Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ལྕམ་སྐུ་ Nancy Pelosi ཐའེ་ཝན་ཕྱོགས་བསྐྱོད་ལ་རྒྱ་ནག་གིས་ཉེན་བརྡ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་རིང་མིན་ཕྱི་ཟླ་ ༨ པའི་ནང་དུ་ཐའེ་ཝན་ལ་བསྐྱོད་འཆར་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་གལ་ཏེ་ལྕམ་སྐུ་མཆོག་དངོས་སུ་ཐའེ་ཝན་དུ་ཕེབས་ཚེ་ཨ་རིའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ནོར་འཁྲུལ་ཞིག་དང་། རྒྱ་ནག་གིས་ངོས་ནས་དེར་འཁོན་ལེན་ནན་པོ་བྱ་རྒྱུ་ཡིན་པ་བརྗོད་འདུག རྩ་བའི་ལྕམ་སྐུ་མཆོག་འདི་ལོ་ཕྱི་ཟླ་ ༤ པའི་ནང་ཐའེ་ཝན་དུ་བསྐྱོད་འཆར་གནང་ཡོད་ཀྱང་། སྐབས་དེར་ཁོང་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་ཕྱོགས་བསྐྱོད་ཕྱིར་འགྱངས་གནང་དགོས་བྱུང་བ་དང་། འདི་ལོ་ལྕམ་སྐུ་མཆོག་དངོས་སུ་ཐའེ་ཝན་དུ་ཕེབས་ཚེ་དེ་སྔ་མི་ལོ་ ༢༥ སྔོན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Newt Gingrich ལགས་ཀྱི་རྗེས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་མཐོ་གྲས་ཕེབས་མཁན་ཐེངས་གཉིས་པ་དེ་ཆགས་ཡོད།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijiang གྱིས་གསར་འགོད་ལྷན་ཚོགས་ཞིག་གི་བརྒྱུད། ལྕམ་ Pelosi མཆོག་གིས་ཐའེ་ཝན་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཚེ། དེས་རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་ལ་མཐོང་ཆུང་ཚབས་ཆེན་བཏང་བའི་བྱ་སྤྱོད་ཆགས་རྒྱུ་ཡིན་པ་དང་། དེས་རྒྱ་ནག་དང་ཨ་རི་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཏང་བ་མ་ཟད། ཐའེ་ཝན་རང་བཙན་རྩོད་མཁན་རྣམས་ལ་བརྡ་ལན་ནོར་བ་ཞིག་འགྲོ་རྒྱུ་ཡིན་པ་བརྗོད་འདུགད་དུང་གལ་ཏེ་ཨ་རིའི་ངོས་ནས་ལམ་ནོར་ལ་བསྐྱོད་རྒྱུའི་ཨུ་ཚུགས་བསྐྱོན་ཚེ། རྒྱ་ནག་གིས་ངོས་ནས་རང་ཉིད་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་སྲུང་སྐྱོབ་ཆེད་གདོང་ལེན་ནན་པོ་བྱ་རྒྱུར་ཉེན་བརྡ་བཏང་འདུག  

རྒྱ་དཀར་ནག་དབར་ས་མཚམས་དཀའ་རྙོག་གཙང་སེལ་ཐུབ་མེད་པ།

རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བོད་གཉིས་ཀྱི་ས་མཚམས་ Moldo ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་འགོ་ཁྲིད་དབར་རྒྱལ་ཁབ་ཕྱོགས་གཉིས་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་ཁག་སེལ་ཐབས་དང་འབྲེལ་བའི་གྲོས་མོལ་ཐེངས་ ༡༦ པ་གནང་སྟེ་མུ་མཐུད་ས་མཚམས་དང་བདེ་འཇགས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་རྒྱུའི་ཐོག་ལ་མོས་མཐུན་བྱུང་བ་ཙམ་མ་གཏོགས་མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་ཁག་གཙང་སེལ་ཐུབ་རྒྱུའི་ཐབས་ལམ་ཞིག་གི་ཐོག་ལ་བབས་ཐུབ་མེད།དེ་ཡང་ཁ་ཉིན་རེ་གཟའ་ཉི་མའི་ཉིན་རྒྱ་དཀར་ནག་གི་དམག་མིའི་འགོ་ཁྲིད་དབར་ལ་གྲོས་མོལ་ཚོུད་ ༡༢ ཙམ་གནང་པའི་རྗེས་སུ་ཐུན་མོང་གིས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་འགོ་ཁྲིད་ཕན་ཚུན་དབར་ས་མཚམས་ཀྱི་གནད་དོན་ཐོག་རྒྱལ་ཁབ་སོ་སོའི་བཞེངས་ཕྱོགས་དང་དགོས་འདུན་སོགས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་འགྲེལ་བརྗོད་དང་སྦྲགས། གནད་དོན་འདིའི་ཐད་མུ་མཐུད་ཕྱོགས་སོ་སོའི་དམག་དཔོན་དང་། འབྲེལ་ཡོད་གཞུང་འབྲེལ་སྐུ་ཚབ་དབར་ལ་གྲོས་མོལ་གནང་རྒྱུ་ཡིན་ཞེས་འཁོད་འདུག མ་ཟད་སྐབས་དེར་གྲོས་བསྡུར་བྱུང་བའི་གནད་དོན་ཁག་རྒྱལ་ཁབ་སོ་སོའི་འབྲེལ་ཡོད་སྡེ་ཚན་གོང་མ་ཁག་ལ་སྙན་སེང་ཞུས་ཏེ་ལ་དྭགས་ཀྱི་ཤར་ཕྱོགས་ས་ཁུལ་གཙོས་པའི་ས་མཚམས་དང་འབྲེལ་བའི་དཀའ་རྙོག་ཅན་གྱི་གནད་དོན་ཁག་རྒྱལ་ཁབ་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པའི་གྲོས་ཆོད་ཞིག་གཏན་འབེབས་བརྒྱུད་གང་མགྱོགས་སེལ་ཐབས་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་ལོ་གཉིས་ཙམ་གྱི་གོང་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་གདོང་ཐུག་རིམ་པ་བྱུང་པའི་རྗེས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དཔོན་དང་། འབྲེལ་ཡོད་གཞུང་འབྲེལ་སྐུ་ཚབ་དབར་ལ་གྲོས་མོལ་ཐེངས་ ༡༥ གནང་པའི་ཁྲོད་དུ་སྤང་གོང་དང་ Gogra ཁུལ་གྱི་གནད་དོན་སེལ་ཐུབ་ཙམ་བྱུང་ཡོད་ཀྱང་། Depsang དང་བདེན་མཆོག་གཙོས་པའི་ཨ་རུ་ན་ཅལ་མངལ་ཁུལ་གྱི་ས་མཚམས་དང་འབྲེལ་བའི་རྩོད་རྙོག་ཁག་ད་ལྟའང་ཞི་འགྲིག་ཐུབ་མེད་པ་དང་། ད་རེས་གྲོས་མོལ་ཐེངས་ ༡༦ པའི་སྐབས་མ་འོངས་པར་མུ་མཐུད་གྲོས་མོལ་གནང་རྒྱུ་སོགས་ཀྱི་ཐག་གཅོད་ཙམ་ལས་མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་ཁག་གཙང་སེལ་ཐུབ་རྒྱུའི་ཐབས་ལམ་ཞིག་གི་ཐོག་ལ་བབས་ཐུབ་མེད་པ་རེད། ལྷག་པར་དུ་ཐེངས་འདིའི་རྒྱ་དཀར་ནག་གཉིས་ཀྱི་གྲོས་མོལ་དང་འབྲེལ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་དཔྱད་ཞིབ་པ་ཁག་ཅིག་ནས་རྒྱ་གར་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཡོང་བར་རྒྱ་ནག་ཕྱོགས་ནས་ Depsang དང་བདེན་མཆོག་ཁུལ་དུ་ཡོད་པའི་རྒྱ་ནག་དམག་མི་རྣམས་ཕྱིར་འཐེན་གྱིས་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་བྱུང་བའི་གདོང་ཐུག་ཀྱི་དོན་རྐྱེན་གོང་གི་ས་མཚམས་གནས་བབ་ལ་བརྩི་བཀུར་ཞུ་དགོས་པའི་དགོན་འདུན་བཏོན་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དུས་རྒྱུན་གྱི་འབྲེལ་བ་ཡོད་པ་ཁག་ས་མཚམས་ཀྱི་གནད་དོན་དང་འབྲེལ་བ་མེད་སྐོར་བཤད་ཡོད་པ་གསུངས་བཞིན་འདུག རྩ་བའི་འདས་པའི་ལོ་ཤས་ཁྲོད་དུ་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱ་དཀར་ནག་ཀྱི་དམག་མིའི་དབར་གདོང་ཐུག་གི་གནད་དོན་རིམ་པས་བྱུང་པའི་རྗེས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཧ་ཅང་ཐེབས་ཡོད་པ་མ་ཟད། ལྷག་པར་དུ་ཕྱོགས་གཉིས་ཀས་ས་མཚམས་ཁུལ་དུ་དམག་མི་སྔར་ལས་ལྷག་པ་འགྲེམ་འཇོག་དང་། གཞུང་ལམ་དང་འཛུགས་བསྐྲུན་གྱི་ལས་གཞི་སོགས་རྒྱ་སྐྱེད་གཏོང་བཞིན་ཡོད་པ་རེད།

ཤྲི་ལངྐའི་དཀའ་ངལ་མྱུར་དུ་ཞི་བའི་སྨོན་འདུན་ཡོད་ཅེས་བཀའ་སྩལ་བ།

ཉེ་ལམ་ཟླ་བ་ ༧ པའི་ཕྱི་ཚེས་ ༦ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན།  ཤྲི་ལངྐའི་ནང་ཉིན་དེར་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་ Universal ethics ཞེས་གོ་ལ་སྤྱི་ཡོངས་ལ་ཁྱབ་པའི་བཟང་སྤྱོད་སོགས་ཀྱི་བརྗོད་གཞིའི་ཐད་གོ་བསྡུར་གྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་ལྟར།  ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་ཞིག་སྩལ་འདུག དེ་ཡང་ཁ་སྔོན་ཕྱི་ཚེས་ ༡༦ ཉིན་ Sri lankan Tibetan Buddhist Brotherhood Society ཞེས་ཤྲི་ལངྐན་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ Dr. Damenda Porage ལགས་ཀྱི་མཚན་ཐོག་ཏུ་སྩལ་བའི་ཕྱག་བྲིས་ནང་།  ཤྲི་ལངྐན་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཉེ་ཆར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ལ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་མགོན་པོ་མཆོག་གི་འགྲོ་བ་མི་སྤྱིའི་བདེ་རྩའི་སླད་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་གང་དེར་ཆེ་བསྟོད་ཀྱིས་བགྲོ་གླེང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་འདུགཕྱོགས་མཚུངས་ཤྲི་ལངྐའི་བླ་ཆེན་རྣམས་ནས་༸གང་ཉིད་མཆོག་ལ་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་པར་མགོན་པོ་མཆོག་ཐུགས་ཧ་ཅང་མཉེས་པོ་བྱུང་བ་དང་དེ་འབྲེལ་འཚམས་འདྲི་ཞུ་མཁན་ཆོས་གྲོགས་ཡོངས་དང་གཏམ་བཤད་པ་རྣམས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་སྦྲགས།  ལྷག་པར་ད་ཆ་ཤྲི་ལང་ཀའི་ལུང་པའི་ནང་དཀའ་ངལ་འཕྲད་བཞིན་པའི་གནད་དོན་རྣམས་མགོན་པོ་མཆོག་ནས་མཁྱེན་གྱི་ཡོད་པ་དང་།   ༸གང་ཉིད་མཆོག་ནས་ད་ཆ་ལུང་པའི་ནང་དཀའ་ངལ་འཕྲད་པ་ཁག་མྱུར་དུ་ཞི་བའི་སྨོན་འདུན་ཡོད་ཅེས་བཀའ་སྩལ་དང་།  ཆབས་ཅིག་མང་ཚོགས་ནས་གནས་སྟངས་ཁག་པོ་ཡོད་མིན་ལ་མ་ལྟོས་པར་ད་ལྟའི་གནས་སྟངས་དེ་བཞིན་བཟང་ས་ལ་བསྒྱུར་བ་གཏོང་བའི་ནུས་པར་གདེང་ཚོད་མ་བརླག་པའི་རེ་བ་ཡོད་པ་བཀའ་སྩལ་ཡོད་པ་འཁོད་འདུགགཞི་རྩའི་མི་འབོར་ས་ཡ་ ༢༢ ལྷག་ཡོད་པའི་ཤྲི་ལང་ཀའི་ནང་ཉེ་བའི་ཟླ་ཤས་ནས་སྔར་བྱུང་མྱོང་མེད་པའི་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེ་འཕྲད་པའི་རྐྱེན་གྱིས་མང་ཚོགས་དང་རྒྱལ་ཁབ་ཀྱི་དཔུང་དམག་དབར་གདོང་ཐུག་ཤུགས་ཆེ་བྱུང་མུས་ཡིན་པ་མ་ཟད། ལུང་པའི་ཆེས་ཛ་དྲག་གི་གནས་སྟངས་འོག ཡུལ་དེའི་སྲིད་བློན་ Mahinda Rajapaksa ལས་གནས་ནས་རྩ་དགོངས་ཞུས་དགོས་བྱུང་བ་དང་། དེ་བཞིན་ཁོང་གི་བུ་སྤུན་སྲིད་འཛིན་ Gotabaya Rajapaksa ཀྱང་ཡུལ་དེ་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བའི་གནས་སྟངས་ཆགས་ཡོད།བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཤྲི་ལངྐའི་གྲོས་ཚོགས་ནས་ཡུལ་དེའི་སྲིད་འཛིན་གསར་པ་འོས་བསྡུ་བྱ་རྒྱུའི་གྲ་སྒྲིག་ཁྲོད། བར་རྒལ་སྲིད་འཛིན་ Ranil Wickremesinghe མཆོག་གིས་ཁ་སང་ཕྱི་དྲོ་ཛ་དྲག་གི་བཀོད་ཁྱབ་ཞིག་བཏང་བའི་བརྒྱུད་རྒྱལ་ཁབ་དེའི་ནང་དྲག་པོའི་ཁྲིམས་གཞི་གདམ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་འདུག  

