Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ལ་དྭགས་སུ་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བ་ནས་ཆར་སིམ་ཁྲོད་ཆོས་འབྲེལ་ཞུས་པ།

ལ་དྭགས་གླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་གསུང་ཆོས་ར་བའི་ནང་དེ་རིང་གི་ཉིན་གཉིས་པའི་ཆོས་འབྲེལ་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་སྤྱོད་འཇུག་ཆེན་མོའི་ལེའུ་གཉིས་པ་ནས་ལྗགས་ལུང་བཀྲིན་སྩལ་གནང་མཛད་ཡོད།རྩ་བའི་དེ་རིང་ཉིན་གཉིས་པའི་ཆོས་འབྲེལ་སྐབས་ཆར་སིམ་ཁྲོད་ཆོས་ཞུ་བ་ལྔ་ཁྲི་ལྷག་ཕེབས་ཡོད་པའི་ཚོད་དཔག་དང་། ཆར་སིམ་འབབ་བཞིན་པའི་ཁྲོད་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཚེས་གཅིག་ལྷ་མོའི་ཚེས་གཏོར་དང་བསྟུན་༸གང་ཉིད་ནས་ལྷ་མོའི་འཕྲིན་བཅོལ་རྒྱས་པ་ཞིག་ཕུལ་ཡོད་པའི་ངོ་སྤྲོད་དང་སྦྲགས།     དལ་འབྱོར་མི་ལུས་བཟང་པོ་ཐོབ་པ་དེ་ནམ་འཆི་ངེས་མེད་ཡིན་སྟབས།  ཉིན་རེ་བཞིན་དལ་འབྱོར་ལུས་བརྟེན་དེའི་ཐོག་ནས་སྙིང་པོ་ལེན་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་།    ལྷག་པར་བོད་གངས་ཅན་གྱི་ཞིང་དང་ཧཱི་མ་ལ་ཡའི་མི་རིགས་ཚོར་ལས་བཟང་པོའི་བག་ཆགས་ཡོད་པ་ཞིག་ཡིན་སྟབས།   མི་ལུས་བཟང་པོ་ཐོབ་པ་དེ་དོན་དང་ལྡན་པ་ཞིག་ཡོང་ཐབས་བྱ་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སྩལ་མཛད་སོང་།དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དང་ཧཱི་མ་ལ་ཡའི་མི་རིགས་ཚོས་རྒྱུན་གཏན་བྱང་ཆུབ་སེམས་ལ་དོ་སྣང་དང་སྐྱབས་འགྲོའི་སྨོན་ལམ་བཅས་གསུང་འདོན་གནང་གི་ཡོད་པར་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་སྐོར་བཀའ་སྩལ་དང་བསྟུན།  དོན་དང་ལྡན་པའི་བདེ་བ་ཞིག་ཡོང་ཐབས་སུ་ཉིན་རེ་བཞིན་བྱང་ཆུབ་སེམས་བསྒོམ་རྒྱུ་དེ་ཡིན་པའི་ལམ་སྟོན་དང་སྦྲགས་སྤྱོད་འཇུག་ཆེན་མོའི་ལེའུ་གཉིས་པ་སྡིག་བཤགས་ནས་ལྗགས་ལུང་བཀྲིན་སྩལ་གནང་མཛད་སོང་།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་རེས་ལ་དྭགས་ཆིབས་བསྒྱུར་འདི་བཞིན་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྗེས་མགོན་པོ་༸གང་ཉིད་ནས་རྡ་རམ་ས་ལའི་ཕྱི་ཕྱོགས་སུ་ཆོས་འབྲེལ་བཀྲིན་སྩལ་བ་ཐེངས་དང་པོ་དེ་ཡིན་པ་མ་ཟད།    ལྷག་པར་དུ་མགོན་པོ་༸གང་ཉིད་ལ་དྭགས་ཁུལ་དུ་ལོ་གསུམ་ལྷག་གི་རྗེས་ཐེངས་དང་པོར་ཆིབས་བསྒྱུར་བཀྲིན་མཛད་ཀྱི་སྐོར་དང་།   ལ་དྭགས་ཀྱི་ས་ཕྱོགས་གང་ས་ནས་ཆོས་ཞུ་བ་སྟོང་ཕྲག་མང་པོ་གྲོང་ཁྱེར་གླེ་ཁུལ་དུ་འདུ་འཛོམས་བྱུང་ཡོད་པ་མ་ཟད།   ལྷག་པར་དུ་བོད་མིའི་གཙོས་རྒྱ་བལ་འབྲུག་གསུམ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཁྱོན་ཆོས་ཞུ་བ་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་འདུག་པ་ལྟར། ཆོས་ཞུ་བ་ཁག་ཅིག་གི་ཚོར་བ་དེ་ལྟར་འགྲེལ་བརྗོད་གནང་བྱུང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་འདི་ཉིད་དེ་རིང་རེ་ཞིག་མཇུག་སྒྲིལ་དང་འབྲེལ།    སང་ཉིན་ཕྱི་ཚེས་ ༣༠ ཉིན་མགོན་པོ་༸གང་ཉིད་མཆོག་ནས་དད་ལྡན་ཆོས་ཞུ་བ་ཚོར་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ་རྒྱུ་མ་ཟད། ལ་དྭགས་ནང་ཚོགས་དང་དགོན་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག

གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གཉིས་པ་མཇུག་སྒྲིལ།

ཟླ་བ་འདིའི་ཕྱི་ཚེས་ ༢༧ སྟེ། རེས་གཟའ་ལྷག་པ་ནས་འགོ་འཛུགས་ཀྱིས་དེ་རིང་རེས་གཟའ་པ་སངས་བར་ཉིན་གསུམ་རིང་བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་དང་ཚོགས་མི་རྣམས་ལྷན་བཞུགས་ཐོག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་ཡོད།དེ་རིང་ཚོགས་འདུ་མཇུག་སྒྲིལ་དང་བསྟུན་ཚོགས་ཆུང་གི་ཚོགས་མི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་ཐེངས་འདིའི་ཚོགས་འདུའི་ནང་གནད་དོན་གཙོ་བོ་གང་གི་ཐོག་གྲོས་བསྡུར་གནང་ཡོད་སྐོར་དང་། མ་འོངས་ལས་གཞི་གཏན་འབེབས་ཇི་བྱུང་སོགས་ཀྱི་ཐད་བཅར་འདྲི་ཁག་ཅིག་ཞུས་པར།  བོད་རྒྱ་འབྲེལ་མོལ་ཡོངས་ཐབས་སུ་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གནང་ཕྱོགས་དང་། ཡོ་རོབ་གཙོས་པའི་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་ལས་འགུལ་ཞི་རྒྱ་ཆེ་རུ་གཏོང་ཐབས། བོད་ནང་གི་གནས་སྟངས་དང་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་གྲོས། དེ་བཞིན་དེ་སྔོན་ཚོགས་པའི་ཚོགས་དུས་དང་པོའི་སྐབས་གྲོས་བསྡུར་བྱུང་བའི་གནད་དོན་ལ་མཇུག་སྐྱོང་དང་། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་རྣམ་པའི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་གསུངས་བྱུང་།རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་སྐབས་ ༡༦ པས་སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་དེ་སྔ་ཡོད་བཞིན་པའི་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་ཆེད་བཙུགས་གནང་སྟེ། ཚོགས་ཆུང་གི་ཚོགས་འདུ་ཆེས་ཐོག་མ་དེ་སྔར་ལོའི་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡༦ ནས་ ༡༨ བར་ཁྱོན་ཉིན་གསུམ་རིང་བཞུགས་སྒར་ནོར་གླིང་ཉེ་འཁྲིས་སུ་ཚོགས་མི་དང་སློབ་སྟོན་པ་ཚང་འཛོམས་ཐོག་ཚོགས་འདུ་ཚོགས་ཡོད་པ་དང་། ད་རེས་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག ཚོགས་ཆུང་གི་ཚོགས་མི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས་བཅས་དངོས་སུ་ས་གནས་ལ་མཉམ་ཞུགས་དང་། ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། དམིགས་གསལ་གདན་ཞུ་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་གཉིས་དྲ་རྒྱའི་བརྒྱུད་མཉམ་ཞུགས་གནང་ཡོད་པ་རེད།  

གཞིས་ཀ་རྩེ་ནས་ཡིན་པའི་བོད་མི་ཚེ་དབང་རིན་ཆེན་ལགས་སུ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

རྒྱ་གཞུང་གིས་དབྱེ་བའི་རང་སྐྱོང་ལྗོངས་དབུས་ཁུལ་གྱི་གཞིས་ཀ་རྩེ་རིན་སྤུངས་རྫོང་ནས་ཡིན་པའི་བོད་མི་ཚེ་དབང་རིན་ཆེན་ལགས་ཞུ་བ་ཞིག་ལ་རྒྱལ་ཁབ་ཀྱི་ལས་དོན་འཐུས་ཤོར་དང་ཕྱོགས་ཞེན་གྱིས་དབང་ཆ་ལོག་སྤྱོད་བྱས་འདུག་ཟེར་བའི་ཉེས་མིང་འོག་དུས་ཡུན་ལོ་གཅིག་དང་ཟླ་བ་དྲུག་རིང་གི་ཁྲིམས་ཐག་བཅད་འདུགདེ་ཡང་འདི་གའི་གསར་འགོད་པར་བཙན་བྱོལ་ནང་གནས་སྡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན་ཚེ་དབང་རིན་ཆེན་ལགས་གཞིས་ཀ་རྩེ་རིན་སྤུངས་རྫོང་འབྲོག་སའི་དྲུང་ཡིག་གྱི་ལས་གནས་ཡོད་སྟབས་རྒྱ་གཞུང་གིས་བཀའ་བརྒྱ་བཏང་སྟེ་འབྲོག་པ་རྣམས་གྲོང་ཁྱེར་ལ་གནས་སྤོ་བྱ་དགོས་པའི་བཙན་བཀའ་ཡང་ཡང་བཏང་ཡང་ཚེ་དབང་རིན་ཆེན་ལགས་ཀྱིས་བཀའ་བརྒྱ་དེར་རྩི་མཐོང་བྱས་མ་སོང་ཟེར་བ་དང་རྒྱལ་ཁབ་ཀྱི་ལས་དོན་འཐུས་ཤོར་དང་ཕྱོགས་ཞེན་གྱིས་དབང་ཆ་ལོག་སྤྱོད་ཟེར་བའི་ཉེས་མིང་འོག་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་གཞིས་ཀ་རྩེ་ནང་ཡོད་པའི་མི་མང་ཁྲིམས་ཁང་ནས་ཁོང་ལ་ལོ་གཅིག་དང་ཟླ་བ་དྲུག་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་མ་ཟད། རྒྱ་སྒོར་ ༣༥༠༠༠ རྒྱ་གཞུང་ལ་སྤྲད་དགོས་པ་དང་ཁོང་གིས་དྲུང་ཡིག་གི་ལས་གནས་དེ་ཡང་ཕྱིར་བསྡུ་བྱས་འདུག་ ད་ལྟ་ཁོང་གི་གནས་སྟངས་དང་བཙོན་ཁང་གང་དུ་ཡོད་མིན་ཤེས་ཚོད་ཁག་པོར་གྱུར་འདུག གཞི་རྩའི་བོད་མི་ཚེ་དབང་རིན་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ལོ་འགོ་ནས་རྒྱ་གཞུང་གིས་ས་གནས་འབྲོག་པའི་འཚོ་བ་སྐྱེལ་སྟངས་དེ་མེད་པར་བཟོས་ནས་འབྲོག་པ་རྣམས་གྲོང་ཁྱེར་ནང་སྤོ་དགོས་པའི་ཁྲིམས་བཟོ་སྐབས་ས་གནས་གཞུང་ལ་སྔར་རྒྱུན་ནས་གནས་པའི་འབྲོག་པའི་འཚོ་བ་དེ་མེད་པར་བཟོས་ནས་ཁོང་རྣམས་གྲོང་ཁྱེར་དུ་སྤོས་ཚེ་མ་འོངས་པར་འབྲོག་མི་རྣམས་ལ་དཀའ་ངལ་ཚད་མེད་འཕྲད་བའི་ཉེན་ཁ་ཡོད་ལུགས་འགྲེལ་བརྗོད་དང་། འབྲོག་པ་རྣམས་སྔར་བཞིན་ས་མཐོ་སར་སྒོ་ཕྱུགས་སེམས་ཅན་དང་མཉམ་དུ་འཚོ་བ་སྐྱེལ་བཅུག་ཚེ་དེས་འབྲོག་པ་རྣམས་ལ་ཕན་ཐོགས་ཡོད་པའི་སྙན་ཐོ་ཞིག་རྒྱ་གཞུང་ལ་ཕུལ་མྱོང་ཡོད་པ་རེད་འདུག པར་དབང་བོད་ཀྱི་དུས་བབ།

