Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་མི་ཞིག་༸གོང་ས་མཆོག་གི་༸སྐུ་པར་ཉར་རྐྱེན་འཛིན་བཟུང་བྱས་འདུག

བོད་ནག་ཆུ་རྫོང་གསེར་སྙེད་ཡུལ་ཚོ་ནས་ཡིན་པའི་བོད་མི་གཞོན་སྐྱེས་ཀརྨ་བསམ་གྲུབ་ལགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་རྐྱེན་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག བོད་ཀྱི་བང་ཆེན་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ས་གནས་གང་སར་དམ་དྲག་དང་སྔོག་བཤེར་བྱེད་བཞིན་པའི་གནས་སྟངས་འོག་ཟླ་ ༨ ཚེས་ ༡༢ ཉིན་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཀརྨ་བསམ་གྲུབ་ལགས་ཀྱི་སྐེ་ལ་བཏགས་པའི་༸གོང་ས་མཆོག་གི་༸སྐུ་པར་དང་རླངས་འཁོར་ནང་བཀལ་བའི་༸གོང་ས་མཆོག་གི་༸སྐུ་པར་ཡོད་པ་རྣམས་བཙན་འཕྲོག་གིས་ ༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་དང་ཁ་བྲལ་རིང་ལུགས་པར་ངན་འབྲེལ་ཡོད་པར་བསྙད་དེ་འཛིན་བཟུང་བྱས་ཡོད་སྐོར་འཁོད་འདུག གཞི་རྩའི་ཀརྨ་བསམ་གྲུབ་ལགས་ཀྱིས་དུས་རྒྱུན་ནས་༸གོང་ས་མཆོག་གི་༸སྐུ་པར་སྐེར་འདོགས་པ་དང་རླངས་འཁོར་ནང་བཞག་གི་ཡོད་པ་དང།   ཉེ་ཆར་ཁོང་འཛིན་བཟུང་བྱས་རྗེས་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་དང་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ཡོད་མེད་ཤེས་རྟོགས་མེད་པར་གྱུར་བ་འཁོད་འདུག་པ་མ་ཟད། ཁོང་གི་ནང་དུ་ཨ་མ་དང་སྲིང་མོ་གཅིག་ལས་ནང་མི་གཞན་མེད་པ་རེད་འདུག རྩ་བའི་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་དང་འབྲེལ།  ཁམས་དང་ཨ་མདོའི་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དམ་བསྒྲགས་ཀྱི་ལས་འགུལ་ཧ་ཅང་སྤེལ་བཞིན་ཡོད་པའི་ཁྲོད་སྔ་ལོ་ ༢༠༢༡ ལོའི་ནང་ཁམས་ཕྱོགས་ཀྱི་ས་ཁུལ་རྫ་དབོན་པོ་ནང་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་བའི་གནད་དོན་དང་འབྲེལ་ནས་བོད་མིའི་གྲངས་ ༡༢༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་སྔ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

སྲིད་སྐྱོང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་ཕྱི་ཚེས་ ༢༥ ཉིན་ CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་གིས་ཆེད་འཛུགས་གནང་བའི་ FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཐོག་ལྷན་ཞུགས་དང་འབྲེལ་ཏེ་གསུང་བཤད་དང་གནད་ཡོད་མི་སྣར་མཇལ་འཕྲད་གནང་སླད་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད།རྩ་བའི་གླེང་སྟེགས་འདིའི་ཐོག་ལོ་ལྟར་འཛམ་གླིང་ཁྱོན་ཡོངས་ནས་ཆབ་སྲིད་དང་ཤེས་ཡོན། ཚོང་ལས་བཅས་ཀྱི་ལས་རིགས་འདྲ་མིན་གི་དབུ་ཁྲིད་གྲགས་ཅན་འདུ་འཛོམས་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་དོན་མང་གཙོ་གོང་འཕེལ་ཆེད་ཤེས་ཡོན་གྱི་གལ་གནད་བཅས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་གི་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དེ་སྔོན་གླེང་སྟེགས་དེའི་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་མྱོང་ཡོད་པ་རེད། དེ་བཞིན་སྔ་ལོར་ཉིས་སྟོང་ཐམ་པའི་གླེང་སྟེགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་ཀྱང་ལྷན་ཞུགས་གནང་ཡོད།གཞི་རྩའི་ཐེངས་འདིའི་ The 26th Forum 2000 Conference ཞེས་འདི་ལོའི་ཉིས་སྟོང་ཐམ་པའི་གླེང་སྟེགས་ཀྱི་བརྗོད་གཞི་ Democracy’s Clear and Present Danger: How Do We Respond? ཞེས་མང་གཙོའི་གསལ་ཁ་དང་ད་ལྟའི་ཉེན་ཚབས། ང་ཚོས་གདོང་ལེན་ཇི་ལྟར་གནང་དགོས་སམ་ཞེས་པ་དེ་ཡིན་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༣༡ ནས་ཟླ་ ༩ ཚེས་ ༢ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཚོགས་ཀྱི་ཡོད་པ་དང་། གླེང་སྟེགས་ཐོག་གཏམ་བཤད། བགྲོ་གླེང་ལ་སོགས་པའི་གནང་སྒོ་ཁག་གཅིག་གོ་སྒྲིག་གནང་འདུགགཞན་ཡང་ཁ་སང་ཚེས་ ༢༤ ཉིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨ་རི་གཞུང་གི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ལྕམ་སྐུ་ Michele Taylor ལགས་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་སྐོར་གླེང་མོལ་གནང་འདུག་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་ལ་འགྲོ་བ་མིའི་གཞི་རྩའི་རང་དབང་རྩིས་མེད་རྡོག་རོལ་བཏང་བའི་གནས་སྟངས་སྙན་སེང་ཞུས་པ་དང་འབྲེལ་ནས་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ Tomoya Obokata ལགས་ཀྱིས་ཡུ་གུར་ནང་ལག་བསྟར་བྱེད་བཞིན་པ་ལྟར་བོད་ནང་དུའང་བོད་མི་རྣམས་ལ་བཙན་དབང་གིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་བའི་སྐོར་ཞུས་འདུགདེ་བཞིན་ཁོང་གིས་རྒྱ་གཞུང་གིས་བཙན་དབང་འོག་བོད་ནང་ལ་ཆོས་དད་རང་དབང་མེད་པའི་ཁར་དགོན་པར་བཀག་སྡོམ། དེ་བཞིན་མཆོད་གནས་དང་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་ཡོད་པ་སོགས་བོད་ནང་གི་ཆེས་ཛ་དྲག་པོའི་གནས་སྟངས་རྣམས་ཞུས་ཡོད་པ་རེད།ཨ་རི་གཞུང་གི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ལྕམ་སྐུ་ Michele Taylor ལགས་ཀྱིས་ཀྱང་བོད་ནང་གི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་གནས་སྟངས་ཇི་ཆགས་དངོས་སུ་ཚོར་བའི་ཐོག་ནས་སླད་མར་ཨ་རི་གཞུང་གིས་བོད་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་ངེས་ཡིན་པའི་ཞལ་བཞེས་གནང་འདུག

༸གོང་ས་མཆོག་ལ་འདི་ལོའི་ Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་གཏན་ཁེལ་འདུག

ཕྱི་ལོ་ ༢༠༠༥ ནས་བཟུང་ཨ་རིའི་གྲོང་ཁྱེར་ Merced ནང་རྟེན་གཞི་བྱས་པའི་ Merced California གཙུག་ལག་སློབ་གཉེར་ཁང་གིས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། སྤྱི་ཚོགས་བདེ་དོན། མཐུན་སྒྲིལ་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཚོར་ Alice and Clifford Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར་འདི་ལོའི་ཆེས་མཐོའི་གཟེངས་རྟགས་འདི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་གཏན་ཁེལ་འདུགཁ་སང་ Merced གྲོང་ཁྱེར་གྱི་ཉིན་རེའི་དུས་བབ་གསར་ཁང་གི་དྲ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་ Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཀྱི་སྦྱིན་བདག་ཤེས་ཡོན་སློབ་གསོ་བ་དང་ལྟ་གྲུབ་རིག་པའི་མཁས་པ་ལྕམ་ Sherrie Spendlove ལགས་ཀྱིས་འདི་ལོའི་ཆེས་མཐོའི་གཟེངས་རྟགས་འདི་འཛམ་གླིང་ཐོག་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་གྲགས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་གཏན་ཁེལ་ཡོད་པ་དང་། རིང་མིན་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་དྲ་ཐོག་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་ཐོག་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་རིམ་ཞིག་གནང་འཆར་ཡོད་པར་གསུངས་འདུག ཁོང་གིས་ད་དུང་༸གོང་ས་མཆོག་༸སྐུ་ན་ཕྲ་མོ་སྐབས་ནས་རྒྱ་ནག་གིས་དྲག་པོའི་བཙན་འཛུལ་འོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་སོགས་༸སྐུ་ཚེའི་མཛད་རྣམ་ཁག་གཅིག་དྲན་གསོ་དང་སྦྲགས། ༸གོང་སམཆོག་གིས་འདས་པའི་ལོ་དུས་དེ་དག་ཁྲོད་དུ་འཛམ་གླིང་གི་ས་གནས་གང་སར་བྱམས་པ་དང་སྙིང་རྗེ། ཞི་བདེ། བཟོད་སེམས། མཐུན་སྒྲིལ། འཚེ་བ་མེད་པའི་ལྟ་གྲུབ་སོགས་ཀྱི་ཐོག་བླང་དོར་བཀའ་སློབ་ཇི་སྙེད་ཅིག་སྩལ་གནང་མཛད་པ་དེ་དག་རྒྱལ་སྤྱིའི་མང་ཚོགས་དུ་མར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་ནི་ད་ཆ་ཆབ་སྲིད་ཀྱི་ལྟ་བའི་ཐོག་ནས་སྤྱི་ཚོགས་ཁྲོད་དུ་དབྱེ་མཚམས་དང་བར་ཁྱད་ཀྱི་རྣམ་པ་ཆེ་ཆེར་མངོན་པའི་དུས་སྐབས་འདིར་ཉེ་བར་མཁོ་བ་ཞིག་ཆགས་ཡོད་ཅེས་གསུངས་ཡོད། གཞི་རྩའི་ Merced California གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་གནང་སྲོལ་ཡོད་པའི་ Spendlove ཞེས་པའི་ཆེས་མཐོའི་གཟེངས་རྟགས་ནི་ཕྱི་ལོ་ ༢༠༠༥ ལོར་གཙུག་ལག་སློབ་གཉེར་ཁང་དེ་གསར་འཛུགས་གནང་སྐབས་ས་གནས་ཀྱི་ཡུལ་མི་ཤེས་ཡོན་སློབ་གསོ་བ་དང་ལྟ་གྲུབ་རིག་པའི་མཁས་པ་ལྕམ་ Sherrie Spendlove ལགས་ཀྱིས་ཁོང་གི་ཡབ་ཡུམ་རྣམ་གཉིས་ཀྱི་དྲན་རྟེན་དུ་ཕུལ་བའི་མ་དངུལ་བརྒྱུད་གསར་གཏོད་གནང་བ་ཞིག་ཡིན་པ་དང་། དེ་སྔ་གཟེངས་རྟགས་དེ་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ Nadia Murad ལགས་དང་ Rigoberta Menchu ལགས། དེ་བཞིན་སྤྱི་དམངས་ཐོབ་ཐང་ལས་འགུལ་བ་ Viola Gregg Liuzzo ལགས། ཨ་རིའི་སྲིད་འཛིན་ཟུར་པ་ Jimmy Carter ལགས་སོགས་ཆབ་སྲིད་དང་ཤེས་ཡོན། སྤྱི་ཚོགས་བདེ་དོན་སོགས་སྡེ་ཚན་སྣ་ཚོགས་ནང་ཕྱག་ལས་གནང་མྱོང་མཁན་གྱི་མི་སྣ་བཅུ་བཞིར་ཕུལ་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིང་ཅང་གི་སྙན་ཐོ་འདོན་སྤེལ་ཐོག་གནོན་ཤུགས།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ནས་ཤིན་ཅང་ནང་གི་སྙན་ཐོ་འདོན་སྤེལ་ཐད་ཕྱོགས་གང་ས་ནས་ཧ་ཅང་གནོན་ཤུགས་ཆེན་པོ་འདུག་ཅེས་གསུངས་འདུགདེ་ཡང་འཁྱུར་ལ་ཉེ་བའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་ནས་དེ་སྔ་རང་ཉིད་ཀྱི་ལས་ཡུན་མ་རྫོགས་པའི་སྔ་རོལ་དུ་ཤིན་ཅང་གི་སྙན་ཐོ་དེ་ཉིད་འདོན་སྤེལ་གནང་རྒྱུའི་ཁས་ལེན་བྱེད་ཡོད་ཀྱང་ཁ་སང་ཕྱི་ཚེས་ ༢༥ ཉིན་ Geneva ནང་དུ་ཁོང་ནས་ཆེས་མཐའ་མའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་ཁོང་གིས་སྙན་ཐོ་དེའི་ཐད་རང་ཉིད་ནས་དེ་སྔ་ཇི་ལྟར་དམ་བཅས་བཞིན་དེ་ལྟར་འབད་བརྩོན་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་དང་འབྲེལ། རྒྱ་ནག་གཙོས་པའི་རྒྱལ་ཁབ་ ༤༠ ལྷག་གིས་ཁོང་ལ་ཕྱག་བྲིས་བརྒྱུད་ཤིན་ཅང་གི་སྙན་ཐོ་དེ་འདོན་སྤེལ་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་གསུངས་འདུགམ་ཟད་ཁོང་གིས་རྒྱ་ནག་གཞུང་ནས་སྙན་ཐོ་དེ་དང་འབྲེལ་བའི་གནས་ཚུལ་འགའ་ཞིག་གསར་དུ་འབྱོར་བྱུང་བས་རྒྱལ་ཁབ་གང་འདྲ་ཞིག་གི་སྙན་ཐོ་ཡིན་ཡང་ང་ཚོས་རྟག་ཏུ་དེ་དག་ལ་ཞིབ་འཇུག་ནན་པོ་བྱས་ཀྱི་ཡོད་པ་བཞིན་ཐེངས་འདིར་ཡང་དེ་ལྟར་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ་ནས་དེ་ལྟ་བུའི་གནོད་ཤུགས་འོག་སྙན་ཐོ་འདི་ཉིད་འདོན་སྤེལ་གནང་མ་གནང་སོགས་ཀྱི་ཐག་གཅོད་བྱ་རྒྱུ་མིན་པ་མ་ཟད། རང་ཉིད་ཀྱི་ལས་ཡུན་མ་རྫོགས་པའི་སྔ་རོལ་ན་སྙན་ཐོ་འདོན་སྤེལ་གནང་རྒྱུའི་ཐབས་ཤེས་ཞུ་རྒྱུ་ཡིན་ཞེས་གསུངས་འདུགརྩ་བའི་དེ་སྔ་གཙོ་འཛིན་མཆོག་ནས་ཤིན་ཅང་གི་སྙན་ཐོ་འདི་ཉིད་འདོན་སྤེལ་གནང་རྒྱུའི་ཁས་ལེན་བྱས་ཀྱང་། ཐེངས་འདིེར་ཁོང་གི་སྙན་ཐོ་འདི་ཉིད་དུས་ཐོག་འདོན་སྤེལ་ཆེད་འབད་བརྩོན་བྱ་རྒྱུ་ལས་ཁས་ལེན་གསལ་པོ་གནང་མེད་པར་བརྟེན། ཨ་རིའི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་དེ་འབྲེལ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱ་ནག་གིས་དེ་འབྲེལ་ཞིབ་འཇུག་འཐུས་ཚང་ཞིག་ཡོང་རྒྱུར་རོགས་སྐྱོར་བྱེད་པའི་ཡིད་ཆེས་མེད་ཅེས་གསུངས་འདུག་པ་དང་། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་དེ་དང་འབྲེལ་ནས་གཙོ་འཛིན་མཆོག་གིས་ལན་འདེབས་ཆ་ལག་ཚང་བ་ཞིག་གནང་གི་མེད་པར་སྐྱོིན་བརྗོད་བྱས་པ་དང་འབྲེལ། རང་ཉིད་ཀྱི་ Twitter དྲྭ་ལམ་ཐོག འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ནས་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་མ་གནང་བ་དེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་ལ་གུ་ཡངས་བཞག་ཀྱི་ཡོད་སྐོར་བཀོད་འདུགཕྱོགས་མཚུངས་རྒྱལ་ཚོགས་ནང་གི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྐུ་ཚབ་ Michele Taylor མཆོག་གིས་རྒྱལ་ཚོགས་ཀྱི་དེ་འབྲེལ་གཙོ་འཛིན་མཆོག་ནས་དེ་སྔ་དམ་བཅའ་བྱས་པ་བཞིན་སྙན་ཐོ་འདི་ཉིད་ལས་ཡུན་མ་རྫོགས་གོང་དུ་འདོན་སྤེལ་གནང་དགོས་སྐོར་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རང་དབང་དང་དྲང་བདེན་སྒོ་ནས་གསལ་བཤད་དགོས་པ་བཀོད་འདུགགཞི་རྩའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ཐེངས་བརྒྱད་པ་ལྕམ་སྐུ་ Michelle Bachelet མཆོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ཉིན་གྲངས་དྲུག་རིང་ཤིན་ཅང་གཙོས་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་དེ་ཉིད་རྒྱ་ནག་ལ་འཇམ་དྲག་པ་མ་ཟད། རྒྱ་ནག་གི་བཀོད་སྒྲིག་ལྟར་ཕྱིན་པ་དེར་རྒྱལ་ཁབ་ ༤༦ ལྷག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོས་སྐྱོན་བརྗོད་བྱས་ཡོད་པ་དེ་ལྟར་ཡང་། གཙོ་འཛིན་མཆོག་གིས་འཚམས་གཟིགས་གྲུབ་པའི་རྗེས་རིང་མིན་རང་ཉིད་ཀྱི་ལས་ཡུན་མ་རྫོགས་པའི་སྔ་རོལ་ན་ཤིང་ཅང་གི་སྙན་ཐོ་འདོན་སྤེལ་གནང་རྒྱུ་ཡིན་པ་དང་ཆབས་ཅིག སྐྱོན་བརྗོད་དེ་དག་དང་འབྲེལ་ནས་རང་ཉིད་ཀྱི་ལས་ཡུན་ཐེངས་གཉིས་པར་བཞུགས་རྒྱུ་མིན་པ་སོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།  གཞན་ཡང་བརྒྱུད་ལམ་ཁག་གི་ནང་། ལྕམ་སྐུ་མཆོག་གི་ལས་གནས་ཐོག་འཛུལ་ཞུགས་གནང་མཁན་མང་པོ་ཞིག་གི་འཚང་སྙན་འབུལ་ཡོད་ཀྱང་། ད་ལྟའི་འཆར་དེ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་གིས་མིང་འབོད་གནང་མེད་པ་རེད་འདུག

ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུའི་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ། 

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྕོག་ལམ་སར་རྟེན་གཞི་བྱས་པའི་ལ་དྭགས་དགོན་ཚོགས་ཀྱི་དགོན་པ་གསར་པར་ཆིབས་སྒྱུར་བཀྲིན་བསྐྱངས་པ་དང་། ཉིན་གུང་དཔེ་ཐུབ་སྤང་ལྗོངས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཕྱིར་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ་ཞུས་འདུག དེ་རིང་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྕོག་ལམ་སར་རྟེན་གཞི་བྱས་པའི་ Dharma Centre ལ་ཆིབས་སྒྱུར་བཀྲིན་བསྐྱངས་ནས་དགེ་འདུན་པ་ཚོས་༸དཔལ་ནཱ་ལེནྡཱ་ནས་མཆེད་པའི་བོད་ཀྱི་རིས་མེད་ཆོས་བརྒྱུད་རྣམས་ལ་རིགས་པས་དཔྱད་དེ་སློབ་གཉེར་གནང་གལ་ཡིན་པ་དང་། དེ་བཞིན་མང་ཚོགས་རྣམས་ལ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་ཀྱི་རྩ་བ་དེ་བྱང་ཆུབ་ཀྱི་སེམས་ཆགས་ཡོད་སྟབས་དུས་དང་རྣམ་པ་ཀུན་ཏུ་སེམས་པ་བཟང་པོ་གྱིས་ཤིག་ཞེས་བཀའ་སློབ་བཀྲིན་སྩལ་ཡོད་སྐོར་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་ཨཱཙཱརྱ་བསྟན་འཛིན་དབང་གྲགས་ལགས་ཀྱིས་ངོ་སྤྲོད་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་དྲོའི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཁུལ་དུ་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་དཔེ་ཐུབ་ཀྱི་སྤང་ལྗོངས་ཆེན་མོ་ཞིག་ཏུ་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཕྱིར་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ་གྱི་མཛད་ཚོགས་ཡོད།སྐབས་དེར་ལ་དྭགས་ཁུལ་དུ་གནས་སྡོད་ལོ་ན་བརྒྱད་ཅུ་ཡན་གྱི་བགྲེས་སོང་ ༡༥༠༠ ལྷག་ལ་མགྲོན་བརྡ་ཕུལ་འབྱོར་བཞིན་ཆེད་བཅར་ཞུ་པ་ཡོངས་ལ་མགོན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་བཀྲིན་སྩལ་བ་མ་ཟད། ལ་དྭགས་ཡུལ་མི་དང་ལ་དྭགས་གླེ་དང་བྱང་ཐང་ཁུལ་དུ་གནས་སྡོད་བསོད་ནམས་གླིང་བོད་མི་བཅུ་ཕྲག་ལྷག་གིས་སྲོལ་རྒྱུན་གྱི་རྐང་བྲོ་གླུ་གཞས་ཁག་གཟིགས་འབུལ་ཞུས་འདུགམཛད་སྒོ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་འདི་ཉིད་ལ་དྭགས་ཁུལ་དུ་ཧ་ཅང་བདག་གཉེར་ལེགས་པོ་གནང་བཞིན་པར་ཡི་རང་བསྔགས་བརྗོད་མཛད་པ་དང་སྦྲགས། ནང་པའི་གཞུང་ལུགས་ཁག་ལ་རིགས་པས་དཔྱད་དེ་སློབ་གཉེར་གནང་དགོས་པར་བཀའ་སྩལ་ཡོད།གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་གླེ་ཁུལ་དུ་རྟེན་གཞི་བྱས་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པར་རབ་གནས་དབུ་འབྱེད་མཛད་ཟིན་རྗེས་ལྕོག་ལམ་སར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Sindhu Ghat ལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ཉིན་གུང་ལྗགས་སྨིན་རྒྱས་པ་ཞིག་འདེགས་འབུལ་ཞུས་ཡོད་པ་དང་༸གོང་ས་མཆོག་གིས་སྐབས་དེར་འཛམ་གླིང་གི་མི་ཐེར་འབུམ་བདུན་ཡོད་པའི་ཁྲོད་དུ་སྙིང་རྗེ་དང་ཆོལ་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་བའི་སྒོ་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་བསྐྲུན་དགོས་པ་མ་ཟད། ཤེས་ཡོན་སློབ་གསོའི་ཁྲོད་དུའང་བྱམས་པ་དང་སྙིང་རྗེ། བདེ་སྐྱིད་སོགས་སློབ་ཁྲིད་གནང་དགོས་པར་ལམ་སྟོན་བཀྲིན་སྩལ་འདུགཤེས་རྟོགས་བྱུང་བར་གཞིགས་ན། སང་ཕྱི་ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱལ་ས་གླེ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་མཛད་ཀྱི་ཡོད་པ་རེད། ༸སྐུ་པར་ཁག་གི་བདག་དབང་༸སྐུ་སྒེར་ཡིག་ལ་ཡོད།

ཨ་རི་གཞུང་གིས་རྒྱ་ནག་གིས་ཤིན་ཅང་གི་གནས་སྟངས་ལ་འགྲེལ་ལོག་རྒྱག་བཞིན་པ་ཐེར་འདོན།

ཨ་རི་གཞུང་གིས་རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲོད་དངོས་ཤུགས་བརྒྱུད་གསུམ་གྱིས་ཐབས་ལམ་འདྲ་མིན་སྤྱོད་དེ་ཤིན་ཅང་ནང་གི་གནས་སྟངས་ཐོག་འགྲེལ་ལོག་རྒྱག་བཞིན་ཡོད་པར་ཐེར་འདོན་གནང་འདུགཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་འདོན་སྤེལ་གནང་བའི་སྙན་ཐོ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཐབས་བྱུས་འདྲ་མིན་སྤྱོད་པའི་ཐོག་ནས་ཤིན་ཅང་ནང་གི་ཡུ་གུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་རང་དབང་རྡོག་རོལ་གྱི་བྱ་སྤྱོད་སྤེལ་བ་ཁག་སྦད་བསྐུངས་དང་འབྲེལ། ཕྱིའི་རྒྱལ་ཁབ་ཁག་གཅིག་གི་ཕྱི་འབྲེལ་མི་སྣ་དང་། སྒེར་གཉེར་གསར་ཁང་རེ་ཟུང་། དེ་བཞིན་འཕྲུལ་སྒྲ་དང་ཡུ་ཊུབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་མི་སྣ་ཁག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ལྐོག་རྔན་སྤྲད་དེ་རྒྱལ་སྤྱིའི་ཁྲོད་དུ་ཤིན་ཅང་གི་གནད་དོན་ལ་འགྲེལ་ལོག་རྒྱག་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག སྙན་ཐོའི་ནང་རྒྱ་ནག་གཞུང་གི་ངོས་ནས་ཤིན་ཅང་གི་གནད་དོན་ཐད་རྒྱ་ནག་ལ་ལྟ་སྟངས་ངན་པ་ཡོད་པ་དེ་མེད་པ་བཟོ་ཐབས་དང་ཤིན་ཅང་ལ་ཡག་པའི་ཡག་རབས་ཡོད་ཚུལ་བསྒྲུབ་ཕྱིར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་མི་སྣ་བེད་སྤྱོད་བརྒྱུད་གཞོན་སྐྱེས་གཙོ་བོར་གྱུར་པའི་གང་ཟག་སྤྱི་སྙོམ་རྗེས་འབྲང་པ་སུམ་འབུམ་དགུ་སྟོང་ལྷག་ཙམ་ལ་རྒྱལ་སྤྱིའི་སྐད་ཡིག་མི་འདྲ་བ་ ༣༨  