རྒྱ་དམར་གཞུང་ལ་ངོ་རྒོལ་གྱིས་རྒྱལ་སྤྱིའི་དྲང་བདེན་ཉིན་མོར་སྲུང་བརྩི།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་ནས་གཏམ་བརྗོད་ཀྱི་ལམ་ནས་བོད་ནང་རང་དབང་དང་དྲང་བདེན་མེད་པའི་གནས་སྟངས་གསལ་བཏོན་བརྒྱུད་རྒྱལ་སྤྱིའི་དྲང་བདེན་ཉིན་མོར་སྲུང་བརྩི་ཞུས་སོང་། དེ་ཡང་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་ནས་གཏམ་བརྗོད་ཀྱི་ལས་འགུལ་དེའི་བརྒྱུད་ནས་བོད་ནང་རང་དབང་མེད་པ་དང་། རྒྱ་ནག་གིས་མི་ལོ་བདུན་བཅུ་ལྷག་གི་རིང་དྲག་གནོན་དང་མནར་གཅོད། སྡུག་སྦྱོང་སོགས་ཀྱི་ཁྲོད་བོད་མི་ས་ཡ་གཅིག་ལྷག་རྐྱེན་འདས་སུ་སོང་ཡོད་པ་དེས་རྒྱལ་སྤྱིའི་དྲང་བདེན་དང་ཁྲིམས་ལ་རྒྱ་ནག་འདི་བཞིན་ཉེན་ཁ་ཞིག་ཏུ་གྱུར་ཡོད་པ་མཚོན་གྱི་ཡོད་སྐོར་དང་། མ་ཟད་ད་དུང་བོད་ནང་སྡུག་སྦྱོང་མནར་གཅོད་སོགས་གཏོང་མུས་ཡིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེར་བཏོན་འདུགཚོགས་པ་དེ་དག་གིས་སྤེལ་བའི་བསྒྲགས་གཏམ་ནང་རྒྱ་ནག་གིས་བོད་ས་ཡོངས་རྫོགས་ཇི་ལྟར་དབང་གྱུར་བྱས་ཡོད་པ་དང་། ལྷག་པར་དུ་གཞི་བྱེས་གཉིས་སུ་གྱར་དགོས་པ་ཡིད་སྐྱོའི་གནས་ཚུལ་རིམ་པའི་ཁྲོད་གཞིས་བཞུགས་ཀྱི་བོད་མི་རྣམས་རང་སར་ཡོད་ཀྱང་རང་དབང་བྲལ་བའི་གནས་སྟངས་ཞིག་གི་འོག་ཚུད་ཡོད་སྐོར་དང་། དེ་བཞིན་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་གཙོས་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་དང་དྲང་བདེན་ལས་འདས་པའི་མནར་གཅོད་ཚད་ལས་བརྒལ་བ་བཏང་རྐྱེན་ད་བར་བོད་མི་ ༡༦༠ ཙམ་གྱི་རང་ལུས་མེར་བསྲེགས་བཏང་ཡོད་པའི་གནས་ཚུལ་རྣམས་བྱུང་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ལས་གཞི་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་ཙམ་ཡང་ཉར་འཇོག་བྱེད་མི་ཆོག་པ་དང་། དེ་འབྲེལ་ཤེས་རྟོགས་བྱུང་ཚེ་འཛིན་བཟུང་བཙོན་འཇུག་སོགས་ཀྱི་གནས་སྟངས་ཧ་ཅང་ཉམས་ང་རྣམས་འབྱུང་བཞིན་ཡོད་པ་དང་ཆབས་ཅིག ཨ་ཉག་སེང་སྒྲ་ལགས་གཙོས་པའི་བོད་ནང་གི་ཁོར་ཡུག་ལས་འགུལ་བ་རྣམས་འཛིན་བཟུང་གི་དྲང་བདེན་མིན་པའི་ཐོག་སྡུག་སྦྱོང་མནར་གཅོད་སོགས་གཏོང་བཞིན་ཡོད་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་བརྗོད་གནང་འདུགསྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ནས་ཀྱང་ལས་འགུལ་དེའི་བརྒྱུད་བོད་ནང་ཆབ་སྲིད་དང་། སྐད་ཡིག དེ་བཞིན་རིག་གཞུང་སོགས་ཀྱི་ཐོག་ནས་འདྲ་མཉམ་དང་དྲང་བདེན་མེད་པ་མཚོན་པར་བྱེད་རྒྱུ། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆ་སྟེང་དུ་ཁྱབ་བསྒྲགས་བྱ་རྒྱུ་སླད་ལས་འགུལ་དེ་ལྟར་སྤེལ་ཡིན་པར་འགྲེལ་བརྗོད་གནང་བྱུང་།གཞི་རྩའི་རྒྱལ་སྤྱིའི་དྲང་བདེན་གྱི་ཉིན་མོ་དེ་ནི་ཕྱི་ལོ་ ༡༩༩༨ ཟླ་ ༧ ཚེས་ ༡༧ ཉིན་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་སྤྱིའི་ནང་དྲང་བདེན་གྱི་གོ་རྟོགས་སྤེལ་རྒྱུ་དང་། དེ་བཞིན་དྲང་བདེན་མིན་པའི་གནས་སྟངས་ཀྱི་འོག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། མི་རིགས་སྡེབ་གསོད་སོགས་རྒྱ་དམར་གཞུང་ལྟ་བུའི་ཁྲིམས་བརྒལ་གྱི་བྱ་སྤྱོད་དག་ལ་གདོང་ལེན་གྱིས་གཞི་རྩའི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱས་པའི་ཐོག་འཛམ་གླིང་ཞི་བདེ་དང་བདེ་འཇགས་བསྐྲུན་རྒྱུ་དེ་ཡིན་པ་རེད།

རྒྱ་གར་དམག་མིའི་ཚོགས་ཁག་ཅིག་ལ་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་གནང་འདུག