༸གོང་ས་མཆོག་གིས་ལ་དྭགས་དང་ཧཱི་མ་ལ་ཡའི་མི་རིགས་ཚོས་སེམས་བཟང་པོ་བྱས་ཚེ་བོད་བསྟན་སྲིད་ལའང་ཕན་ཐོགས་ཡོད་སྐོར་བཀའ་སྩལ་སོང་།

ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་གསོལ་འདེབས་ཞུས་པ་ལྟར།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྟེ་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་ཆོས་འབྲེལ་བཀའ་དྲིན་འདི་བཞིན་དངོས་སུ་དབུ་འཛུགས་མཛད་སོང་།དེ་ཡང་ལ་དྭགས་གྲོང་ཁྱེར་གླེའི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བར་ཉིན་དང་པོའི་ཆོས་འབྲེལ་སྐབས་ཕྱི་ནང་དད་ལྡན་ཆོས་ཞུ་བ་མི་གྲངས་གསུམ་ཁྲི་བརྒལ་བ་ཞིག་འདུ་འཛོམས་བྱུང་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་པའི་དྲན་སྐུལ་དང་། གཞི་རྩའི་ཆོས་ལུགས་ཚང་མས་དེ་ལྟར་གསུངས་ཀྱི་ཡོད་ཀྱང་། ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་དཔལ་ན་ལན་ཌ་ནས་བརྒྱུད་པའི་ནང་པའི་ཆོས་དེ་རྒྱུ་མཚན་ཡང་དག་ཡོད་པའི་ཆོས་ལུགས་ཤིག་ཡིན་པ་བཅས་ནང་ཆོས་ཀྱི་སྙིང་པོ་གང་ཡིན་ལམ་སྟོན་བཀྲིན་སྩལ་གནང་མཛད་པ་མ་ཟད། བོད་ཀྱི་ཁྱིམ་མཚེས་ལ་དྭགས་དང་ཧཱི་མ་ལའི་མི་རིགས་ཚོས་སེམས་བཟང་པོ་བྱས་ཚེ།  བོད་ནང་ཤུགས་རྐྱེན་ཆེན་པོ་བྱུང་གི་ཡོད་པ་དང།   བོད་བསྟན་སྲིད་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་།  ལྷག་པར་འཛམ་གླིང་ཞི་བདེ་ཡོང་ཐབས་སུའང་དོན་དམ་གྱི་ཕན་ཐོགས་ཡོད་པའི་ལམ་སྟོན་སོགས་ཀྱང་བཀའ་དྲིན་སྩལ་གནང་མཛད་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མི་ཡིན་ཕྱིན་ཆད་སྤྱི་ཚོགས་ལ་བསྟུན་དགོས་པ་དང་།    སེམས་པ་བཟང་པོ་ཀུན་ནས་བླངས་ཏེ་གྲོགས་པོའི་འདུ་ཤེས་ཐོག་གནས་ཐུབ་ཚེ་ཪང་གཞན་ཀུན་གྱི་མི་ཚེ་སྐྱིད་པ་ཡོང་རྒྱུ་དང་།    རྒྱུན་དུ་ང་ཚོས་འཛམ་གླིང་ཞི་བདེ་འདོད་ཀྱི་ཡོད་ཀྱང་།  སེམས་ནང་ང་རྒྱལ་དང་ཕྲག་དོག་འཇིགས་སྣང་བཅས་ལ་བརྟེན་པས་འཛམ་གླིང་ཞི་བདེ་ཡོང་གི་མེད་པར།   ཞི་བདེའི་རྩ་བ་དེ་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་པའི་ལམ་སྟོན་བཀྲིན་སྩལ་གནང་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ད་དུང་།   བོད་རྒྱ་ཆེའི་མང་ཚོགས་ནས་༸གང་ཉིད་ལ་རེ་བ་དང་ཡིད་ཆེས་བློ་འཁེལ་གནང་གི་ཡོད་པ་ལྟར།  ངོས་རང་སེམས་པ་བཟང་པོ་དང་དེའི་གཞི་རྩར་སྙིང་སྟོབས་ཡོད་སྐོར་དང་། བོད་མི་ཚོར་གཞི་རྩའི་དཀའ་ངལ་ཆེན་པོ་ཞིག་ཡོད་ཀྱང་སེམས་པ་བཟང་པོ་ཀུན་ནས་བླངས་པའི་སྙིང་སྟོབས་ལྡན་ཚེ་ང་ཚོའི་གནས་སྟངས་རིང་མིན་འགྱུར་བ་འགྲོ་ངེས་པ་སོགས་ཀྱི་སྐོར་བཀའ་གནང་སྟེ།   ཀུན་ལ་བརྩེ་སེམས་བྱ་རྒྱུ་དེ་འཛམ་གླིང་ཞེ་བདེའི་རྩ་བ་ཡིན་པ་བཅས་ཀྱི་ལམ་སྟོན་ཡང་བཀའ་སྩལ་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་བདུན་པ་དང་བརྒྱད་པ་ནས་བྱུང་པའི་བོད་ཀྱི་སྐད་ཡིག་དང་ནང་པའི་ཆོས་བཅས་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་དང་།    སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་བཀའ་འགྱུར་དང་བསྟན་འགྱུར་གཙོས་ཟབ་པ་དང་རྒྱ་ཆེ་བའི་ལམ་སྟོན་པའི་ཕྱག་དཔེ་སྟོང་ཕྲག་མང་པོ་དེ་དག།   བཙན་བྱོལ་བོད་མི་ཚོས་སྐུ་ལས་བསྐྱོན་པའི་འོག་གདན་ས་གསུམ་གྱི་གཙོས་ཆོས་སྡེ་ཚོས་རྩ་བ་གསར་འཛུགས་ཐུབ་པའི་སྐོར་བཀའ་སྩལ་གནང་པ་མ་ཟད།   དེང་སྐབས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཅས་ལ་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་བྱེད་ཀྱི་ཡོད་པའི་སྐོར་སོགས་བཀའ་གནང་ཡོད།  ལ་དྭགས་པ་ཚོས་རྒྱུན་དུ་རིག་ལམ་གྱི་ཐོག་ནས་གཞུང་ཆེན་ཁག་ལ་དོ་སྣང་གནང་དགོས་པའི་ལམ་སྟོན་བཀའ་སྩལ་དང་བསྟུན།   དེ་རིང་གྱི་ཆོས་འབྲེལ་དངོས་གཞི་སྤྱོད་འཇུག་ཆེན་མོའི་མཛད་པོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་མཛད་རྣམ་སྙིང་བསྡུས་ཤིག་བཀའ་གནང་སྟེ།   བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པའི་ལེའུ་དང་པོ་ངོ་སྤྲོད་སྩལ་གནང་མཛད་ཡོད།དེ་རིང་གྱི་ཉིན་དང་པོའི་ཆོས་འབྲེལ་དེའི་སྐབས་ལ་དྭགས་ཁུལ་གྱི་ས་གནས་མང་པོ་ནས་དད་ལྡན་སྟོང་ཕྲག་མང་པོ་ཆེད་ཕེབས་གནང་འདུག་པ་མ་ཟད།   རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཕྱི་རྒྱལ་མི་རིགས་དང་།   དེ་བཞིན་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་བོད་མི་ཆོས་ཞུ་བ་ཡང་མང་པོ་ཕེབས་ཡོད་པ་བཅས་ཉིན་དང་པོའི་ཆོས་འབྲེལ་དེར་མི་གྲངས་ཁྲི་གསུམ་ལྷག་འདུ་འཛོམས་བྱུང་ཡོད་པའི་ཚོད་དཔག་གནང་གི་འདུག

