་ཏུ་ཨ་མའི་བྱམས་བརྩེས་སྐྱོང་མ་ཐུབ་པའི་གནས་སྟངས་བྱུང་ཚེ་འཚོ་གནས་ཐུབ་རྒྱུ་ངལ་གནད་ཡིན་སྟབས་བྱམས་སྙིང་རྗེ་ནི་ང་ཚོ་འཚོ་གནས་ཐུབ་མིན་གྱི་གཞི་མ་དེ་ཆགས་ཡོད་པར་བཀའ་སྩལ་ཡོད།  མགོན་པོ་༸གང་ཉིད་མཆོག་ནས་འདས་པའི་དུས་ཚོད་ནང་ལ་དམག་འཁྲུག་དང་འཚེ་བའི་དོན་རྐྱེན་མང་དག་ཅིག་བྱུང་ཡོད་པ་དེ་དག་ཕལ་ཆེ་བ་འཁོན་འཛིན་དང་ཁོང་ཁྲོའི་དབང་གིས་བྱུང་བ་ཞིག་ཡིན་པར་བཀའ་སྩལ་བ་དང་ལྷན་ཅིག་ཏུ་ད་ཆ་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་འགྲོ་བ་མི་རྣམས་ཀྱིས་ཞི་བདེ་ཞེས་བརྗོད་བཞིན་ཡོད་པ་དང་། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཡོང་བར་དང་ཐོག་དེར་དོ་བདག་སོ་སོའི་སེམས་རྒྱུད་ལ་བྱམས་བརྩེའི་རང་བཞིན་ལྡན་པའི་ནང་སེམས་ཀྱི་ཞི་བདེ་ཞིག་བསྐྲུན་ཐུབ་དགོས་གལ་ཡིན་པ་དང་། དེ་ལྟར་འབྱུང་ཚེ་སོ་སོའི་མདུན་ངོས་སུ་མཚོན་ཆའི་རིགས་ཡོད་ཀྱང་བེད་སྤྱོད་མེད་པ་དང་ཕྱིའི་ཟང་ཟིང་གི་བར་ཆད་རིགས་འཕྲད་ཀྱང་བྱམས་བརྩེའི་ཉམས་ལེན་ཐོག་ནས་སེམས་ཀྱི་ཞི་བདེ་ལ་དོ་ཕོག་གཏང་ཐུབ་ཀྱི་མ་རེད་ཅེས་བཀའ་སྩལ་ཡོད།    དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་སྙིང་རྗེ་ཞེས་པ་དེ་ནི་ཆོས་ཕྱོགས་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་མིན་པར་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་སྤྱིའི་བདེ་ཐབས་དང་ལྷག་པར་དུ་དོ་བདག་སོ་སོའི་འཚོ་གནས་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་རྩ་བ་ལྟ་བུ་ཞིག་ཆགས་ཡོད་པར་ལམ་སྟོན་མཛད་ཡོད།  ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་གོང་འཕེལ་གཏོང་ཕྱོགས་དང་འབྲེལ། ང་ཚོ་ཆུང་དུས་འཚར་ལོངས་བྱུང་སྐབས་སུ་རང་ཉིད་ཀྱི་སེམས་རྒྱུད་ལ་བྱམས་བརྩེའི་ས་བོན་ཞིག་ཡོད་ཀྱང་། རིམ་པས་ཤེས་ཡོན་གྱི་ལྟེ་གནས་ཁག་ཏུ་སྒྲིམ་སྐབས་སུ་བྱམས་བརྩེ་དང་སེམས་པ་བཟང་པོ་བྱ་རྒྱུ་སོགས་འགྲོ་བ་མིའི་རང་བཞིན་དུ་ཡོད་པའི་བཟང་པོའི་ཆ་དེ་དག་གོང་འཕེལ་གཏོང་ཐབས་ཐོག་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་ནི་ནོར་འཁྲུལ་ཞིག་ཡིན་པར་བཀའ་འགྲེལ་དང་སྦྲགས། ང་ཚོ་ཤེས་ཡོན་སྤྲད་པའི་དགོས་དམིགས་གཙོ་བོ་དེ་རྙོག་གྲ་བཟོ་རྒྱུའི་ཆེད་དུ་མིན་པར་མི་བཟང་པོ་དང་ཞི་བདེ་ལྡན་པ། ལྷག་པར་དུ་དཀའ་ངལ་རིགས་འཕྲད་ཚེ་ཞི་བའི་ཐོག་ནས་སེལ་ཐུབ་མཁན་ཞིག་བཟོ་རྒྱུ་སོགས་ལ་དམིགས་པ་ཡིན་སྟབས། ཤེས་ཡོན་གྱི་སློབ་གསོའི་བརྒྱུད་རིམ་ནང་ལ་བྱམས་སྙིང་རྗེ་དང་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་ཀྱི་ཆ་ཤས་ཁག་སློབ་ཁྲིད་གནང་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་མཛད་སོང་། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སྩལ་གྲུབ་མཚམས་སུ་དྲ་ཐོག་ཏུ་ལྷན་ཞུགས་གནང་བའི་དགེ་ལས་ཁག་ཅིག་ནས་མགོན་པོ་མཆོག་ལ་སེམས་གུ་དོག་པོ་ཆགས་སྐབས་བྱམས་བརྩེ་ཉམས་ལེན་གནང་གལ་དང་། དགེ་རྒན་དང་སློབ་མའི་དབར་བྱམས་བརྩེ་གལ་འགངས་ཆེ་ཚུལ་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཞུས་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་སེམས་གུ་དོག་པོ་དང་དཀའ་ངལ་རིགས་འཕྲད་ཚེ་བྱམས་སྙིང་རྗེ་ཉམས་ལེན་བྱ་རྒྱུ་ནི་ནད་པར་སྨན་ཐོབ་པ་ལྟ་བུའི་ཕན་ནུས་ཡོད་པ་དང་། དགེ་རྒན་གྱི་ལས་གནས་ཙམ་མིན་པར་སྤྱི་ཚོགས་ཀྱི་ལས་དོན་གང་ཞིག་གི་ཁྲོད་དུ་ཡོད་ཀྱང་བྱམས་བརྩེ་དང་སེམས་པ་བཟང་པོ་བྱ་རྒྱུ་དེ་ནི་གལ་ཆེན་པོ་ཡིན་པར་མ་ཟད་ལྷག་པར་དུ་དགེ་རྒན་ཞིག་ཡིན་པའི་ཆ་ནས་སོ་སོའི་སློབ་ཕྲུག་དེ་དག་བྱམས་བརྩེའི་ཐོག་ནས་སྐྱོང་ཐུབ་ཚེ་རང་ཉིད་ཀྱི་སེམས་སྐྱིད་པ་དང་སློབ་ཕྲུག་དེ་དག་ཀྱང་དགེ་རྒན་དང་ལྷན་དུ་དུས་ཚོད་བཏང་ནས་བསྡད་རྒྱུར་ཆེས་སྤྲོ་སྣང་ཡོང་ངེས་ཡིན་པ་སོགས་བཀའ་ལན་སྩལ་གནང་མཛད་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རི་རིའི་ Colorado གཙུག་ལག་སློབ་གཉེར་ཁང་དང་སེན་ཌི་འེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་གཉེར་ཁང་བཅས་ཀྱི་དབར་བྱམས་བརྩེ་དང་བཟང་སྤྱོད་གོང་འཕེལ་སོགས་ཀྱི་ལས་གཞི་དང་འབྲེལ་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དེ་རིང་ལས་རིམ་གྱི་ཐོག་མར་ Colorado གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ཆེན་པོ་ Dr. Philip DiStefano མཆོག་གིས་གཙུག་ལག་སློབ་གཉེར་ཁང་ནང་ལ་ད་ཆ་འགྲོ་བ་མིའི་བདེ་དོན་དང་འབྲེལ་བའི་ལས་གཞི་གནང་རྒྱུ་ཡོད་པ་དེའི་ས་བོན་དང་རྨང་གཞི་གཙོ་བོ་དེ་དེ་སྔ་ ༢༠༡༦ ལོར་༸གོང་ས་མཆོག་གཙུག་ལག་སློབ་གཉེར་ཁང་དུ་དངོས་སུ་ཆིབས་བསྐྱུར་བཀའ་དྲིན་མཛད་སྐབས་བྱུང་བ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་སླར་ཡང་༸གོང་ས་མཆོག་དྲ་ཐོག་བརྒྱུད་གཙུག་ལག་སློབ་གཉེར་ཁང་གི་ལས་གཞིའི་ཐོག་དབུ་ཞུགས་མཛད་པར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད།