འདས་པའི་ལོ་གཉིས་ཙམ་གྱི་གོང་ལ་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། འབྲས་ལྗོངས་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཀྱི་གནད་དོན་རིམ་པས་བྱུང་སྐབས་རྒྱ་གར་ངོས་ནས་རྒྱ་ནག་ལ་འཐབ་རྒོལ་ནན་པོ་ཐུབ་ཆེད་ཡུལ་འདིའི་མཐའ་སྲུང་དམག་མི་གཙོས་པའི་འབྲེལ་ཡོད་དམག་དཔོན་རྣམས་ལ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་གཙོས་པའི་བོད་ཀྱི་གནད་དོན་ཐོག་སློབ་གཉེར་ཟབ་སྦྱོང་གནང་རྒྱུའི་ལས་འཆར་ཞིག་ཡོད་ཞེས་གསུངས་ཡོད་པ་ལྟར། ད་རེས་ཉེ་འཆར་རྒྱ་གར་བྱང་ཤར་ཁུལ་གྱི་མཐའ་སྲུང་དམག་མི་དང་དམག་དཔོན་རྣམས་ལ་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་དེ་གནང་ཟིན་འདུག དེ་ཡང་ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་ Tezpur གྲོང་ཁྱེར་ནང་ཡོད་པའི་རྒྱ་གར་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་གསར་འགོད་འབྲེལ་མཐུད་པ་དམག་དཔོན་ A S Walia ལགས་ཀྱིས་བསྒྲགས་གཏམ་ཤིག་ཡོངས་གྲགས་གནང་པའི་ནང་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་དབུས་ཧི་མ་ལ་ཡའི་ལེགས་བྱང་མཐོ་སློབ་ཁང་དུ་འདས་པའི་ཉིན་གྲངས་ ༤༢ རིང་ཨ་རུ་ན་ཅལ་དང་ཨ་སམ་མངའ་སྡེ་གཉིས་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་རྒྱ་གར་གྱི་དམག་སྡེ་ཁག་གི་སྡེ་ཚན་ཅི་རིགས་ནང་ཕྱག་ལས་གནང་མཁན་གྱི་དམག་དཔོན་དང་། མཐའ་སྲུང་དམག་མི། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ལ་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་དེ་གནང་ཡོད་པ་གསུངས་འདུག མ་ཟད་ཐེངས་འདིའི་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཁྲོད་དུ་རྒྱ་གར་གྱི་དམག་དཔོན་དང་དང་དམག་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་། ནང་ཆོས། ལྷག་པར་དུ་བོད་ཀྱི་ཆབ་སྲིད་གནས་བབ་དང་འབྲེལ་ཕྱི་ལོ་ ༡༩༥༠ གོང་གི་བོད་དང་། རྒྱ་ནག་གིས་བཙན་འཛུལ་རྗེས་ཀྱི་བོད། དེ་བཞིན་རྒྱ་གཞུང་གིས་བོད་ནང་རྒྱ་མི་རིགས་གཞིས་སྤོས་དང་། བོད་ཀྱི་མི་རིགས་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་ཀྱི་ཐོག་ལ་སློབ་ཁྲིད་དང་གྲོས་བསྡུར་སྦྱང་ཤེས་སོགས་གནང་ཡོད་པ་དང་། སློབ་ཁྲིད་དང་གསུངས་བཤད་གནང་མཁན་ཁོངས་སུ་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་དང་། བོད་དོན་ཆེད་མཁས་བ་དང་རྩོམ་པ་པོ་སྐུ་ཞབས་Claude Arpi ལགས་སོགས་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་གར་གྱི་དམག་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐོག་སློབ་སྦྱོང་བྱེད་རྒྱུའི་ལས་གཞི་འདི་ནི་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་གར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཀྱི་གནད་དོན་རིམ་པས་བྱུང་སྐབས། སྐབས་དེའི་ཕྱི་ཟླ་བཅུ་པའི་ནང་ཚོགས་པའི་རྒྱ་གར་གྱི་དམག་སྤྱིའི་ལྷན་ཚོགས་ཐོག་གྲོས་བསྡུར་ཐོག་མ་དེ་བྱུང་སྟེ་རིམ་པས་ཧིམ་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམག་སྦྱོང་ལྟེ་གནས་ཁང་ནས་ལས་གཞི་འདིར་ཞིབ་འཇུག་གྱིས་དངོས་སུ་ལག་བསྟར་ཐུབ་རྒྱུའི་ཐོག་འབད་བརྩོན་གནང་ཡོད་པ་དང་། སྐབས་དེར་སློབ་ཁྲིད་གནང་སའི་ལྟེ་གནས་ཁོངས་སུ་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ལྡི་ལི་མཐོ་སློབ་ཀྱི་ནང་ཆོས་ལྟི་གནས་ཁང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་སོགས་མིང་འདོན་གནང་ཡོད།

ཕ་རན་སི་ནང་བོད་མི་སྟོང་ཚོ་དུ་མས་འདས་པོ་ཚུལ་ཁྲིམས་ལགས་ཀྱི་ཆེད་ངག་བཅད་གོམ་བགྲོད།

ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་ཕ་རན་སིའི་བྱང་ཕྱོགས་ Normandie ཁུལ་གྱི་ Saint léonards ས་གནས་སུ་ཡོད་པའི་རྒྱ་མིའི་ཟ་ཁང་དུ་ལས་ཀ་བྱེད་མཁན་རང་ལོ་ ༣༠ ལ་སོན་པའི་བོད་མི་ཚུལ་ཁྲིམས་ཞེས་པ་ཞིག་ལ་ཟ་ཁང་དེའི་སྦྱིན་བདག་དང་ལས་ཀ་བྱེད་མཁན་རྒྱ་མི་གཉིས་ནས་གྲི་བརྒྱབ་སྟེ་བསད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ། ཁ་སང་ཕྱི་ཚེས་༡༧ རེ་གཟའ་ཉིན་མའི་སྔ་དྲོ་བོད་མི་སྟོང་ཚོ་དུ་མས་ལག་ཏུ་རྒྱ་སེར་མེ་ཏོག་དཀར་པོ་དང་ལྟོས་གོས་དཀར་པོ་གྱོན་ཏེ་འདས་པོ་ཁོང་ལ་ཁྲིམས་མཐུན་དང་དྲང་བདེན་དགོས་ཞེས་པའི་འབོད་ཚིགས་དང་བཅས་པེ་རི་སི་ Paris གྲོང་ཁྱེར་གྱི་ Bastille ཐང་ཆེན་ནས་ République ཐང་ཆེན་བར་མྱ་ངན་ངག་བཅད་ཀྱིས་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུགཐེངས་འདིའི་ལས་འགུལ་དེ་བཞིན་ཕ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་སུ་ཡོད་པའི་བོད་མིའི་གཞུང་འབྲེལ་མིན་པའི་ ཚོགས་སྐྱིད་ཁག་མཉམ་རུམ་ཐོག་སྤེལ་བ་ཞིག་ཡིན་པ་དང་། ལས་འགུལ་དེའི་ཐོག་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་སྐར་མ་འཕྲིན་ལས་ལགས་གཙོས་པའི་རྒྱུན་ལས་རྣམ་པ་དང་། ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། སྦེལ་འཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ས་གནས་དོན་གཅོད་ལས་ཁུངས་ཀྱི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་འགྲུབ་ལགས། ས་གནས་བོད་མི་མང་ཚོགས་༧༠༠༠ ལྷག་འདུ་འཛོམས་བྱུང་འདུག ད་རེས་ཀྱི་ལས་འགུལ་དེའི་ཐོག སྦེལ་འཇམ་དང་སུད་སི། དེ་བཞིན་ཕ་རན་སིའི་ཉེ་འཁོར་གྱི་ས་གནས་གཞན་ཁག་ནས་ཀྱང་བོད་མི་མང་པོ་ཞིག་ནས་མཉམ་ཞུགས་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་ཕྱི་ཚེས་ ༡༨ ཉིན་སླར་ཡང་བོད་རིགས་ཚོགས་པའི་གོ་སྒྲིག་འོག་མྱ་ངན་ངག་བཅད་ཀྱི་གོམ་གྲོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཀྱང་སྤེལ་གྱི་ཡོད་པ་མ་ཟད། ཕྱི་ཚེས་ ༢༤ ཉིན་བོད་རིགས་ཚོགས་པས་གོ་སྒྲིག་འོག་འདས་པོ་ཁོང་གི་ཆེད་དུ་གཞི་རྒྱ་ཆེ་བའི་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཡང་འཚོགས་རྒྱུ་རེད་འདུགགཞི་རྩའི་ཕ་རན་སིར་གནས་བཞུགས་བོད་མིའི་ཁྲོད་ནས་བརྒྱ་ཆ་མང་བ་ཞིག་རྒྱའི་ཟ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་ད་ལན་གྱི་དོན་རྐྱེན་དེར་ངོ་རྒོལ་གྱི་ཚུལ་དུ་འདས་པའི་ཉིན་ཤས་ནང་ས་གནས་ཀྱི་བོད་མི་རྣམས་ནས་རྒྱ་མི་ཟ་ཁང་ནང་ལས་མཚམས་བཞག་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ས་གནས་སུ་ཡོད་པའི་རྒྱ་མི་ཟ་ཁང་ཁག་ཅིག་ལས་མི་མེད་པའི་དབང་གི་གནས་སྐབས་ཟ་ཁང་སྒོ་བརྒྱག་དགོས་པ་ཡང་བྱུང་འདུག