རྒྱ་ནག་གོའང་ཏོང་ཞིང་ཆེན་ནང་བོད་བརྒྱུད་ནང་བསྟན་ཚོད་འཛིན་བྱ་རྒྱུའི་བཙན་བཀའ་བཏང་འདུག

ཟླ་བ་འདིའི་ནང་རྒྱ་ནག་གོའང་ཏོང་ Guangdong ཞིང་ཆེན་ནང་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་ནང་པའི་མཐུན་ཚོགས་ China Buddhist Association ངོས་ནས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་ཁྲིམས་མཐུན་མིན་པའི་སྒོ་ནས་ཆོས་ལུགས་ཁྱབ་སྤེལ་བྱ་རྒྱུར་མཚམས་འཇོག་དགོས་པའི་དམ་བསྒྲགས་བྱས་འདུགདེ་ཡང་ Bitterwinter གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གོའང་ཏོང་ Guangdong ཞིང་ཆེན་ཁུལ་དུ་གནས་བཞུགས་ནང་པའི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་རྒྱ་ནག་ནང་པའི་མཐུན་ཚོགས་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་རྣམས་དམར་པོའི་གཞུང་གི་ལྟ་སྤྱོད་སྤེལ་ས་ཞིག་ལ་ངོས་འཛིན་གྱིས། དེའི་ཚབ་ཏུ་བོད་དང་ཕྱི་རྒྱལ་ཁག་ནས་བོད་པའི་དགེ་འདུན་པ་གདན་ཞུ་གནང་སྟེ་གསན་བསམ་གནང་གི་ཡོད་སྟབས། རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་ནང་པའི་མཐུན་ཚོགས་ཟེར་བ་དང་རྒྱ་ནག་གཞུང་ནས་དེར་བཟོད་སྲན་ཐུབ་ཀྱི་མེད་པ་རེད་འདུག ཚོགས་པ་དེས་ཟླ་བ་འདིའི་ནང་སྤེལ་བའི་བཀའ་རྒྱ་དེའི་ནང་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་སྐམ་ས་ཆེན་མོར་ཐེག་པ་ཆེན་པོའི་ཆོས་ཁྱབ་སྤེལ་ཡོང་རྒྱུར་ཆོག་མཆན་གང་ཡང་མེད་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་མང་དུ་སོང་ཡོད་པར་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་བ་མ་ཟད། བོད་རིགས་དགེ་འདུན་པ་རྣམས་ཁ་བྲལ་རིང་ལུགས་གམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བྱེད་མཁན་ཡིན་སྟབས། རྒྱལ་ནང་ལ་ཉེན་ཁ་དང་དངངས་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་བཀོད་ཡོད་འདུགམ་ཟད་བཀོད་ཁྱབ་དེའི་ནང། སྤྱིར་བོད་པའི་དགེ་འདུན་པ་རྣམས་རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པའི་ཐོག་ནས་རང་ཉིད་གནས་ཡུལ་ལས་ཕྱིར་བསྐྱོད་ནས་ནང་པའི་ཆོས་འཆད་ཁྲིད་བྱ་རྒྱུ་ནི་ཁྲིམས་འགལ་ཡིན་པ་འགྲེལ་བརྗོད་དང་འབྲེལ། གོའང་ཏོང་ Guangdong ནང་གི་ནང་པའི་དགོན་སྡེ་ཁག་དང་ཚོགས་པ་ཁག་ཡོངས་ནས་དེ་ལྟ་བུའི་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་གྱི་ལས་དོན་ཡོངས་ལ་མཉམ་ཞུགས་ཆོག་གི་མེད་པར་བརྗོད་འདུག ད་དུང་རྒྱ་ནག་གཞུང་གི་སྲིད་བྱུས་སམ་ལྟ་སྤྱོད་དང་བརྒལ་ནས་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་བྱེད་ཚེ་རྒྱལ་ཁབ་ཀྱི་ཆོས་ལུགས་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་ཀྱིས་ཞིབ་བཤེར་དང་ཁྲིམས་ཆད་གཏོང་རྒྱུའི་ཉེན་བརྡ་དང་ ། གོའང་ཏོང་ Guangdong ཁུལ་དུ་གནས་སྡོད་ནང་པའི་ཆོས་བརྒྱུད་འཛིན་པ་ཚོས་རྒྱ་ནག་གཞུང་གི་བཀོད་སྒྲིག་བྱས་པའི་ནང་པའི་ཚོགས་པར་གུས་བཀུར་བྱ་དགོས་པའི་བཙན་བཀའ་བཏང་བ་མ་ཟད། ཁུལ་དེར་བོད་བརྒྱུད་ནང་བསྟན་འཛིན་པའི་བོད་རིགས་དགེ་འདུན་པ་རྣམས་ནས་ནང་ཆོས་ཁྱབ་སྤེལ་བྱས་པ་ཤེས་རྟོགས་བྱུང་ཚེ་མི་མང་བདེ་འཇགས་ལས་ཁང་དང་ས་གནས་ཆོས་ལུགས་ཚོགས་པར་རྩིས་སྤྲོད་བྱ་དགོས་པ་བཅས་ཀྱི་བཙན་བཀའང་བཏང་ཡོད་པ་རེད་འདུག

བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧.༠༨ དང་ ༩༤.༠༢ སོ་སོར་བྱུང་འདུག

CBSE རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་འཛིན་རིམ་བཅུ་གཉིས་དང་། བཅུ་པ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། ཁ་སང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འདི་ལོའི་བོད་པའི་སློབ་གྲྭ ཁག་གི་འཛིན་རིམ་བཅུ་གཉིས་དང་། བཅུ་པ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཕྱོགས་སྒྲིག་གནང་པ་ཞིག་ཡོངས་གྲགས་གནང་ཡོད། ཤེས་རིག་ལས་ཁུངས་ནས་ཕྱོགས་སྒྲིག་གནང་བའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་དུ་བོད་པའི་སློབ་གྲྭ་ཁག་ ༡༦ ནས་ཁྱོན་སློབ་མ་ ༡༠༢༧ ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་དག་ཁྲོད་སློབ་མ་ ༩༩༧ ཡིག་རྒྱུགས་གཙང་འཕྲོད་ཐོག་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧.༠༨ དང་། ཆ་སྙོམས་བརྒྱ་ཆ་ ༨༧.༤༡ བྱུང་འདུག དེ་བཞིན་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་དུ་བོད་པའི་སློ་གྲྭ་ཁག་ ༢༧ ནས་ཁྱོན་སློབ་མ་ ༡༡༨༨ ནས་མཉམ་ཞུགས་གནང་སྟེ་སློབ་མ་ ༡༡༡༧ ཡིག་རྒྱུགས་གཙང་འཕྲོད་ཐོག་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༩༤.༠༢ དང་། ཆ་སྙོམས་བརྒྱ་ཆ་ ༦༣.༡༤ བྱུང་ཡོད་འདུག རྩ་བའི་༢༠༢༡ དང་ ༢༠༢༢ ལོར་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་རྐྱེན་པས་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་དང་། སྐབས་དེའི་སློབ་མའི་ཡིག་རྒྱུགས་གྲུབ་འབྲས་དེ་ཉིད་སྔར་དང་མི་འདྲ་བའི་རྣམ་པ་གཞན་གཉིས་ཀྱི་ཐོག་ནས་གནང་དགོས་བྱུང་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུ་སྐབས། འདས་ལོའི་ནང་ཏོག་ནད་ཀྱི་ཛ་དྲགས་གནས་སྟངས་རྐྱེན་པས་ཤེས་ཡོན་སློབ་གསོ་གནང་ཕྱོགས་ལ་འགྱུར་བ་ཆེན་པོ་བྱུང་བ་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཞིགས་ན་འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་འདི་བཞིན་ཧ་ཅང་འདོད་བློ་ཁེངས་པ་ཞིག་བྱུང་ཞེས་གསུངས་ཡོད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་ལོ་ལྟར་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་དུ་སློབ་མ་སྒེར་གྱི་ཆ་སྙོམས་བརྒྱ་ཆ་ ༩༥ ལྷག་བླངས་མཁན་ཚོར་སྲིད་སྐྱོང་སློབ་ཡོན་གནང་བཞིན་ཡོད་པ་ལྟར། འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་མ་གཉིས་བྱུང་ཡོད་པ་དེ་དག་བརྒྱ་ཆ་ ༩༥.༢ སོན་པ་སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་ཀྱི་སྒྱུ་རྩལ་སྡེ་ཚན་གྱི་སློབ་མ་བསྟན་འཛིན་འོད་ཟེར་ལགས་དང་། བརྒྱ་ཆ་ ༩༥ སོན་པ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྒྱུ་རྩལ་སྡེ་ཚན་གྱི་སློབ་མ་བསྟན་འཛིན་ཆོས་སྒྲོན་ལགས་ཡིན་པ་རེད། དེ་བཞིན་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་སོ་སོའི་ནང་རྩེ་ཕུད་སོན་པའི་སློན་མ་རྣམས་སྒྱུ་རྩལ་སྡེ་ཚན་ཁོངས་སུ་བརྒྱ་ཆ་ ༩༥.༢ སོན་པ་སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་ཀྱི་སློབ་མ་བསྟན་འཛོན་འོད་ཟེར་ལགས་དང་། ཚོང་རིག་སྡེ་ཚན་ཁོངས་སུ་བརྒྱ་ཆ་ ༩༤.༢ སོན་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཛོམས་སྐྱིད་རྒྱལ་པོ་ལགས། དེ་བཞིན་ཚན་རིག་སྡེ་ཚན་ཁོངས་སུ་བརྒྱ་ཆ་ ༩༤.༦ སོན་པ་སེ་ལ་ཀུའི་ Selakui བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་པདྨ་ལགས་བཅས་ཡིན་པ་དང་། འདི་ལོ་བོད་པའི་སློབ་གྲྭ་ཁྱོན་ཡོངས་ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཀྱི་ཆ་སྙོམས་བརྒྱ་ཆ་རྩེ་ཕུད་སོན་པའི་སློབ་གྲྭ་དེ་སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་ཡིན་པ་རེད།

གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གཉིས་པ་དབུ་འཛུགས།

བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་དང་ཚོགས་མི་རྣམས་ལྷན་བཞུགས་ཐོག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག ཚོགས་ཆུང་གི་ཚོགས་མི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས་བཅས་དངོས་སུ་ས་གནས་ལ་མཉམ་བཞུགས་དང་། ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། དམིགས་གསལ་གདན་ཞུ་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་གཉིས་དྲ་རྒྱའི་རྒྱུད་ཚོགས་འདུའི་ལས་རིམ་ཐོག་མཉམ་ཞུགས་གནང་ཡོད།འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞི་སོགས་དང་འབྲེལ་ཚོགས་ཆུང་གི་ཚོགས་མི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་བཅར་འདྲི་ཞུ་སྐབས། ཚོགས་འདུ་ཐེངས་གཉིས་པ་འདི་བཞིན་དེ་རིང་ཕྱི་ཚེས་ ༢༧ ནས་ཕྱི་ཚེས་ ༢༩ བར་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་དང་། ཚོགས་དུས་ཐོག་གཅོ་བོ་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་གཅིག་ལྷག་གི་ལས་ཡུན་ཁྲོད་དུ་ཨ་རི་སོགས་སུ་ཕེབས་སྐབས་དང་། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བཞུགས་སྒར་དང་བལ་ཡུལ་ནང་ཕེབས་སྐབས་དོན་སོ་སོར་བཀའ་མོལ་བྱུང་བའི་གནད་དོན། དེ་བཞིན་བོད་རྒྱ་འབྲེལ་མོལ་མཐུད་ཐབས་གནང་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་འགྲེལ་བརྗོད་གནང་བྱུང་། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་སྐབས་ ༡༦ པས་སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་དེ་སྔ་ཡོད་བཞིན་པའི་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་ཆེད་བཙུགས་གནང་སྟེ། ཚོགས་ཆུང་གི་ཚོགས་འདུ་ཆེས་ཐོག་མ་དེ་སྔར་ལོའི་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡༦ ནས་ ༡༨ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་བཞུགས་སྒར་ནོར་གླིང་ཉེ་འཁྲིས་སུ་ཚོགས་མི་དང་སློབ་སྟོན་པ་ཆ་ཚང་དངོས་སུ་ལྷན་འཛོམས་ཐོག་ཚོགས་ཡོད།

ཆབ་སྲིད་བཙོན་ཟུར་ཞིག་གི་སྐུ་གཟུགས་གནས་སྟངས་ཛ་དྲག་དང་བརྒྱད་ཅུའི་འཁྲུངས་སྐར་སྐད་འཕྲིན་བཙུགས་རྐྱེན་བོད་མི་ཞིག་འཛིན་བཟུང་།

རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ ནང་བོད་མི་ན་གཞོན་བསྟན་འཛིན་ཤེས་རབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཕྲུ་གུ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་ལགས་སུ་གཅར་རྡུང་མནར་གཅོད་ཚད་མེད་བཏང་རྗེས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་གློད་བཀྲོལ་གཏོང་དགོས་བྱུང་བ་དེ་ལྟར་ཡང་། ནོར་འཛིན་དབང་མོ་ལགས་གློད་བཀྲོལ་བཏང་རྗེས་ཁྲིན་ཏུའུ་དང་ཟི་ལིང་སོགས་སུ་སྨན་པར་བསྟེན་གཏུག་བྱས་ཀྱང་དྲག་སྐྱེད་ཡོང་བའི་རེ་བ་མེད་པ་ལྟ་བུར་གྱུར་ཡོད་འདུགདེ་ཡང་ཁམས་ཡུལ་ཤུལ་ཁུལ་གྱི་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བ་ནས་ཡིན་པའི་ནོར་འཛིན་དབང་མོ་ལགས་ཀྱི་འཕྲོད་བསྟེན་གནས་བབ་དང་འབྲེལ་ནས་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ཟླ་ ༦ པའི་ཚེས་ ༡ ནས་ཁྲིན་ཏུའུ་གྲོང་ཁྱེར་གྱི་མི་མང་སྨན་ཁང་དུ་སྨན་པར་བསྟེན་ནས་ཉིན་བདུན་ཕྱིན་ཡོད་ཀྱང་ཕན་ཐོགས་བྱུང་མེད། དེ་ནས་སྐྱེ་རྒུ་མདོའི་མི་མང་སྨན་ཁང་དུ་ཉིན་གྲངས་ ༡༦ རིང་སྨན་བཅོས་བྱས་ཡོད་ནའང་དྲག་སྐྱེད་མ་བྱུང་བར་བརྟེན། སྨན་པའི་ལམ་སྟོན་བཞིན་འདས་པའི་ཉིན་གྲངས་ ༡༥ རིང་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཆེ་གྲས་ཤིག་ཏུ་སྨན་བཅོས་བྱེད་མུས་ཡིན་ནའང་། དྲག་སྐྱེད་ཡོང་རྒྱུའི་རེ་བ་མེད་པ་ལྟ་བུ་གྱུར་ཡོད་པ་བཀོད་འདུག རྩ་བའི་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་དང་། ཁ་བྲལ་རིང་ལུགས་ཀྱི་ངན་སྐུལ་བྱས་ཚུལ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་ནས་ད་བར་དུ་བོད་མི་སྟོང་ཕྲག་མང་པོ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་རྒྱུ་མཚན་གྱི་བོད་མི་གློ་བུར་འདས་གྲོངས་སུ་གྱུར་བ་དང་། འཆི་ཁར་རང་ཁྱིམ་དུ་བསྐྱལ་བ་སོགས་ཀྱི་གནད་དོན་བསྟུད་མར་བྱུང་དང་འབྱུང་བཞིན་པ་ལྟར། ནོར་འཛིན་དབང་མོ་ལགས་ཀྱང་ ༢༠༡༣ ལོའི་ཟླ་ ༥ པའི་ནང་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྡེ་ནས་བོད་མི་ན་གཞོན་བསྟན་འཛིན་ཤེས་རབ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ཆུ་དམར་ལེབ་རྫོང་མི་མང་ཁྲིམས་ཁང་གིས་གསང་བའི་ཁྲིམས་ར་ཚོགས་ཏེ་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་སླར་ཡང་བོད་མི་བློ་ཚེས་ཞེས་པ་ཞིག་བརྒྱད་ཅུའི་འཁྲུངས་སྐར་བསུ་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་པའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུགཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་དགོན་རུ་མ་ནས་ཡིན་པ་བོད་མི་རང་ལོ་ ༥༧ ཅན་བློ་ཚེ་ལགས་ཀྱིས་བརྒྱད་ཅུའི་འཁྲུངས་སྐར་བསུ་ཞེས་བོད་ནང་གི་ས་ཁུལ་འདྲ་མིན་ནས་མཉམ་ཞུགས་གནང་མཁན་མི་གྲངས་ ༡༠༠ ལྷག་ཡོད་པའི་སྐད་འཕྲིན་ཚོགས་པ་བཙུགས་པར་ས་གནས་ཉེན་རྟོག་པས་ཁྲིམས་འགལ་གྱི་ལས་དོན་བྱས་ཡོད་སྐོར་ཟེར་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་སེར་ཤུལ་རྫོང་ཐོག་ཏུ་ཁྲིད་དེ་ད་ལྟའི་ཆར་ཁོང་གི་གནས་སྟངས་སྐོར་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་སྐབས་ས་གནས་ཡུལ་མི་མང་པོར་འདྲི་རྩད་དང་འཇིགས་སྐུལ་བྱས་ཡོད་པ་རེད་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཟེར་བར་ཁ་གཡར་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་དྲ་རྒྱ་དང་སྐད་འཕྲིན་བཅས་ལ་སྔར་ལྷག་དམ་བསྒྲགས་ཆེས་ཆེར་བྱས་པ་མ་ཟད། བོད་མི་མང་པོས་སྐད་འཕྲིན་ཚོགས་པར་བཀའ་མོལ་གནང་བར་ཁྲིམས་འགལ་དང་ནག་ཉེས་ལ་བརྩིས་ནས་ས་གནས་བོད་མི་མང་དག་ཅིག་འཛིན་བཟུང་བྱེད་བཞིན་ཡོད་པའི་གནས་ཚུལ་སྔ་རྗེས་སུ་ཐོན་ཡོད་པ་རེད། ནོར་འཛིན་པར་དབང་བོད་ཀྱི་དུས་བབ། བློ་ཚེ་པར་དབང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་རིགས་མཁས་དབང་ཁག་ཅིག་གིས་ཨ་རིའི་ཁྲིམས་འཆར་དེས་བོད་དོན་ཐོག་ཤུགས་རྐྱེན་ཆེན་པོ་འཐེབ་རྒྱུ་ཡིན་པ་གསུངས་འདུག

