Tibetan Royal Year of 2151 | Year of the Wood Dragon

བོད།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་དགོས་པ།

ཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་དེ་སླར་ཆོས་དད་རང་དབང་གི་གནས་བབ་ཐད་སེམས་འཚབ་ཡོད་པའི་རྒྱལ་ཁབ་གྲས་སུ་མིང་འདོན་བྱས་པ་མ་ཟད། ཨ་རིའི་གཞུང་འཛིན་གསར་པས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་འགྱོགས་བསྐོ་བཞག་དགོས་པའི་ཞུ་སྐུལ་གནང་འདུགལྷན་ཚོགས་ཀྱི་དྲ་གནས་ཐོག་ལོ་འདིའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་འདས་ལོ་ནང་གཙོ་བོ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཁྲོད་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་ལ་རྟོག་ཞིབ་གནང་བ་ལས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་འཛིན་མཁན་གྱི་བོད་མི་དང་ཁ་ཆེ། ཡི་ཤུའི་ཆོས་བྱེད་མཁན་ཚོར་དམིགས་བསལ་གྱི་སྡང་ཟུག་ བྱེད་ཀྱི་ཡོད་པའི་གནད་དོན་མངོན་གསལ་དང་སྦྲགས། རྒྱ་ནག་དེ་བྷར་མ་དང་ཀོ་རི་ཡ། Eritrea སོགས་རྒྱལ་ཁབ་གཞན་བཅུ་དང་ལྷན་དུ་སླར་བློ་འཚབ་ཡོད་པའི་རྒྱལ་ཁབ་ཀྱི་གྲས་སུ་མིང་འདོན་གནང་འདུག ཁ་སང་སྙན་ཐོ་དབུ་འབྱེད་དང་འབྲེལ་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Tony Perkins ལགས་ཀྱིས་རྒྱ་གཞུང་གིས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། ཨ་རི་གཙོས་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་གླེང་སློང་གནང་རྒྱུ་མེད་པར་གནོན་ཤུགས་སྤྲོད་ཐབས་ཀྱི་བྱ་སྤྱོད་སྤེལ་ཁག་ནི་འདས་ལོ་ནང་ཆེས་བློ་འཚབ་གནང་དགོས་པའི་གནད་དོན་ཞིག་ཆགས་སྐོར་གསུངས་འདུག དེ་བཞིན་སྔ་ལོར་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བཟོར་ཤུགས་སྣོན་རྒྱག་དགོས་སྐོར་གཏམ་བཤད་སྤེལ་བ་དང་། ཚོགས་འདུ་རྗེས་སུ་བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་ཆེད་དམིགས་བསལ་ཚོགས་འདུ་བསྐོང་ཡོད་པ་དང་། དགོན་སྡེ་ཁག་གི་ཐོག་དམ་དྲག་ཆེས་ཆེར་བྱེད་བཞིན་པའི་ཁྲོད་ཡར་ཆེན་སྒར་སོགས་ཀྱི་ནང་དུ་མང་ཚོགས་མཆོད་མཇལ་ལ་ཕེབས་པར་བཀག་སྡོམ། བོད་པའི་སློབ་ཕྲུག་དང་གཞུང་གི་སྲི་ཞུ་བ་དེ་དག་གི་ནང་མི་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གནང་སྒོ་ཁག་ཏུ་མཉམ་ཞུགས་གནང་མ་བཅུག་པ། ༸གོང་ས་མཆོག་གི་བཀའ་སློབ་ཉན་རྒྱུ་དང་ཐ་ན་༸སྐུ་པར་ཉར་རྒྱུ་སོགས་ལ་དམ་དྲག་མུ་མཐུད་བྱེད་ཀྱི་ཡོད་པའི་གནད་དོན་ཁག་ལུང་འདྲེན་དང་ཆབས་ཅིག འདས་ལོ་ ༢༠༢༠ ལོར་ རྒྱ་གཞུང་གིས་བོད་ནང་ནང་པའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་དམ་དྲག་དང་བཏང་འཛིན་བྱེད་ཐབས་གྱི་བྱ་སྤྱོད་ཁག་སྤེལ་མུས་ཡིན་པར་མངོན་གསལ་གནང་འདུག