སྲིད་སྐྱོང་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་རྒྱ་གར་བྱང་ཤར་བོད་མི་གནས་ཡུལ་གྱི་ས་ཁུལ་ཀ་རྡོར་སྒང་གསུམ་ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན་དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang-Golay མཆོག་གི་བཞུགས་གནས་སུ་ཆེད་ཕེབས་ཀྱིས་ལྷན་མཇལ་གནང་འདུགདེ་རིང་གི་མཇལ་འཕྲད་དང་འབྲེལ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang-Golay མཆོག་གིས་རང་ཉིད་ཀྱི་ངོ་དེབ་ཐོག་པར་རིས་ཁག་ཅིག་དང་ལྷན་དུ་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་སྐབས་དེར་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་ལས་ཡུན་རིང་ཕྱག་ལས་ཁག་ལམ་ལྷོང་ཡོང་བར་ཐུགས་སྨོན་དང་འཚམས་འདྲི་གནང་བར་མ་ཟད་སྤྱི་ཁྱབ་བློན་ཆེན་མཆོག་ནས་འབྲས་ལྗོངས་མངའ་སྡེ་ནང་ཡོད་པའི་བོད་མི་རྣམས་ཀྱི་བདེ་དོན་སྤྱི་དང་ལྷག་པར་དུ་ར་ཝང་ལ་བོད་མིའི་གཞིས་སྒར་ཁུལ་གྱི་རྒྱ་ལམ་གསར་རྒྱག་གི་ལས་གཞི་ཐད་མཐུན་འགྱུར་གང་ཐུབ་གནང་ངེས་ཡིན་ཞེས་ཞལ་བཞེས་བཟང་པོ་གནང་འདུགསྤྱི་ཁྱབ་བློན་ཆེན་མཆོག་ནས་དེ་སྔ་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་འབྲས་ལྗོངས་མངའ་སྡེར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་ཡོང་བའི་གསོལ་འདེབས་ཞུས་པ་ཁག་སྲིད་སྐྱོང་མཆོག་ལ་སྙན་སྲེང་ཞུས་འདུག་སྟབས་སྲིད་སྐྱོང་མཆོག་གིས་དེ་འབྲེལ་ལས་དོན་མཇུག་སྐྱོང་གནང་རྒྱུར་ཞལ་བཞེས་གནང་བར་བརྟེན་ཐུགས་རྗེ་ཆེ་ཞེས་གསུངས་འདུགསྲིད་སྐྱོང་མཆོག་གིས་འདས་པའི་ཉིན་གྲངས་བདུན་ཙམ་གྱི་འཚམས་གཟིགས་ཁྲོད་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་མི་གནས་ཡུལ་གྱི་ས་གནས་སྤྱི་དང་དགོན་སྡེ་གྲྭ་ཚང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་ཁག་སོགས་ཀྱི་སྐུ་ཚབ་དང་མང་ཚོགས་རྣམ་པར་མཇལ་འཕྲད་གནང་སྟེ་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་དེ་རིང་ཉིན་རྒྱབ་ཁུལ་དེའི་ནང་གི་འཚམས་གཟིགས་ཁག་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་རེད།ཤེས་རྟོགས་བྱུང་བར་སྲིད་སྐྱོང་མཆོག་རྒྱལ་ས་ལྡི་ལི་ནས་སུད་སི་གཙོས་ཡོ་རོབ་ཁུལ་གྱི་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་རེད།

རྒྱལ་སྤྱིའི་གནམ་གཤིས་ལྷན་ཚོགས་སྐབས་བོད་དང་འབྲེལ་བའི་དྲིལ་བསྒྲགས་བཀག་སྡོམ།

FreeTibetཞེས་པའི་བོད་རང་དབང་ཚོགས་པའི་ངོས་ནས་རིང་མིན་དབྱིན་ཡུལ་ Glasgow གྲོང་ཁྱེར་ནང་ལ་འཚོགས་རྒྱུའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་བསྟུན། བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དྲིལ་སྒྲགས་ཀྱི་ཡིག་པང་ཞིག་བཤམ་སྟོན་ཆེད་ Global Outdoor Media ཞེས་པའི་འབྲེལ་ཡོད་ཚོང་ལས་ཁང་ལ་སྙན་ཞུ་བཏང་ཟིན་ཡང་། ། ཁ་ཉིན་ཚེས་ ༢༢ ཉིན་ཚོང་ལས་ཁང་དེས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དྲིལ་སྒྲགས་ཀྱི་ཡིག་པང་དེ་ཆབ་སྲིད་དང་འབྲེལ་བ་བཏགས་ནས་བཀག་སྡོམ་བྱས་འདུགདེའང་རིང་མིན་ཟླ་ ༡༠ ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས  ༡༢ བར་དབྱིན་ཡུལ་གྱི་ཁྱབ་ཁོངས་ Scotland ཡི་གྲོང་ཁྱེར་ Glasgow ནང་ COP26 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གི་དཀའ་ངལ་སེལ་ཆེད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐེངས་ ༢༦ པ་འཚོགས་འཆར་ཡོད་པ་དང་། ལྷན་ཚོགས་ཐོག་རྒྱལ་ཁབ་ ༢༠༠ ལྷག་གིས་རྒྱལ་ཁོངས་སོ་སོའི་ནང་གནམ་གཤིས་ཚ་དྲོད་ཆེ་རུ་གཏོང་མཁན་གྱི་དུག་རླངས་ཚོད་འཛིན་དང་འབྲེལ་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད། ཐེངས་འདིར་བོད་རང་དབང་ཚོགས་པའི་ངོས་ནས། གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་སྟབས་བསྟུན་གྱིས་འགྲེམས་སྟོན་ཞུ་འཆར་གྱི་ཡིག་པང་དེའི་སྟེང་། བོད་ཀྱི་ཁོར་ཡུག་གི་གནད་དོན་ཁག་ཅིག་དམིགས་བཀར་གྱིས་ཟུར་བཏོན་གནང་ཡོད་པའི་ནང་དུ།  འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་མཐོ་སྒང་གི་འཁྱགས་རོམས་ཞུ་བཞིན་ཡོད་པ་དང་། བོད་མཐོ་སྒང་ནི་འཛམ་གླིང་ལྷོ་བྱང་གཉིས་ཕུད་པའི་གཙང་ཆུའི་མགོ་ཁོངས་ཆེ་ཤོས་དེ་ཡིན་པ། གཞན་ཡང་ཕྱི་ལོ་ ༢༠༠༠ རྗེས་ནས་བཟུང་བོད་མཐོ་སྒང་གི་འཁྱགས་རོམ་ཞུ་ཚད་ལྡབ་གཉིས་འཕར་ཡོད་པ། དེ་དེ་བཞིན་བོད་མཐོ་སྒང་གི་འཁྱགས་རོམ་དེ་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་གཉིས་ཀྱི་འཚོ་རྟེན་དུ་གྱུར་ཡོད་པ་དེ་ལྟར་ཡང་། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ ༢༦ པའི་ཐོག་བོད་མིའི་སྐུ་ཚབ་ལ་གསལ་བཤད་ཀྱི་གོ་སྐབས་མེད་པ་སོགས་ཀྱི་བརྗོད་དོན་ཁག་ཅིག་འཁོད་ཡོད་པ་རེད་འདུགབོད་རང་དབང་ཚོགས་པས་ངོས་ནས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དྲིལ་སྒྲགས་ཀྱི་ཡིག་པང་དེ་ཟླ་བ་སྔོན་མའི་ཚེས་བརྒྱད་ཀྱི་ཉིན་དབྱིན་ཡུལ་ཁུལ་གྱི་འགྲེམས་སྟོན་ཚོང་ལས་ཁང་Global Outdoor Media ཞེས་པར་ཕུལ་ཟིན་ཡང་། ཁ་ཉིན་ཚེས་ ༢༢ ཉིན་ཚོང་ལས་ཁང་དེའི་ངོས་ནས་ཆབ་སྲིད་དང་འབྲེལ་བ་བཏགས་ནས་ཡིག་པང་དེ་བཀག་སྡོམ་བྱས་པ་ཙམ་ལས། བཀག་སྡོམ་བྱེད་དགོས་ལུགས་ཀྱི་གསལ་བཤད་དང་ལམ་སྟོན་རྒྱས་འབྲེལ་གང་ཡང་བྱས་མེད་པ་དང་། བོད་རང་དབང་ཚོགས་པའི་ངོས་ནས་དེར་འབྲེལ་གྱི་ཡིག་པང་གི་ནང་དོན་ལ་བཅོས་བསྒྱུར་གྱིས་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་མེད་པའི་བརྗོད་ཚིག་དེ་གསུབ་ཀྱང་དེར་ཁས་ལེན་བྱས་མེད་པ་རེད་འདུགབོད་རང་དབང་ཚོགས་པའི་དྲིལ་བསྒྲགས་དང་ཉམས་ཞིབ་ཀྱི་དོ་དམ་པ་སྐུ་ཞབས་John