དེང་སྐབས་ཨུ་རུ་སུ་ལས་རྒྱ་ནག་ཉེན་འཚབ་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་གསུངས་འདུག

རྒྱ་གར་གྱི་ NDTV བརྒྱུད་ལམ་གྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Richard Gere ལགས་སུ་བཅར་འདྲི་ཞུས་པའི་ཁྲོད་ཁོང་གིས་དེང་སྐབས་ཨུ་རུ་སུ་ལས་རྒྱ་ནག་རྒྱལ་ཁབ་དེ་ཉིད་ཉེན་འཚབ་ཆེ་ཤོས་ཆགས་ཡོད་པ་གསུངས་འདུགཁ་སང་ NDTV བརྒྱུད་ལམ་གྱིས་སྐུ་ཞབས་ Richard Gere ལགས་ལ་བཅར་འདྲི་ཞུས་པའི་ལས་རིམ་རྒྱང་སྲིང་གནང་བར་སྐུ་ཞབས་ Richard Gere ལགས་ཀྱིས་ད་བར་ཁོང་ནས་ཨ་རིའི་གྲོས་ཚོགས་དང་གཞུང་གི་ལས་ཁུངས་གང་དུ་ཕེབས་ཀྱང་ཚང་མས་རྒྱ་ནག་ལ་གདོང་ལེན་བྱེད་དགོས་ཞེས་ཞལ་གཅིག་གྲག་གི་ཐོག་ནས་གསུངས་སྐོར་དང་འབྲེལ། ཨ་རི་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་དེང་སྐབས་ཉེན་འཚབ་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཨུ་རུ་སུ་མ་ཡིན་པར་རྒྱ་ནག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པ་གསུངས་འདུག ཁོང་གིས་དེ་སྔ་ཨ་རིའི་ Nixon གཞུང་འཛིན་སྐབས་ནས་རྒྱ་ནག་ནང་དུ་ཤེས་ཡོན་ཅན་གྱི་འབྱོར་འབྲིང་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཡོད་ན་དེས་རྒྱ་ནག་ནང་མང་གཙོ་བཅོས་བསྒྱུར་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་ཞུ་མཁན་གྱི་མེ་སེར་བསྐྲུན་པ་དང་འབྲེལ་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཐོག་ནས་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་གི་རེ་བ་བྱས་ཡོད་ཀྱང་། རྒྱ་ནག་དམར་པོའི་གཞུང་དེ་ཐོན་ཁུངས་རྒྱ་ཆེན་པོ་ཡོད་སྟབས་དེ་ལྟར་བྱུང་མེད་པར་མ་ཟད། རྒྱ་ནག་དེ་མེད་ན་མེད་ཐབས་མེད་པ་དང་། རྒྱ་ནག་ལ་གནོད་པའི་བྱ་འགུལ་སྤེལ་མི་རུང་བའི་འཁྲུལ་སྣང་ལྟ་བུ་ཞིག་བསྐྲུན་ཡོད། འོན་ཀྱང་ད་ཆ་ཚང་མས་རྒྱ་ནག་དེ་མེད་ན་མེད་ཐབས་མེད་པ་ཞིག་མ་ཡིན་པ་དང་། ང་ཚོར་དགོས་པ་ནི་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་ཞུ་མཁན་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་བརྩི་སྲུང་ཞུ་མཁན་གྱི་རྒྱལ་སྤྱིའི་མང་ཚོགས་དགོས་པ་དེ་གསལ་པོ་ཤེས་ཡོད་པ་གསུངས་འདུགདེ་བཞིན་ཁོང་གིས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱ་ནག་གཞུང་དེས་སོ་སོའི་མང་ཚོགས་ཙམ་མ་ཟད་རྒྱལ་སྤྱིའི་ཁྱོན་དུ་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་འཁྱོག་བཤད་བྱེད་བཞིན་པ་དེ་དག་མཐའ་གཅིག་ཏུ་ནོར་འཁྲུལ་ཡིན་པ་དང་། ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་ལས་རིམ་ཚོགས་པར་རྒྱ་རིགས་མཁས་པ་རང་གིས་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་གསལ་བཏོན་གནང་བར་མ་ཟད་རྒྱ་ནག་དེ་ཉིད་ཉེ་བའི་དུས་སྐབས་ལ་མ་གཏོགས་སྤྱི་མཐུན་རྒྱལ་ཁབ་ཅིག་ཆགས་མེད་པ་དང་། ལོ་རྒྱུས་ཁྲོད་ལོ་ངོ་སྟོང་ཕྲག་མང་པོའི་ནང་སྐབས་གཅིག་ལ་བོད་ཀྱི་ Caspean མཚོ་བར་དུ་ཧ་ལམ་ཨེ་ཤ་ཡའི་གླིང་ཆེན་ཡོངས་རྫོག་དབང་བསྒྱུར་ཡོད་པ་དང་སྐབས་གཅིག་ལ་སོག་པོའི་མངའ་དབང་བཟུང་ཡོད་པ་སོགས་གསལ་ཡོད་ཀྱང་། རྒྱ་ནག་གི་ངོས་ནས་རང་ཉིད་སྟོབས་ཤུགས་ཆེན་པོ་ཡིན་པ་དང་ལོ་རྒྱུས་ཁྲོད་རྒྱ་ནག་གིས་ཨེ་ཤ་ཡ་ཡོངས་རྫོགས་དབང་བསྒྱུར་ཡོད་པ། དེ་བཞིན་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གིས་བཏང་འཛིན་བྱས་ཡོད་པ་སོགས་ཀྱི་འཁྱོག་བཤད་འབའ་ཞིག་བྱས་ཡོད། ད་ཆ་རྒྱ་ནག་གིས་ཤར་ཏུ་ཀིས་ཐན་གྱི་ཡུ་གུར་མང་ཚོགས་ཐོག་དེ་ལྟ་བུའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་དེང་སྐབས་རྒྱ་ནག་གིས་ལོག་བཤད་ཤུགས་ཆེར་སྤེལ་རྐྱེན་རྒྱལ་སྤྱིའི་ཁྲོད་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ལ་རྔམ་ནས་ཚོང་འབྲེལ་བྱེད་མཁན་ཚོས་རང་གིས་རང་ལ་དམ་དྲག་བྱེད་བཞིན་ཡོད་པ་སོགས་གསུངས་འདུགཁོང་གིས་ད་དུང་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དེ་སྐྱོན་བརྗོད་འདྲ་མིན་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་སོ་སོའི་བྱས་པ་དེར་ཁྲིམས་དང་ལོ་རྒྱུས་ཀྱི་རྒྱབ་རྟེན་གང་ཡང་མེད་པ་ཤེས་ཀྱི་ཡོད་པ་དང་འབྲེལ་ཏེ། མང་ཚོགས་ཀྱི་སྐྱོན་བརྗོད་དང་དགོངས་པ་ཇི་ལྟར་བཞེས་ཀྱི་ཡོད་པར་དངངས་སྐྲག་ཡོད་པའི་ཁྲོད་རྒྱ་ནག་དེ་དམག་དང་ལྟ་སྲུང་འཕྲུལ་ཆས་ལ་འགྲོ་གྲོན་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་རེད། དེང་སྐབས་རྒྱལ་སྤྱིའི་ཁྲོད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དྲང་བདེན་དང་འཚེ་མེད་ཞི་བདེ་སོགས་ཀྱི་ལམ་སྟོན་མཛད་མཁན་ཞིག་ཡིན་པར་ངོས་འཛིན་ཞུས་པ་དང་འབྲེལ་ནས་མང་ཚོགས་ཀྱི་དགའ་མོས་དང་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་པ་སུངས་འདུག དེ་བཞིན་མ་འོངས་པའི་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གིས་བདག་དབང་རྩོད་བཞིན་པ་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གིས་དབང་བསྒྱུར་ཡོད་པའི་ས་ཁུལ་དུ་༸སྐུའི་ཡང་སྲིད་འཁྲུངས་རྒྱུ་མིན་སྐོར་བཀའ་གསལ་པོ་སྩལ་ཡོད་སྟབས། ཆོས་མེད་སྨྲ་བའི་རྒྱ་གཞུང་ལ་དེ་འབྲེལ་བདག་དབང་གང་ཡང་མེད་པར་བསྐྱར་ནན་གྱིས་གསུངས་ཡོད།རྩ་བའི་སྐུ་ཞབས་ Richard Gere ལགས་ཉེ་ཆར་བཞུགས་སྒར་དྷརྨ་སཱ་ལཱར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ དང་བོད་ལུགས་ལྟར་དགུང་གྲངས་ ༨༨ བདག་གིར་བཞད་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་གནང་ཕྱིར་རང་ལོ་ ༢༢ ཡིན་པའི་ཁོང་གི་བུ་རྒན་ཤོས་མཉམ་ཁྲིད་གནང་ཡོད་པ་རེད།ཁོང་གིས་༸སྐུའི་འཁྲུངས་སྐར་ཉིན་དང་རྗེས་སུ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་ལས་ཁུངས་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་ཡོད་པའི་ཁྲོད་བོད་མིའི་ངོས་ནས་བོད་དོན་འཐབ་རྩོད་ཐོག་༸གོང་ས་མཆོག་༸སྐུ་སྒེར་གཅིག་པོ་མ་ཡིན་པར་བོད་མི་མང་ཚོགས་ཀྱི་ངོས་ནས་འགན་མང་ཙམ་བཞེས་རྒྱུའི་དུས་ལ་སྤེབས་ཡོད་པ་གསུངས་ཡོད།

ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་གནང་བ།

ཁ་སང་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མར་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ JimMcgovern ལགས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་སྣེ་ཁྲིད་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael McCaul ལགས་རྣམ་གཉིས་ཀྱིས་ Promoting a Resolution to the Tibet-China Conflict Act ཞེས་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་རྒྱབ་སྐྱོར་ཡོད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞེས་པ་ཞིག་འདོན་སྤེལ་གནང་འདུགཁྲིམས་འཆར་ནང་རྒྱལ་སྤྱིའི་ཁྲིམས་འོག་ནས་བོད་ཀྱི་གནད་དོན་དེ་དུས་ད་ལྟའང་ཐག་གཅོད་མ་ཟིན་པར་ལུས་ཡོད་པ་དང་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་སོགས་འཁོད་འདུག ཁྲིམས་འཆར་དེས་ཨ་རི་སྲིད་གཞུང་གི་བཞེངས་ཕྱོགས་མངོན་གསལ་གནང་བའི་ཐོག་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་རྒྱ་ནག་གིས་བོད་དང་བོད་དོན། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ལ་འཁྱོག་བཤད་སྤེལ་བཞིན་པར་གདོང་ལེན་གྱི་ནུས་པ་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་དང་། བོད་ཅེས་པ་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ན་མ་ཡིན་པར། ཀན་སུའུ་དང་ཟི་ཁྲོན། མཚོ་སྔོན་དང་ཡུན་ནན་ཞིང་ཆེན་ཁག་གི་ནང་འཆར་འགོད་བྱས་པའི་བོད་ཀྱི་ས་ཁུལ་ཁག་ཀྱང་དེ་མཚུངས་ཡིན་པ་མངོན་གསལ་གནང་རྒྱུ་ཡིན་པ་འཁོད་འདུག ཁ་སང་གྲོས་ཚོགས་ནང་ཁྲིམས་འཆར་འདོན་སྤེལ་གྱི་ལས་རིམ་གྲུབ་མ་ཐག་ཏུ་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་ཚོགས་གཙོ་བུ་ཆུང་ཚེ་རིང་ལགས་རྣམ་གཉིས་ཀྱིས་བོད་དོན་ཁྲིམས་འཆར་དེར་དགའ་བསུ་དང་འབྲེལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་སྟེ། གཏམ་བཟང་དེ་ཡོངས་གྲགས་གནང་འདུག་པར་ཁོང་གཉིས་ནས་ཨ་རིའི་གྲོས་ཚོགས་འོག་མ་དང་སྒོས་ཁྲིམས་འཆར་འདོན་སྤེལ་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ JimMcgovern ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael McCaul ལགས་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གྲོས་ཚོགས་སུ་ཁྲིམས་འཆར་དེ་ལྟ་བུ་འདོན་སྤེལ་གནང་བ་ནི་ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་ཐད་མུ་མཐུད་ནས་མདུན་སྐྱོད་དང་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་པ་ཞིག་མཚོན་གྱི་ཡོད་པ་དང་། ཁྲིམས་འཆར་འདིའི་ཐོག་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་ཁྲིམས་ཀྱི་ཐོག་ནས་བོད་ཀྱི་བདག་དབང་རྩོད་བཞིན་ཡོད་ཀྱང་། ལོ་རྒྱུས་ཐོག་ནས་རྒྱ་ནག་ལ་བོད་ཀྱི་བདག་དབང་མེད་པ་དང་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པ་དེ་མུར་ལུས་ཡོད་སྟབས། རྒྱ་ནག་གཞུང་གི་ངོས་ནས་བོད་མི་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་བརྒྱུད་དེ་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་རྒྱ་ནག་ལ་བོད་ཀྱི་བདག་དབང་གང་ཡང་མེད་ཅེས་མངོན་གསལ་གནང་གི་ཡོད་པ་གསུངས་འདུག ཁ་སང་གྲོས་ཚོགས་སུ་ཁྲིམས་འཆར་འདོན་སྤེལ་གནང་བ་དང་འབྲེལ་ཏེ། སྐུ་ཞབས་ Jim Mcgovern ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་དུས་རྟག་ཏུ་བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ཐོག་ནས་སེལ་ཐུབ་རྒྱུར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་བྱེད་དགོས་པའི་སྐུལ་མ་ཡང་ཡང་གནང་ཡོད་པ་དེ་ལྟར་ནའང་། ད་བར་རྒྱ་ནག་གི་ངོས་ནས་༸གོང་ས་མཆོག་ལ་སྐྱོན་བརྗོད་ཁོ་ན་བྱས་པར་བརྟེན་གྲུབ་འབྲས་སོན་མེད་སྐོར་དང་འབྲེལ། ཨ་རིའི་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་དང་རྒྱ་ནག་གི་འཁྱོག་བཤད་ལ་གདོང་ལེན་གནང་སྟེ། ཨ་རི་གཞུང་གི་སྲིད་བྱུས་སྲ་བརྟན་བཟོས་ནས་བོད་རྒྱ་ཕྱོགས་གཉིས་དབར་འབྲེལ་མོལ་གནང་སྟེ་ཕུགས་རྒྱང་རིང་པོའི་ཐབས་ལམ་འཚོལ་བར་དམིགས་བཞིན་ཡོད་ཅེས་གསུངས་འདུག དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael McCaul ལགས་ཀྱིས་རྒྱ་ནག་གིས་ཕྱི་ལོ་ ༡༩༥༠ ལོར་བོད་ལ་བཙན་འཛུལ་བྱས་ནས་ད་བར་དྲག་གནོན་གྱི་སྲིད་བྱུས་སྤེལ་བ་བརྒྱུད་བོད་ཐོག་ཁྲིམས་འགལ་གྱི་བདག་དབང་རྩོད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་བཏང་བའི་གནད་དོན་ཡོད་པ་དང་། རྒྱ་ནག་གིས་བོད་མིའི་རང་དབང་འཕྲོག་ནས་ལོ་རྒྱུས་ལོག་བཤད་བྱས་ཁག་གིས་ཨ་རིའི་རྒྱལ་སྲུང་དང་བཟང་ཕྱོགས་ཀྱི་རིན་ཐང་ལ་ཉེན་འཚབ་བཟོ་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ད་རེས་ཀྱི་ཁྲིམས་འཆར་དེས་བོད་མི་རྣམས་ལ་མ་འོངས་ཕུགས་བསམ་ལ་ཐག་གཅོད་གནང་རྒྱུ། རྒྱ་ནག་ལ་བོད་ཀྱི་བདག་དབང་ཡོད་པའི་འཁྱོག་བཤད་ལ་གདོང་ལེན་གནང་ཐུབ་པ་ཞིག་ངེས་པར་དུ་བཟོ་གནང་རྒྱུ་ཡིན་པ་གསུངས་འདུགཁོང་གིས་ད་དུང་ད་རེས་སྐུ་ཞབས་ McCaul ཁོང་ནས་ Jim Mcgovern ལགས་དང་ལྷན་དུ་བོད་མི་རྣམས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཆེད་བཏོན་གནང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཁྲིམས་འཆར་འདིས་ཨ་རིའི་ངོས་ནས་བོད་མི་རྣམས་ནམ་ཡང་བརྗེད་ཐབས་མེད་པ་དང་། བོད་ཐོག་རྒྱ་ནག་གི་འཁྱོག་བཤད་ལ་གདོང་ལེན་མུ་མཐུད་གནང་རྒྱུ་ཡིན་པའི་བརྡ་ལན་ཞིག་གནང་བཞིན་ཡོད་པ་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིམས་འཆར་དེར་རྒྱབ་སྐྱོར་དང་འབྲེལ་ཏེ་རྒྱ་ནག་གིས་བོད་ཀྱི་བདག་དབང་རྩོད་བཞིན་པ་ལ་ལོ་རྒྱུས་ཀྱི་རྒྱབ་རྟེན་གང་ཡང་མེད་པ་དང་། རྒྱལ་སྤྱིའི་གཞུང་དམངས་གཉིས་ནས་དེ་བས་ཀྱང་རྒྱབ་སྐྱོར་མེད་པར་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ལ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ནན་བཤད་བྱེད་འཇུག་བཞིན་ཡོད་པ་དེ་ལས་ཁྲིམས་ཐོག་ནས་རྒྱ་ནག་ལ་བོད་ཀྱི་བདག་དབང་མེད་པ་མངོན་གསལ་བྱེད་ཀྱི་ཡོད་པ་གསུངས་འདུག ཁྲིམས་འཆར་འདིས་ཨ་རི་གཞུང་གིས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཀྱི་བྱ་འགུལ་ལ་ནུས་ཤུགས་ཆེ་རུ་གཏང་རྒྱུ་དང་བོད་མི་རྣམས་ལ་རང་གི་རྒྱལ་ཁབ་ཐོག་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གནང་ངེས་ཡིན་པ་གསུངས་ཏེ། ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་གཉིས་ལ་ཐུགས་རྗེ་ཆེ་ཞུས་འདུགདེ་བཞིན་ཉེ་ཆར་ཨ་རི་ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་ཨ་རི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱི་རྒྱབ་སྐྱོར་ཡོད་པའི་ཁྲིམས་འཆར་དེས་བོད་ཀྱི་ལོ་རྒྱུས་མངོན་གསལ་གནང་རྒྱུ་ཡིན་པ་དང་། བོད་ཀྱི་དཀའ་རྙོག་དེ་ཞི་བའི་ངང་ནས་སེལ་རྒྱུར་ཕན་ཐོགས་ཡོད་སྐོར་གསུངས་ཡོད། ཉེ་ཆར་ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་བདེན་དཔང་གི་ཉན་ཞིབ་ལས་རིམ་ཐོག་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་གི་ལས་དོན་གནང་མཁན་དང་བོད་རིག་པའི་མཁས་པ་ Michael Van Walt ལགས་དང་་རྒྱ་རིགས་ལོ་རྒྱུས་རིག་པའི་སློབ་དཔོན་དང་ཉམས་ཞིབ་པ་ Hon-Shiang Lau ལགས་བཅས་ཀྱིས་ལོ་རྒྱུས་ཐོག་ནས་རྒྱ་ནག་ལ་བོད་ཀྱི་བདག་དབང་མེད་པ་ཆེས་གསལ་བཏོན་གནང་ཡོད་པ་རེད།

བོད་པའི་བེུད་ཅིག་ལ་མེ་བརྒྱབ་པར་བརྟེན་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་ཤུགས་ཆེ་གནང་བཞིན་པ།