ཨ་རིར་གནས་བཞུགས་རྒྱ་རིགས་མཁས་དབང་བཞི་ནས་ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་ཞིག་བཏོན་པ་དེས་མ་འོངས་པར་བོད་དོན་ཐོག་ཤུགས་རྐྱེན་ཆེན་པོ་ཞིག་འཐེབ་རྒྱུར་ངོས་འཛིན་དང་སྦྲགས། ཁྲིམས་འཆར་དེའི་བརྒྱུད་ཨ་རིས་གཙོས་པའི་མང་གཙོ་རྒྱལ་ཁབ་རྣམས་ནས་བོད་རྒྱའི་དཀའ་རྙོག་གི་ཐད་ལ་བཞེངས་ཕྱོགས་མངོན་གསལ་གནང་ཡོད་པ་ཞིག་ཀྱང་མཚོན་གྱི་ཡོད་སྐོར་གསུངས་འདུགདེ་ཡང་ཨ་རིའི་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་ཁྲིམས་འཆར་དེ་དང་འབྲེལ་ཕྱི་སྡོད་རྒྱ་རིགས་མཁས་དབང་བཞི་དང་ལྷན་འབྲེལ་བ་ཞུ་པར་ Colorado གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ཏིང་ཡི་ཧྥུ་ Ding Yifu ལགས་ཀྱིས་ཁྲིམས་འཆར་དེའི་བརྒྱུད་བོད་རྒྱ་འབྲེལ་མོལ་ཡོང་ཐབས་དང་། འབྲེལ་མོལ་དེའི་བརྒྱུད་ནས་ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་བསམ་ཤེས་དང་ཡིད་ཆེས་ཙམ་མ་ཟད། འདས་པའི་ལོ་རྒྱུས་ནང་བོད་རྒྱ་གཉིས་ཞི་བདེ་ལྷིང་འཇགས་ངང་མཉམ་གནས་བྱས་མྱོང་ཡོད་པའི་དེ་སྔའི་གནས་བབ་དེའང་སྐྱར་གསོ་ཐུབ་སྲིད་པ་ཞིག་འགྲེལ་བརྗོད་གནང་འདུགཁོང་གིས་ད་དུང་བོད་རྒྱ་གཉིས་ནི་ངོ་བོ་དང་། མི་རིགས་སོགས་ཐ་དད་ཡིན་པ་ལོ་རྒྱུས་དང་དངོས་བོའི་གནས་ཚུལ་གྱི་ཐོག་ནས་ར་སྤྲོད་ཐུབ་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་འདི་བཞིན་རྒྱ་ནག་གི་རིག་གཞུང་དང་ལོགས་སུ་ཡོད་པར་བརྟེན། བོད་མི་རིགས་རྒྱ་འགྱུར་དང་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་འགྱུར་རྒྱུ་སོགས་ནི་ཡོང་མི་སྲིད་པ་ཞིག་ཡིན་པར་སྐྱོན་བརྗོད་དང་། སྔ་ཕྱི་མ་གཏོགས་རིམ་པས་རྒྱ་དམར་གཞུང་ནས་བོད་ཐོག་བཞེངས་ཕྱོགས་འགྱུར་བ་བྱུང་ངེས་པ་ཞིག་དང་། རིམ་པས་མཁྲེགས་འཛིན་གྱི་སྲིད་བྱུས་དེ་དག་སྤངས་ཏེ། བོད་མིའི་མངོན་འདོད་དང་ཐོབ་ཐང་ལ་གུས་བཀུར་ཞུས་ངེས་པ་ཡིན་པ་སྐོར་དང་། དེ་ལྟར་ཡོང་ཐབས་སུ་ངེས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་འབྲེལ་མོལ་གནང་དགོས་པ་སོགས་གསུངས་འདུགདེ་བཞིན་རྒྱ་རིགས་རྩོམ་པ་པོ་དང་པེ་ཅིང་དཔྱིད་ཀའི་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ཝུ་ཕིངས་ Hu Ping ལགས་ཀྱིས་དེང་སང་རྒྱ་རིགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཉིད་ཤེས་པའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཐེངས་འདིའི་ཁྲིམས་འཆར་བརྒྱུད་བོད་མིའི་རང་དབང་གོང་སྤེལ་གཅིག་པུ་མིན་པར་འཛམ་གླིང་སྤྱིའི་ཞི་བདེ་དང་དྲང་བདེན། དེ་བཞིན་རྒྱ་རིགས་ཀྱི་རྩ་དོན་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་དང་བོད་མི་རིགས་ཀྱི་ངོ་བོ་དང་རྒྱལ་ཞེན་རྩ་གཏོར་གཏོང་བཞིན་པའི་དུས་སྐབས་འདིར་ཁྲིམས་འཆར་འདི་བཞིན་དུས་ཐོག་ཏུ་བཏོན་ཐུབ་པ་བྱུང་ཡོད་སྐོར་གསུངས་འདུགདེ་དང་ཕྱོགས་མཚུངས་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་ City གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་པོ་སྐུ་ཞབས་ཤཱ་མིང་ Xia Ming ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་བོད་མི་གྲངས་ ༡༦༠ ཙམ་གྱིས་རང་ལུས་མེར་བསྲེགས་བརྒྱུད་བོད་མིའི་དཀའ་སྡུག་རྣམས་མངོན་གསལ་བྱས་པའི་ཁྲོད་འདིར། བོད་དོན་ཁྲིམས་འཆར་འདི་ལྟ་བུ་ནི་ཕུགས་ཀྱི་དམིགས་ཡུལ་བཟང་པོ་ཞིག་ལ་བཅངས་བའི་རྒྱལ་སྤྱིའི་གནོན་ཤུགས་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད་སྐོར་གསུང་འདུག རྒྱ་ནག་གཞུང་གིས་མི་ལོ་༧༠ ལྷག་ཙམ་གྱི་རིང་ནས་བོད་ཆོལ་གསུམ་ཡོངས་ལ་བཙན་ཤེད་དབང་སྒྱུར་བྱེད་ཕྱོགས་དེས་ཡུལ་དེའི་ངོས་ནས་བོད་ཐོག་བདག་དབང་རྩོད་བཞིན་པ་དེ་ནམ་ཡང་ཁྲིམས་མཐུན་བཟོ་ཐུབ་ཐབས་མེད་པ་ཞིག་མ་ཟད། དེང་གི་དུས་སུ་འགན་འཁྲི་མེད་པའི་མི་གཅིག་དབང་འཛིན་གྱི་ལམ་ལུགས་དེ་གསོན་གནས་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་སྡུག་རྩུབ་ཅན་གྱི་སྲིད་གཞུང་ལ་ཁྲིམས་མཐུན་གྱི་གནས་བབ་དེ་བས་ཡོང་རྒྱུ་མེད་པའི་ནན་བརྗོད་དང་སྦྲགས། སྐྱོན་བརྗོད་ཤུགས་ཆེར་བྱས་འདུགཡང་ Hunter མཐོ་སློབ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མཁས་པ་སྐུ་ཞབས་ཐེང་པཱོ་ Teng Biao ལགས་ཀྱིས་ ཐེངས་འདིའི་ཨ་རིའི་ཁྲིམས་འཆར་ལ་དགའ་བསུ་ཞུས་པ་དང་སྦྲགས། ཁྲིམས་འཆར་འདི་བཞིན་བོད་རྒྱའི་འབྲེལ་ལམ་ཐད་ཤུགས་རྐྱེན་ཆེན་པོ་ཞིག་འཐེབ་ངེས་ཡིན་སྐོར་གསུང་འདུག  ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས། དེ་བཞིན་མི་རིགས་རང་སྐྱོང་སོགས་ཀྱི་ཁྲིམས་རྣམས་རྡོག་རོལ་དང་། བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་སྡུག་རྩུབ་དང་དྲག་སྤྱོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་རིགས་དང་རིགས་གཞུང་། དེ་བཞིན་ཆོས་ལུགས་སོགས་ལ་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་བརྒྱུད་མི་རིགས་ཀྱི་ངོ་བོ་རྩ་མེད་དང་བོད་མི་རྣམས་ཀྱི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་དང་སྦྲགས། དེ་ལྟ་བུའི་གནས་སྟངས་ཁྲོད་ཨ་རིས་གཙོས་པའི་མང་གཙོ་རྒྱལ་ཁབ་ཁག་ནས་བོད་རྒྱའི་གནད་དོན་ཐད་བཞེངས་ཕྱོགས་གསལ་པོ་ཞིག་འཛིན་རྒྱུ་དེ་བོད་མིའི་མ་འོངས་གནས་བབ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཧ་ཅང་གནད་ཆེན་ཞིག་ཏུ་གྱུར་ཡོད་པ་གསུངས་འདུགགཞི་རྩའི་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་པ་དེའི་ནང་རྒྱལ་སྤྱིའི་ཁྲིམས་འོག་ནས་བོད་ཀྱི་གནད་དོན་དེ་དུས་ད་ལྟའང་ཐག་གཅོད་མ་ཟིན་པར་ལུས་ཡོད་པ་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་སོགས་འཁོད་ཡོད། དེ་བཞིན་ཁྲིམས་འཆར་དེས་ཨ་རི་སྲིད་གཞུང་གི་བཞེངས་ཕྱོགས་མངོན་གསལ་གནང་བའི་ཐོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་རྒྱ་ནག་གིས་བོད་དང་བོད་དོན། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ལ་འཁྱོག་བཤད་སྤེལ་བཞིན་པར་གདོང་ལེན་གྱི་ནུས་པ་ཤུགས་ཆེར་གཏང་རྒྱུ་ཡིན་པ་དང་། བོད་ཅེས་པ་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ན་མིན་པར། ཀན་སུའུ་དང་ཟི་ཁྲོན། མཚོ་སྔོན་དང་ཡུན་ནན་ཞིང་ཆེན་ཁག་གི་ནང་འཆར་འགོད་བྱས་པའི་བོད་ཀྱི་ས་ཁུལ་ཁག་ཀྱང་དེ་མཚུངས་ཡིན་པ་མངོན་གསལ་གནང་རྒྱུ་ཡིན་པ་འཁོད་ཡོད། པར་དབང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

Latest news