Jones ལགས་ཀྱིས་ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་གི་ལྷན་ཚོགས་ཐོག་ཏུ་བོད་ཀྱི་གནམ་གཤིས་དང་འབྲེལ་བའི་བོད་མིའི་སྐུ་ཚབ་བཀག་སྡོམ་བྱས་པ་མ་ཟད། བོད་མིའི་འབོད་སྐུལ་ཡང་བཀག་སྡོམ་བྱེད་བཞིན་པའི་སྐབས་འདིར། བོད་མཐོ་སྒང་གི་འཁྱགས་རོམ་རྣམས་སྔར་བཞིན་ཞུ་བཞིན་ཡོད་པར་འགྲེལ་བརྗོད་ཀྱིས། བོད་རང་དབང་ཚོགས་པའི་ངོས་ནས་ཐེངས་འདིར་འགྲེམས་སྟོན་བྱེད་འཆར་གྱི་ཡིག་པང་གྱི་ཆ་ཤས་ཡོད་ཚད་དངོས་ཐོག་བདེན་འཚོལ་ལ་གཞིར་བཞག་གིས་ཇུས་འགོད་བྱས་ཡོད་པས།  གནད་དོན་དེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་གི་ལྷན་ཚོགས་ཐོག་མི་ཁག་ཅིག་ཁ་སྐྱེང་པོ་བཟོ་སྲིད་ཀྱང་། མི་ཁག་གཅིག་ཁ་སྐྱེང་པོ་བཟོས་བ་ཙམ་གྱིས་གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་ཏུ་བསྒྱུར་མི་ཐུབ་ཅེས་སྐྱོན་བརྗོད་གནང་འདུག གཞི་རྩའི་བོད་རང་དབང་ཚོགས་པའི་འཐུས་མི་དང་བོད་ཀྱི་ཁོར་ཡུག་གི་ཆེད་མཁས་བ་ཁག་ཅིག་གིས་གང་མགྱོགས་འཚོགས་འཆར་གྱི་འདི་ལོའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ཉེར་དྲུག་གི་ཟུར་འཚོགས་ཁག་ཅིག་གི་ཐོག་མཉམ་ཞུགས་ཀྱིས། གནམ་གཤིས་འགྱུར་ལྡོག་དང་རྒྱ་ནག་གི་སྲིད་བྱུས་འདྲ་མིན་སྟེ། གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གསར་རྒྱག  དེ་བཞིན་བོད་ཀྱི་འབྲོག་པ་གནས་སྤོར་སོགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་བབ་ལ་ཉམས་དམས་ཆེན་པོ་ཐེབས་བཞིན་པ་དང་འབྲེལ་ནས་གཏམ་བཤད་གནང་རྒྱུ་ཡིན་པ་མ་ཟད།  ཟླ་བ་རྗེས་མའི་ཚེས་ ༦ ཉིན་དེ་འཛམ་གླིང་གི་ཁོར་ཡུག་དྲང་བདེན་གྱི་ལས་འགུལ་ཉིན་མོར་འཁེལ་གྱི་ཡོད་སྟབས། དབྱིན་ཡུལ་ཁུལ་གྱི་བོད་མི་རྣམས་ཀྱིས་ཉིན་མོ་དེར་ལས་འགུལ་སྤེལ་ནས་རྒྱལ་སྤྱིའི་ལྷན་ཚོགས་ཐོག་བོད་མིར་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་མེད་པ་དེ་མངོན་གསལ་གནང་རྒྱུ་རེད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་འཆར།

ཧོང་ཀོང་ནང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ལས་ཁུངས་འདི་ལོའི་ལོ་མཇུག་ཏུ་དངོས་སུ་སྒོ་རྒྱག་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག དེ་ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁ་སང་ཡོང་ཁྱབ་གསལ་སྒྲགས་ཤིག་སྤེལ་བའི་ནང་། ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་ཤུགས་རྐྱེན་གྱི་འོག་ཚོགས་པ་དེས་ཁུལ་དེའི་ནང་ཡན་ལག་ལས་ཁུངས་གཉིས་སྒོ་རྒྱག་རྒྱུ་ཡིན་པ་གསུངས་འདུག ཚོགས་པའི་རྒྱལ་སྤྱིའི་འགན་འཛིན་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ Anjhula Mya Singh Bais ལགས་ཀྱིས་གསལ་བསྒྲགས་དེའི་ནང་དུ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཡིད་སེམས་སྐྱོ་བའི་ངང་ནས་ཧོང་ཀོང་ཁུལ་གྱི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུར་ཐག་བཅད་པ་ཡིན། ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཏུ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གིས་རང་དབང་ལྡན་ཞིང་འཇིགས་ཞུམ་བྲལ་བའི་ཐོག་ནས་ཕྱག་ལས་གནང་ཐབས་མེད་པར་བརྟེན་ཡན་ལག་ལས་ཁུངས་དེ་ཟླ་བ་རྗེས་མའི་ཚེས་ ༣༡ ཉིན་ནས་ལས་མཚམས་བཞག་སྟེ། ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡན་ལག་ལས་ཁུངས་གཞན་ཞིག་ལ་གནས་སྤོར་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུགགཞན་ཡང་གསལ་བསྒྲགས་དེའི་ནང་དུ། ད་ལྟའི་བར་དུ་ཧོང་ཀོང་ནི་གཞུང་འབྲེལ་མིན་པའི་སྤྱི་མང་གི་ཚོགས་པ་ཁག་གི་རྟེན་གཞི་ཡག་ཤོས་ཤིག་ཆགས་ཡོད་ཀྱང་། ཉེ་བའི་ལོ་འགའི་རིང་ནས་བཟུང་ཧོང་ཀོང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་ཚོང་ལས་སྡེ་ཁག་ལ་གོང་རིམ་དཔོན་རིགས་ཀྱིས་རྒོལ་རྡུང་གཏོང་འགོ་ཚུགས་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་དེ་ལྟ་བུའི་བརྟན་བརླིང་མེད་པའི་ཁོར་ཡུག་ཅིག་ཏུ་ལས་གཞི་ལག་བསྟར་བྱེད་ཐབས་མེད་པར་གྱུར་ཡོད་སྐོར་ཡང་གསལ་འགྲེལ་གནང་འདུག གཞན་ཡང་ཁོང་གིས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་ཁུལ་གྱི་ལས་བྱེད་རྣམས་ཀྱིས་འདས་བའི་ལོ་ངོ་བཞི་བཅུ་ལྷག་ལ་ཕྱག་ལས་རྒྱ་ཆེར་གནང་བར་བཀའ་དྲིན་ཆེན་པོ་ཡིན་པར་འགྲེལ་བརྗོད་ཀྱིས། ཧོང་ཀོང་ནང་གི་ལས་བྱེད་རྣམས་ཀྱིས་ཕྱི་ལོ་ ༡༩༩༣ ནས་བཟུང་ཁུལ་དེར་ཉེས་ཅན་སྲོག་ཁྲིམས་ཀྱི་ཁྲིམས་ཡིག་རྩ་མེད་བཟོས་ཡོད་པ་དང་། དེ་བཞིན་ཕྱི་ལོ ༢༠༡༩ ལོའི་མི་མང་གི་ཡར་ལངས་སྐབས་སུ་ཉེན་རྟོག་པས་མང་ཚོགས་ལ་དྲག་ཤུགས་སྤྱད་པའི་བདེན་དབང་འཚོལ་སྡུད་བྱས་ཡོད་པ་སོགས་ལུང་འདྲེན་གྱིས། ཉེས་ཡངས་ཚོགས་པའི་ངོས་ནས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་མུན་ནག་གི་དུས་སྐབས་སུ་གནས་ཚུལ་འབུར་འདོན་བྱེད་ཐུབ་པ་བྱུང་ཡོད་པར་བརྗོད་འདུགགཞི་རྩའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ནི་ཕྱི་ལོ་༡༩༦༡ ལོར་དབྱིན་ཡུལ་དུ་ཚུགས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཚོགས་པ་དེའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་ཐོག་ཚོགས་མི་ས་ཡ་བདུན་ཙམ་ཡོད་པ་མ་ཟད། དུས་རྒྱུན་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་ལྟར། འགྲོ་བ་མི་ཡོངས་ཀྱི་གཅིག་གྱུར་གྱི་གཞི་རྩའི་ཐོབ་ཐང་དང་ཁེ་དབང་སྲུང་སྐྱོབ་ལ་ཤུགས་སྣོན་གྱིས་ཁྲིམས་རྩོད་དང་ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་མཁན་གྱི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་ཅིག་ཆགས་ཡོད་ནའང་། ད་ཆ་ཧོང་ཀོང་གི་ནང་དུ་རྒྱ་ནག་གིས་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་གྱིས་མང་ཚོགས་གང་བྱུང་འཛིན་བཟུང་དང་དྲག་གནོན་བྱས་དང་བྱེད་མུས་ཁྲོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་བྱེད་རྣམས་ཀྱིས་ཧོང་ཀོང་གི་ནང་དུ་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་ལས་དོན་གཉེར་རྒྱུར་དཀའ་ངལ་འཕྲད་བཞིན་པ་རེད་འདུག

ཨ་རྒྱ་གཉིས་དབར་གདོང་ཐུག་གི་འགྱུར་འགྲོས་ཆེན་མོ་འོག་བོད་གཙོས་ཤར་ཏུར་ཀི་སི་ཏན་སོགས་ཀྱི་འགྱུར་ལྡོག་བགྲོ་གླེང་། 

༢༠༢༡ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ་ཐེ་ཝན་གྱི་རྒྱལ་ས་ཐེ་པི་རུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཐེ་སྡོད་བོད་རིགས་ཚོགས་པ་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་འདུག བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་ཨ་རྒྱ་གཉིས་དབར་གདོང་ཐུག་གི་འགྱུར་འགྲོས་ཆེན་མོ་འོག་བོད་གཙོས་པའི་ཤར་ཏུར་ཀི་སི་ཏན་དང་ནང་སོག ཧོང་ཀོང་། ཐེ་ཝན་གྱི་འགྱུར་ལྡོག་ཆགས་ཀྱི་འདུགཁ་སྔོན་ཚེས་ ༢༣ ཉིན་ཚོགས་པའི་བགྲོ་གླེང་ཚོགས་འདུའི་སྐུ་མགྲོན་གཙོ་བོ་ནི་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་གཙོས་མཁས་དབང་དང་སྲིད་དོན་པ། ལས་འགུལ་བ། སྤྱི་ཚོགས་ཞབས་ཞུ་བ་སོགས་མི་གྲངས་ ༦༠ ནས་ལྷན་ཞུགས་གནང་ཡོད་པ་རེད། བགྲོ་གླེང་ཐོག་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་དང་ཧོང་ཀོང་ནི་བོད་དང་ཤར་ཏུར་ཀི་སི་ཐན་བཞིན་གྱུར་ཟིན་པ། གུང་ཁྲན་སྲིད་དབང་འོག་ཏུ་བོད་ཀྱི་རིག་གཞུང་མདུན་ལམ་རྩ་མེད་དུ་འགྲོ་སྲིད་དམ་ཞེས་སོགས་བརྗོད་གཞི་སྣ་མིན་ཐད་གོ་བསྡུར་གནང་འདུགཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་ཞབས་ Freddy Lim