ཁེ་ན་ཌའི་ཊོ་རོན་ཊོ་གྲོང་ཁྱེར་ནང་བསྟན་འཛིན་ནོར་བུ་ཟེར་བས་རང་ལོ་ ༢༨ ལ་སོན་པའི་བུ་མོ་ཉི་མ་སྒྲོལ་མ་ལགས་ལ་མེ་བརྒྱབ་རྐྱེན་ཁོ་མོ་ཉེ་ལམ་འདས་གྲོངས་སུ་སོང་བའི་གནས་ཚུལ་བྱུང་བ་ལྟར་ད་ཆ་སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་མང་དག་ཅིག་ནས་གནས་ཚུལ་དེའི་ཐོག་བློ་འཚབ་ཤུགས་ཆེ་དང་ཁོང་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག བེུད་ལ་དྲག་སྤྱོད་དང་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཐོག་དོ་སྣང་དང་བགྲོ་གླེང་མང་ཙམ་དགོས་པའི་བསམ་ཚུལ་འདོན་མཁན་མང་དག་ཅིག་འདུགཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་གྱི་ཉིན་དགུང་ཕྱག་ཚོད་ ༡༢་༢༥ ཡོལ་ཙམ་ལ་ཊོ་རོན་ཊོའི་ཀིཔ་གླིང་རླངས་འཁོར་འབབ་ཚུགས་སུ་ཉི་མ་སྒྲོལ་མ་ལགས་སུ་མེ་སྐྱོན་གྱི་དོན་རྐྱེན་བྱུང་འཕྲལ་དུ་མྱུར་སྐྱོབ་པས་ཁོང་ Sunnybrook Health Sciences Centre ཞེས་པའི་སྨན་ཁང་དུ་མྱུར་ཁྲིད་ཀྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བར་ཟླ་བ་འདིའི་ཚེས་ ༥ ཉིན་རྐྱེན་འདས་གྲོངས་སུ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད་པ་རེད།དོན་རྐྱེན་དེ་བྱུང་འཕྲལ་ས་གནས་ཉེན་རྟོག་པས་རང་ལོ་ ༣༣ ཡིན་པའི་བསྟན་འཛིན་ནོར་བུ་ཞེས་པ་དེ་འཛིན་བཟུང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ཉེས་ཆད་དང་ཡོང་འགྱུར་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་ཁྲིམས་ཁང་དུ་ཁྲིམས་ཆད་གཏང་རྒྱུ་ཡིན་པ་དང་། ཊོ་རོན་ཊོ་ཉེན་རྟོག་པའི་མགྲིན་ཚབ་པས་གནས་ཚུལ་དེ་མི་གསོད་གནས་ཚུལ་རྟོག་ཞིབ་པ་ Homicide Unit ཞེས་པར་རྩིས་སྤྲོད་བྱས་ཡོད་པ་བཞིན་རིམ་པས་ཁོང་རྣམས་ཀྱིས་ཐག་གཅོད་གནང་གི་ཡོད་སྐོར་གསུངས་པ་ལས། ད་ལྟའི་ཆར་བསྟན་འཛིན་ནོར་བུ་ཞེས་པ་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ཀྱི་སྐོར་ལ་གནས་ཚུལ་ཁ་གསལ་གང་ཡང་བཀོད་མི་འདུགཨོན་ཊ་རོ་ས་གནས་བོད་ཀྱི་བུད་མེད་ཚོགས་པ་ནས་ཕྱི་ཟླ་ ༧ ཚེས་ ༧ ཉིན་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། དོན་རྐྱེན་དེའི་ཁྲོད་ཤུལ་ལུས་ནང་མི་དང་དགའ་ཉེ་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུས་པ་མ་ཟད། དེ་ལྟ་བུའི་རྩུབ་སྤྱོད་ནི་ཆེས་མི་འོས་པ་ཞིག་ཡིན་པ་དང་། གནད་དོན་དེའི་རྐྱེན་པས་ང་ཚོའི་སྤྱི་ཚོགས་ནང་ཕོ་མོའི་དབྱེ་འབྱེད་དང་དྲག་སྤྱོད་འགོག་ཐབས་ཐད་སློབ་སྟོན་གནང་དགོས་པའི་ཐོག་སྤྱི་ཚོགས་ནང་བུད་མེད་ལ་དྲག་སྤྱོད་དང་རྩུབ་སྤྱོད་སོགས་འགོག་པར་ནུས་པ་མཉམ་སྤུངས་ཐོག་ནས་ལས་དོན་གནང་དགོས་པར་གཞེན་སྐུལ་གནང་འདུག དེ་བཞིན་ཨོན་ཊ་རོ་ས་གནས་བོད་ཀྱི་བུད་མེད་ཚོགས་པ་ནས་ཤེས་ཡོན་དང་སྣེ་ཁྲིད། དེ་བཞིན་སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་ཀྱི་བརྒྱུད་ནས་ཕོ་མོ་དབྱེ་འབྱེད་ཀྱི་གནད་དོན་འགོག་ཐབས་བྱ་རྒྱུ་ཡིན་པ་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུགཁེ་ན་ཌའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཀྱང་རང་གི་ངོ་དེབ་ཐོག་བསྒྲགས་གཏམ་སྤེལ་བའི་ནང་འདས་པོ་དེ་ཉིད་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། ད་ལྟའི་ཆར་ཉེན་རྟོག་པས་ཕྱིར་བསྒྲགས་བྱས་པ་ལས་གཞན་པའི་གནས་ཚུལ་ཞིབ་ཕྲ་རྟོགས་དཀའ་རུང་། ཉི་མ་སྒྲོལ་མ་ལགས་རྐྱེན་འདས་སུ་ཕྱིན་པ་དེས་བེུད་ལ་དྲག་སྤྱོད་དང་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཐོག་སེམས་འཚབ་ཞིག་ཡོད་སྐོར་གསུངས་འདུག སྤྱིར་སྤྱི་ཚོགས་ནང་དབྱེ་འབྱེད་ནང་ཚུད་པའི་མི་རིགས་དང་ཕྱིའི་རྒྱལ་ཁབ་ནས་གཞིས་སྤོ་བྱས་པའི་མི་རིགས་ཁྲོད་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པས་དེ་དག་ལ་རྒྱབ་སྐྱོར་དང་ལྟ་རྟོག་བྱེད་དགོས་གལ་ཡིན་པ་དང་། ཁོང་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཀྱང་གནད་དོན་དེའི་ཐོག་དོ་སྣང་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུགགཞི་རྩའི་ཊོ་རོན་ཊོ་ཉེན་རྟོག་པའི་མགྲིན་ཚབ་པ་ Alex Li ལགས་ཀྱིས་དོན་རྐྱེན་དེ་མ་བྱུང་གོང་ཁོང་གཉིས་དབར་ལབ་གླེང་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་ཀྱང་། ཕྱིས་སུ་རྟོག་ཞིབ་བརྒྱུད་ཁོང་གཉིས་དབར་འབྲེལ་བ་གང་ཡང་མེད་པའི་གནས་ཚུལ་ར་སྤྲོད་བྱུང་ཡོད་ཚུལ་འཁོད་འདུག གནས་ཚུལ་དེ་བཙན་བྱོལ་བོད་མིའི་ཁྲོད་དུ་ཁྱབ་བསྒྲགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། སྤྱི་ཚོགས་དྲྭ་རྒྱའི་ནང་བོད་མི་ཁག་གཅིག་གིས་དེ་ལྟ་བུའི་གནས་ཚུལ་དེ་ཡོང་དགོས་པའི་རྒྱབ་ལྗོངས་དང་རྒྱུ་མཚན། ལྷག་པར་བེུད་ཐོག་རྩུབ་སྤྱོད་དང་བསམ་བློའི་འཕྲོད་བསྟེན་སྐོར་ལ་ཡོངས་གྲགས་ཀྱིས་གྲོས་བསྡུར་དང་བགྲོ་གླེང་མང་ཙམ་དགོས་པའི་བསམ་ཚུལ་ཤུགས་ཆེར་འདོན་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དོ་སྣང་དགོས་པའི་དགོས་འདུན་གནང་མཁན་ཡང་འདུག ཤེས་རྟོགས་བྱུང་བར་རེས་གཟའ་པ་སངས་ཉིན་འདས་པོ་ཁོང་གི་སྐུ་ཕུང་བཞུགས་འབུལ་གནང་གི་ཡོད་པ་དང་ཨོན་ཊ་རོ་བོད་རིགས་ཚོགས་པའི་ངོས་ནས་བོད་མི་ཡོངས་ལ་དེ་འབྲེལ་ཐུགས་སྨོན་གནང་བའི་འབོད་སྐུལ་ཞུས་འདུག

Latest news