ལྷག་གི་ནང་ཤིན་ཅང་གི་གནས་སྟངས་ཐད་འགྲེལ་ལོག་བྱས་པ་དང་། ལྷག་པར་དུ་ཕྱི་རྒྱལ་གྱི་གསར་ཁང་དང་དྲིལ་བསྒྲགས་དང་འབྲེལ་ཚོང་ལས་ཁང་ལ་དངུལ་སྤྲད་དེ་བརྙན་པར་ཆེད་བཟོས་བརྒྱུད་ཡུ་གུར་བའི་ཁ་ཆེའི་མི་རིགས་རྣམས་ནས་རྒྱ་ནག་ལ་རྒྱབ་སྐྱོར་ཡོད་ཚུལ་སོགས་ཤིན་ཅང་དང་འབྲེལ་བའི་འཁྱོག་བཤད་དྲིལ་བསྒྲགས་རིགས་ཁྱབ་སྤེལ་བཏང་བཅུག་ཡོད་སྐོར་འཁོད་འདུག་པ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་རྒྱལ་ནང་གི་རྒྱ་རིགས་ས་ཡ་གཉིས་ལྷག་ཙམ་ཐད་ཀར་གླ་གཡར་དང་ཞོར་ལས་བ་ས་ཡ་ཉི་ཤུ་ལྷག་ཙམ་བརྒྱུད་ནས་རྒྱལ་ནང་མང་ཚོགསདང་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་སྤྱི་ཚོགས་ཁྲོད་དེ་མཚུངས་ཀྱི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བཞིན་པར་མངོན་གསལ་གནང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་དེ་གའི་དྲིལ་བསྒྲགས་ཚན་པ་དེ་དག་ཤིན་ཅང་ནང་གི་ཡུ་གུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཁོ་ན་མ་ཡིན་པར་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་ནང་གི་ངོ་རྒོལ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ ༡༩ ཆེས་ཐོག་མ་ཁྱབ་གདལ་འབྱུང་ཁུངས་དང་འབྲེལ་བའི་གནད་དོན་ཐོག་ལ་དེ་མཚུངས་བེད་སྤྱོད་བཏང་ཡོད་པ་རེད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

བོད་ནང་གཉན་རིམས་སྒྲིག་ཁྲིམས་ལས་འགལ་ཚུལ་འོག་བོད་མི་བཅུ་དགུར་ཉེས་ཆད་བཏང་བ།

དེང་སྐབས་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པ་དང་བསྟུན། རྒྱ་གཞུང་གིས་བོད་ཀྱི་ས་གནས་གང་སར་སྒོ་རྒྱ་བསྡམས་པའི་ཁྲིམས་གཞི་ལག་བསྟར་ཁྲོད་ཉེ་ལམ་གཉན་རིམས་འགོག་ཐབས་དང་འབྲེལ་བའི་སྒྲིག་ཁྲིམས་ལས་འགལ་ཡོད་ཚུལ་འོག་རྒྱ་གཞུང་ཉེན་རྟོག་པས་བོད་མི་ ༡༩ འཛིན་བཟུང་བྱས་འདུགཁ་སང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་བརྙན་པར་གསར་འགྱུར་སྤེལ་བར་ཟླ་ ༨ ཚེས་ ༡༥ ནས་ ༢༡ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མི་ ༡༩ ལ་གཉན་རིམས་འགོག་ཐབས་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་བཀོད་དོན་ལྟར། དེའི་ཁོངས་སུ་སྙེ་མོ་རྫོང་ནས་བོད་མི་ ༤ དང་ནག་ཆུ་ཁུལ་ནས་བོད་མི་ ༡ ལྷོ་ཁ་ཁུལ་ནས་བོད་མི་ ༡ ཚེས་  ༡༧ ཉིན་མངའ་རིས་སྒར་རྫོང་ནས་བོད་མི་ ༩ དང་སླར་ཚེས་ ༡༨ ཉིན་བོད་མི་ ༤ འཛིན་བཟུང་བྱས་འདུགརྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་ནང་བོད་མི་དེ་དག་གིས་སྒོ་རྒྱ་བསྡམས་པའི་སྐབས་སུའང་ཕྱིར་སོང་ནས་སྤང་ཐང་ཐོག་ཏུ་ཞལ་ལག་དང་དེ་བཞིན་མཆོད་ཆང་མཆོད་པ་སོགས་ལ་བརྟེན་ནས་འཛིན་བཟུང་བྱས་ཡོད་པར་བཀོད་འདུགགཞི་རྩའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་ཟླ་ ༨ ཚེས་ ༢༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་མི་གྲངས་ ༥༥ མང་དུ་ཕྱིན་ཡོད་པ་དང་ནད་རྟགས་མེད་པའི་ནད་པ་ ༤༩༤ མང་དུ་ཕྱིན་ཡོད་པ་དང་། དེ་བཞིན་ཚེས་ ༢༢ རང་སྐྱོང་ལྗོངས་ཡོངས་སུ་གཉན་རིམས་ཕོག་པའི་མི་གྲངས་ ༩ མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་ ༡༢༤ མང་དུ་ཕྱིན་ཡོད། དེའི་ཁྲོད་ཚེས་ ༢༡ བར་བོད་རང་སྐྱོང་ལྗོངས་ཁུལ་དུ་ཉེན་ཁ་ཆེ་བའི་ས་ཁུལ་ ༥༢༤ དང་། ཉེན་ཁ་འབྲིང་བའི་ས་ཁུལ་ ༢༨༩ ཆགས་འདུག ད་ལྟའི་ཆར་མི་གྲངས་ཁྱོན་ ༤༣༢༩༤ ཟུར་བཀག་འོག་བཞག་ཡོད་པ་རེད་འདུག རྩ་བའི་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་དྲ་ཚིགས་མང་དག་ཅིག་སྒོ་རྒྱག་བཞིན་པའི་དམ་དྲག་ཁྲོད་འདིར་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་དང་འབྲེལ་བའི་ས་གནས་དངོས་ཀྱི་གནས་སྟངས་ཇི་ཆགས་རྒྱུས་ལོན་དཀའ་བའི་གནས་སུ་གྱུར་ཡོད་པ་རེད།

ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༣ ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆགས་པའི་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་ཞུགས་མཛད་པ་དང་སྦྲགས་ཉེ་འཁོར་གྱི་ས་གནས་ཁག་ཏུ་མཛད་འཕྲིན་ཁག་གཅིག་བསྐྱངས་དང་སྐྱོང་གནང་མཛད་པ་ལྟར། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་རྒྱལ་ས་གླེ་ཁུལ་དུ་ཆགས་པའི་བདེ་སྐྱིད་ཚལ་དུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་པ་དང་ཆབས་ཅིགཆོས་ལ་སློབ་གཉེར་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་ནང་བཞུགས་ཞག་མཛད་པའི་རིང་རྒྱལ་ས་གླེ་གཙོ་གྱུར་ཟངས་དཀར་དང་ལིང་ཤེད་བཅས་སུ་བཀའ་ཆོས་ཀྱི་མཛད་འཕྲིན་བསྐྱངས་ཐུབ་ཡོད་པ་མ་ཟད། ས་གནས་ཀྱི་མང་ཚོགས་ཚོས་ཀྱང་དད་དམ་གཡོ་བ་མེད་པའི་དགའ་སྤྲོའི་རྣམ་པ་ཆེས་བསྟན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་སྦྲགས། གཙོ་བོ་ས་གནས་དད་ལྡན་མང་ཚོགས་རྣམས་ནས་རྒྱུན་དུ་ཆོས་ལ་སློབ་སྦྱོང་བྱས་ནས་གཞན་དོན་བསྒྲུབ་རྒྱུ་དང་། སེམས་པ་བཟང་པོ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག    མགོན་པོ་༸གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་འདི་ཉིད་ཐོག་མར་བོད་ནང་ཇི་ལྟར་དར་ཚུལ་དང་འབྲེལ། ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་ནང་ཆོས་རྣམས་བོད་ཡིག་ཐོག་སྒྱུར་བ་མ་ཚད་པར་སློབ་གཉེར་སྡེ་ཁག་ཆེད་འཛུགས་གནང་སྟེ་ད་ཆ་བོད་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་དུ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག བོད་ཀྱི་ཆོས་རིག་དང་འབྲེལ་བའི་གོམས་གཤིས་ཡོད་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ཀྱིས་ཀྱང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཆོས་ལ་ཉམས་ལེན་གནང་ཐུབ་ཚེ་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐུབ་པར་དགེ་མཚན་ཆེན་པོ་ལྡན་ཡོད་པར་བཀའ་སྩལ་མཛད་ཡོད།དེ་བཞིན་ས་གནས་ཀྱི་མི་མང་ཚོས་བོད་ཡིག་ལ་ཐུགས་སྣང་ཏོག་ཙམ་གནང་ཐུབ་ན་དགེ་མཚན་དམིགས་བསལ་ཡོད་སྐོར་དང་ས་གནས་ཀྱི་ཁོར་ཡུག་གནས་སྟངས་ལ་གཞིགས་ཏེ་ཤིང་སྣ་གང་མང་འདེབས་འཛུགས་གནང་གལ་ ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག་ལ། བོད་ཀྱི་ཆབ་སྲིད་གནས་སྟངས་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་དང་ཁ་བྲལ་མིན་པར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་ཐོབ་པར་ཐུགས་བརྩོན་མཛད་བཞིན་ཡོད་པ་དང་། གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་བདག་གཉེས་ལེགས་པོ་ཞིག་ཐུབ་རྒྱུ་དེ་གནད་ཆེ་ཆགས་ཡོད་པ་སོགས་བཀའ་སྩལ་ཡོད།  དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་ཚལ་དུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་ཀྱི་མཛད་འཕྲིན་ཁག་གྲུབ་མཚམས་སུ་ལ་དྭགས་རང་སྐྱོང་དང་ལ་དྭགས་རང་སྐྱོང་རི་ལྔོངས་ཡར་རྒྱས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་མཛད་རིམ་ཞིག་གི་ཐོག་ལ་དབུས་བཞུགས་མཛད་དེ་ཆོས་ལུགས་མཐུན་སྒྲིལ་དང་བྱམས་སྙིང་རྗེ། ཤེས་སློབ་སྦྱོང་གི་གལ་གནད་སོགས་ཀྱི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཟླ་བ་གཉིས་མན་ཙམ་གྱི་རིང་ལ་དྭགས་དུ་༸སྐུ་བཞུགས་མཛད་པའི་ཁྲོད་དུ་རྒྱལ་ས་གླེ་དང་ཟངས་དཀར་དུ་ཆགས་པའི་ནང་པའི་ཆོས་སྡེ་ཁག་དང་ཁ་ཆེ། ཡེ་ཤུ་བཅས་ཀྱི་ལྷ་ཁང་སོ་སོར་གནས་གཟིགས་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་ སྤྱི་ཚོགས་མཐུན་སྒྲིལ་དང་། གོ་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཐབས་སོགས་ཀྱི་ཐོག་དགོངས་པ་བཞེས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་དང་། ས་གནས་ཀྱི་དད་ལྡན་མང་ཚོགས་རྣམས་ལ་བཀའ་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་བ་མ་ཟད། ས་གནས་ཀྱི་བོད་མི་རྣམས་ལ་ལོགས་སུ་བཀའ་སློབ་ལམ་སྟོན་སོགས་སྩལ་ཡོད། ཁ་སང་མགོན་པོ་༸གང་ཉིད་མཆོག་གིས་ས་གནས་ཀྱི་མི་མང་དང་ཚོགས་པ་ཁག་གཅིག་གི་འཐུས་མིར་དམིགས་བསལ་མཇལ་ཁ་སྩལ་སྐབས་ལ་དྭགས་ལམ་སྒྲོན་སློབ་གྲྭའི་འབྲེལ་ཡོད་ཁག་གཅིག་ནས་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ལོ་རྗེས་མར་ལམ་སྒྲོལ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་ལྔ་བཅུའི་དུས་སྟོན་དང་བསྟུན་ས་གནས་སུ་ཚན་རིག་དང་བྱམས་བརྩེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་ཀྱི་བརྗོད་གཞི་གཙོ་བཟུང་ཐོག་འཚོགས་གཏན་ཁེལ་བའི་ལམ་སྒྲོལ་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་རེད།

རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་བྱ་དགོས་པ་གསུངས་སོང་།

ཁ་སང་ཕྱི་ཚེས་ ༢༢ ཉིན་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་རྒྱལ་སྤྱིའི་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་འདི་ཉིད་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་ཞུ་མཁན་ཡིན་ཟེར་བའི་རྒྱལ་ཁབ་ཅིག་ཡིན་པ་དང་འབྲེལ། རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱེད་པའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་དུ་ཆོས་དད་རང་དབང་ལ་ངེས་པར་དུ་བརྩི་བྱ་བཀུར་དགོས་པའི་འབོད་སྐུལ་དང་སྦྲགས་བརྡ་ལན་ནན་པོ་གནང་སོང་།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་རྒྱ་ནག་གིས་བོད་ནང་དུ་ཆོས་དད་རང་དབང་རྡོག་རོལ་དང་འབྲེལ། ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གི་སྲིད་དབང་བཟུང་བ་ནས་ཁམས་དང་ཨ་མདོའི་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དམ་བསྒྲགས་ཀྱི་ལས་འགུལ་ཧ་ཅང་སྤེལ་བཞིན་ཡོད་པའི་ཁྲོད་སྔ་ལོ་ ༢༠༢༡ ལོའི་ནང་ཁམས་ཕྱོགས་ཀྱི་ས་ཁུལ་རྫ་དབོན་པོ་ལྟ་བུ་མཚོན་ན་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་གྲངས་ ༡༢༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་སྐོར་དང་། གདན་ས་གསུམ་གྱི་གཙོས་པའི་གཞིས་དགོན་ཁག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་འདི་ཉིད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་གཞི་སོགས་འགྲེལ་བརྗོད་གནང་བྱུང་།དེ་བཞིན་ལྟེ་གནས་ཁང་གི་ཡིག་ཚགས་གཞིར་བཟུང་བྱས་ན། འདས་པའི་ལོ་ངོ་ ༣༠ རིང་གི་ནང་ཤེས་རྟོགས་བྱུང་བར་རྒྱ་གཞུང་གིས་བོད་མི་རྣམས་ཆོས་དད་རང་དབང་དང་། སྐད་ཡིག དེ་བཞིན་ཁོར་ཡུག་དང་ཆབ་སྲིད་སོགས་ཀྱི་ཉེས་མིང་འོག་ད་བར་བོད་མིའི་གྲངས་ ༥༠༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། དེ་དག་ལས་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་བ་དང་། བཙོན་ཁང་ནང་འདས་གྲོངས་སུ་གྱུར་བ། དེ་བཞིན་བཙོན་ཁང་དུ་གནས་བཞིན་པ་སོགས་ཀྱི་སྐོར་གསུངས་སོང་།རྩ་བའི་ཁ་སང་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་རྒྱལ་སྤྱིའི་ཉིན་མོ་དེའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ Twitter དྭ་ལམ་ཐོག སུ་གང་ཞིག་གི་དད་པ་ལ་གནོད་འཚེ་དང་རྡོག་རོལ་བྱུང་བ་དེར་ང་ཚོ་མཉམ་དུ་ཡོད་ཅེས་དང་། དེ་འབྲེལ་དཀའ་སྡུག་མྱོང་བཞིན་ཡོད་པ་རྣམས་ལ་ང་ཚོས་དྲན་པ་བརྗེད་མེད་པ་མ་ཟད། ང་ཚོས་ཁྱེད་ཚོའི་ཆེད་དུ་མུ་མཐུད་རོགས་སྐྱོར་བྱ་རྒྱུ་ཡིན་པ་གསུངས་འདུགགཞི་རྩའི་ཉིན་མོ་འདི་ཉིད་ཐོག་མ་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༨ ཉིན་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༧༣ སྐབས་ Poland གིས་གྲོས་འཆར་བཏོན་ཏེ་མོས་མཐུན་གྱི་ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། ཉིན་མོ་དེའི་སྲུང་བརྩི་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ནང་ཆོས་དད་རང་མོས་སོགས་ཀྱི་ཐོག་ལ་རྡོག་རོལ་དང་གནོད་འཚེ་བྱེད་མཁན་རྣམས་ལ་ཁྲིམས་མཐུན་གྱི་ཐོག་ནས་ཉེས་ཆད་བཀལ་རྒྱུ་དང་། དེ་བཞིན་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་མི་རྣམས་ལ་ཚུལ་མཐུན་གྱི་རོགས་སྐྱོར་སྦྱོར་སྤྲོད་གནང་རྒྱུ་དེ་ཡིན་པ་རེད་འདུག

Latest news