ལགས་ཀྱིས་བོད་མི་རྣམས་ནས་འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་རྒྱ་ནག་གཞུང་ལ་ཡིད་མ་ཞུམ་པར་གདོང་ལེན་གནང་དང་གནང་མུས་ཡིན་པས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་བློ་དེ་གཞན་ལ་མིག་དཔེ་ཞིག་ཏུ་གྱུར་ཡོད་པར་མ་ཟད་ཁོང་རང་ཉིད་ནས་བོད་མིས་གཙོས་པའི་བོད་མི་དང་འདྲ་བའི་གཉའ་གནོན་ཅན་གྱི་སྲིད་བྱུས་འོག་མྱོང་བཞིན་པའི་མི་རིགས་ལ་རྒྱབ་སྐྱོར་ཡོད་ཅེས་པའི་གསུང་བཤད་གནང་ཡོད། དེ་བཞིན་ཐེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ Wang Ting-yu ལགས་ཀྱིས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཐོག་ཏུ་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་དང་ཐེ་ཝན་ལ་ཡང་ཡང་འཇིགས་སྐུལ་སོགས་བྱེད་བཞིན་པར་འཛམ་གླིང་གཉིད་སད་བཞིན་ཡོད་ལ། ལྷག་པར་དུ་ཆེས་ཛ་དྲག་གི་དུས་ཚིགས་འདིའི་ཁྲོད་ད་རེས་ཀྱི་བགྲོ་གླེང་དེ་དུས་དང་འཚམས་པ་ཞིག་དང་སྒོས་ང་ཚོ་ཚང་མས་ནུས་ཤུགས་རྡོག་རྩ་གཅིག་ཏུ་དྲིལ་དགོས་པར་སྐུལ་མ་གནང་ཡོད།ཐའེ་པེ་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Lin Ying Meng ལགས་ཀྱིས་གྲོང་སྡེ་ལྷན་ཚོགས་ལ་དབུས་བཞིན་ཕྱི་སྲིད་དང་འབྲེལ་བའི་དབང་ཚད་མེད་པ་དང་། གྲོང་སྡེ་ལྷན་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཏེ་ད་ཆ་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་ཡོད་སྐོར་འགྲེལ་བརྗོད་གནང་བར་མ་ཟད་སླད་མར་ཤིན་ཅང་རྒྱབ་སྐྱོར་ཚོགས་པ་ཞིག་ཀྱང་འཛུགས་འཆར་ཡོད་སྐོར་སྙན་སྒྲོན་གནང་ཡོད།བགྲོ་གླེང་ཚོགས་འདུའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨ་རི་དང་རྒྱ་དཀར་ནག་གཉིས་ཀྱི་གནས་བབ་གསར་པའི་འོག་བོད་ཀྱི་གནད་དོན་འཕེལ་ཕྱོགས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་བ་དང་། དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བོད་རྒྱ་དབར་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་རྩོམ་ཡིག་སྒྲོག་སྦྱང་དང་ངོ་སྤྲོད་གནང་ཡོད།གཞི་རྩའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བགྲོ་གླེང་དེ་ནི་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ལོ་ལྟར་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་ཐོག་ཕྱི་ཕྱོགས་རྒྱལ་ཁབ་ཨ་རི་གཙོས་འཇར་མ་ནི། ཨོ་སི་ཀྲོ་ལི་ཡ། རྒྱ་གར་ནས་ཚོགས་ཞུགས་པས་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་ཡོད་པ་དང་།  དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེར་རྒྱ་ནག་གཞུང་ནས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་སྐོར་གསུངས་སོང་།

Latest news