སྔ་ལོར་ཨ་རིའི་ཉེན་རྟོག་པའི་ལས་ཀ་བྱེད་མཁན་ཞིག་ལ་ཡུལ་དེའི་བོད་པའི་སྤྱི་ཚོགས་ཐོག་གསང་ཉུལ་བྱེད་དུ་བཅུག་པའི་གནད་དོན་གཙོས་ཁེ་ན་ཌ་དང་སུད་ཌེན། དེ་བཞིན་སུ་ཛར་ལན་ཌི་བཅས་ཀྱི་ནང་བོད་མིའི་སྤྱི་ཚོགས་ཁྲོད་རྒྱའི་གསང་ཉུལ་བ་ཡོད་པ་ར་ཁྲོད་བྱུང་བའི་གནད་དོན་ཁག་ལུང་འདྲེན་གྱིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་གི་བྱ་འགུལ་སྤེལ་བ་དེ་དག་དང་བོད་ཙམ་མིན་པར་རྒྱལ་སྤྱིའི་རྒྱལ་ཁབ་དུ་མར་དེ་ལྟར་སྤེལ་བར་ཐེར་འདོན་གནང་སྟེ། རྒྱ་གཞུང་གིང་བོད་དང་ཤིན་ཅང་ཡུ་གུར་མང་ཚོགས་ཐོག་དྲག་གནོན་གྱི་བྱ་འགུལ་སྤེལ་བ་དེ་དག་བརྒྱུད་རྒྱལ་སྤྱིའི་ཁྲོད་དེ་ལྟར་སྤེལ་བཞིན་པའི་དམིགས་དཔེ་ངན་པའི་ཤུགས་རྐྱེན་ཇེ་ཆེར་འགྲོ་ཉེན་ཡོད་པར་ཐུགས་འཚབ་ཡོད་སྐོར་འགྲེལ་བརྗོད་གནང་འདུག དེའི་ཁྲོད་སྔ་ལོར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༣༩ ཡིས་རྒྱ་གཞུང་ལ་བོད་མི་དང་ཤིན་ཅང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་སྲུང་ཞུ་དགོས་པའི་རེ་སྐུལ་དང་། སྔ་ལོར་ཨ་རི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནས་བོད་མི་དང་མང་ཚོགས་གཞན་རྣམས་ཀྱི་ཐོག་དྲག་གནོན་གྱི་གནད་དོན་སྤེལ་ཁག་ལ་གདོང་ལེན་གནང་བའི་བཟང་ཕྱོགས་ཀྱི་གནད་དོན་ཁག་ཅིག་ལུང་འདྲེན་དང་འབྲེལ་ཏེ་ཨ་རི་གཞུང་གི་ངོས་ནས་བོད་དོན་ཁྲིམས་འཆར་གྱི་འགྲུ་དོན་བཞིན་ནུས་པ་ལྡན་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་བཞག་གནང་དགོས་པའི་སྐུལ་མ་གནང་འདུག དེའི་བར་ན་ཉེ་ཆར་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་སྙན་ཐོ་འདོན་སྤེལ་གནང་བར་དངོས་ཡོད་གནས་ཚུལ་བཀག་སྡོམ་ཐད་སྔོན་ཁབ་ལྟ་བུའི་ནུས་པ་ཡོད་མཁན་གྱི་གསར་འགོད་ལས་རིགས་ལ་རྒྱལ་སྤྱི་ཁྱོན་ཡོངས་སུ་དམ་དྲག་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པ་དང་། མཐུན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་གི་གནས་སྟངས་རྒྱུས་ལོན་གནང་བར་རྒྱལ་ཁབ་ ༡༣༠ ཙམ་གྱི་ནང་དུ་གསར་འགོད་རང་དབང་ལ་དམ་དྲག་བྱེད་བཞིན་པའི་ངལ་བ་འཕྲད་བཞིན་ཡོད་པ་ལྟར་དེའི་ཁོངས་ནས་རྒྱ་ནག་དེ་རྒྱལ་ཁབ་ ༡༨༠ ཁོངས་ནས་གསར་འགོད་དབང་ལ་དམ་དྲག་ཆེས་ཆེར་བྱེད་མཁན་གྱི་རྒྱལ་ཁབ་ ༡༧༧ པར་མིང་འདོན་གནང་བ་དང་དེའི་རྗེས་སུ་ཨེ་ཤ་ཡའི་རྒྱལ་ཁབ་ Turkmenistan དང་བྱང་ Korea གཉིས་དང་། གནས་སྟངས་ཆེས་སྡུག་ཤོས་ Africa རྒྱལ་ཁབ་ Eritrea བཅས་མིང་མངོན་གསལ་གནང་འདུག  

སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་ལ་འབྲེལ་བ་གནང་བའི་ཉེས་མིང་འོག་མགོ་ལོག་ནས་བོད་མི་གཉིས་འཛིན་བཟུང་།  

རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ནས་ཡིན་པའི་བསམ་གཏན་བཟང་པོ་ལགས་དང་ཚུལ་ཁྲིམས་ལགས་གཉིས་སླར་ཡང་འཛིན་བཟུང་བྱས་ཏེ་ད་ལྟའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་མེད་པར་གྱུར་འདུགརྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གཉིས་ནི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ཆེན་རྫོང་གི་དབྱུག་ཞོང་སྡེ་པའི་ཁུལ་དུ་ཉེ་ཆར་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ཉིན་སྤྲོད་ཁྱབ་ཆེ་བའི་སྐད་འཕྲིན་བརྒྱུད་ནས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པར་བརྟེན་རྒྱ་གཞུང་གིས་ཁྲིམས་འགལ་ཡིན་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་རྗེས་རྨ་ཆེན་རྫོང་གི་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། ཁོང་གཉིས་ལ་སྤུན་ཉེ་འབྲེལ་སོགས་སུ་གཅིག་དང་ཐུག་འཕྲད་བྱེད་མ་བཅུག་པར་ད་ལྟའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་མེད་པར་གྱུར་འདུག བོད་མི་གཉིས་པོ་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་དེའི་ཁོངས་ནས་ཚུལ་ཁྲིམས་ལགས་ནི་བསམ་གཏན་བཟང་པོའི་ཁྱིམ་ཚང་དུ་མག་པར་སླེབས་པ་ཞིག་རེད་འདུགརྒྱ་གཞུང་གིས་མཚོ་སྔོན་ཁུལ་གྱི་མགོ་ལོག་ནང་ལ་ཕྱིའི་སྤུན་མཆེད་ཚོར་འབྲེལ་བ་གནང་ཕྱོགས་ཐད་ལ་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་དང་། ཁུལ་དེའི་སྡེ་པ་སོ་སོར་སོ་ཉུལ་བ་མང་དག་ཅིག་ཆེད་འགྲེམས་ཀྱིས་སྐད་འཕྲིན་ལ་སྔོག་གཤེར་དང་དཔར་རིས་ཅི་རིགས་འགྲེམས་སྤེལ་བྱེད་ཡོད་མེད་ཀྱི་གནས་ཚུལ་དེ་རྒྱ་གཞུང་ལ་རག་ཐབས་སུ་སོ་ཉུལ་བར་དངུལ་དང་བྱ་དགའ་ལས་གནས་སྤར་རྒྱུ་སོགས་རོགས་རམ་བྱེད་ཀྱི་ཡོད་པ་རེད་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཟེར་བར་ཁ་གཡར་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་དྲྭ་རྒྱ་དང་སྐད་འཕྲིན་བཅས་ལ་སྔར་ལྷག་དམ་དྲག་ཆེས་ཆེར་བྱས་པ་མ་ཟད། བོད་མི་མང་པོས་སྐད་འཕྲིན་ཚོགས་པ་དང་བཀའ་མོལ་གནང་ཁག་ལ་ཁྲིམས་འགལ་ཡིན་པ་དང་ནག་ཉེས་ལ་བརྩིས་ནས་ས་གནས་ཀྱི་བོད་མི་མང་དག་ཅིག་འཛིན་བཟུང་བྱེད་བཞིན་ཡོད་པའི་གནས་ཚུལ་སྔ་རྗེས་ཐོན་ཡོད་པ་རེད།

དམར་ཤོག་སྲིད་གཞུང་གིས་ཁྲིམས་ལྟར་བོད་སྐྱོང་གི་ལས་དོན་ཚོགས་འདུ་ཟེར་བ་ཚོགས་འདུག

ཟླ་འདིའི་ཚེས་ ༡༩ ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིན་ཅེ་དང་། བོད་རང་སྐྱོང་ལྗོངས་ཀྱི་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་གཙོ་བློ་བཟང་རྒྱལ་མཚན་ཟེར་བ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཆེ་དགྲ་ལྷ་སོགས་ཀྱི་གཙོ་སྐྱོང་གི་འོག་ཏུ། ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ཞེས་པ་ཞིག་ལྷ་སར་ཚོགས་འདུགརྒྱ་ནག་གཞུང་འབྲེལ་གྱི་ཀྲུང་གོ་བོད་ལྗོངས་དྲ་བ་ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཉིན་ཚོགས་པའི་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིན་ཅེ་ཡིས་གཏམ་བཤད་བྱས་པའི་ནང་དུ། གཙོ་བོ་རྒྱ་ནག་གི་ཞི་ཅིན་ཕིང་གི་དགོངས་པར་གཙོ་བོར་སློབ་སྦྱོང་དང་ལག་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་དྲིལ་བསྒྲགས་ཀྱིས། བོད་ལྗོངས་སུ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་དུས་རབས་གསར་པར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྣེ་ཁྲིད་བྱེད་པའི་བསམ་བློའི་དར་ཆའི་འོག ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་བར་བརྗོད་འདུག འདི་གའི་གསར་འགོད་པས་ཐེངས་འདིར་ལྷ་སར་ཚོགས་པའི་བོད་སྐྱོང་གི་ཚོགས་འདུ་ཞེས་པ་དང་འབྲེལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་ཚོགས་འདུ་དེའི་གལ་གནད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་རབས་གཅིག་གི་དུས་དྲན་དང་བསྟུན་ནས། ཟླ་བ་སྔོན་མའི་ཟླ་མཇུག་ཏུ་རྒྱ་ནག་དམར་ཤོག་སྲིད་གྲོས་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་གཞུང་གི་ལྟ་གྲུབ་ཁག་ཆབ་སྤེལ་བྱེད་རྒྱུ་གལ་ཆེན་ཡིན་པར་ནན་སྐུལ་བྱས་ཡོད་པ་ལྟར། ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་འདིའི་ཐོག་ཏུ་ཡང་གཙོ་བོ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ཁུལ་དབང་བསྒྱུར་བྱེད་བཞིན་པ་དེ་ཁྲིམས་མཐུན་ཡིན་པར་དྲིལ་བསྒྲགས་བྱེད་བཞིན་པའི་ལས་འགུལ་ལྟ་བུ་ཞིག་ཆགས་ཡོད་པ་དེ་གསལ་སྟོན་བྱས་ཡོད་པ་ཞིག་རེད་ཅེས་ངོ་སྤྲོད་གནང་ཡོད། གཞན་ཡང་ཝུ་ཡིན་ཅེ་ཡིས་བོད་སྐྱོང་གི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་པར་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་འཆར་འགོད་ཀྱིས་སྤྱི་ཚོགས་བརྟན་ལྷིང་དང་། ཆོས་ལུགས་དོ་དམ། མི་རིགས་མཐུན་སྒྲིལ་སོགས་བྱེད་རྒྱུ་གལ་ཆེན་པོ་ཡིནར་པར་བརྗོད་ཡོད་པ་དང་འབྲེལ་ནས་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གི་ནང་དུ་ཁྲིམས་ལུགས་མེད་པའི་དཀའ་ངལ་ཅི་ཡང་མེད་མོད། དཀའ་ངལ་གཙོ་བོ་དེ་ཁྲིམས་ལུགས་དེ་དག་དངོས་ཡོད་འཚོ་བའི་ཁྲོད་དུ་ལག་བསྟར་བྱེད་ཀྱི་མེད་པ་དེ་དཀའ་ངལ་ཆེ་ཤོས་ཤིག་ཡིན་པར་ངོ་སྤྲོད་ཀྱིས། ཐེངས་འདིའི་ཚོགས་འདུའི་ཁྲོད་དུ་ཡང་ཁྲིམས་འཛུགས་མང་པོ་ཞིག་བརྗོད་ཡོད་པ་ལྟར། རྒྱ་ནག་གིས་ལོ་ལྟར་བོད་ཁུལ་དུ་ཆོས་ལུགས་དང་དཔལ་འབྱོར། སྐད་ཡིག་དང་ཁོར་ཡུག་སོགས་ཀྱི་ཁྲིམས་ཀྱི་སྲོལ་ཡིག་མང་པོ་ཞིག་གཏན་འབེབས་བྱེད་ཀྱི་ཡོད་པ་ལྟར། ཚོགས་ཆེན་རིམ་པའི་ཐོག་ཏུ་ཁྲིམས་དང་མཐུན་པའི་བོད་སྐྱོང་ཟེར་བ་དེ་ནི་གཅིག་ནས་བོད་ནང་ཁུལ་གྱི་བོད་མི་རྣམས་ལ་དབང་བསྒྱུར་གྱི་མགོ་སྐོར་གཏོང་བ་ཞིག་དང་། གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་རྒྱལ་ཁབ་དེ་ཁྲིམས་ཀྱི་དབང་བསྒྱུར་གྱི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་སྟོན་རྒྱུར་དྲིལ་བསྒྲགས་ཀྱི་ལག་ཆ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་རྒྱ་ནག་གིས་ཐེངས་འདིའི་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ཞེས་པའི་ཁྲོད་དུ། ཝུ་ཡིན་ཅེ་ཡིས་དོན་ཚན་བདུན་ལྷག་གི་ཐོག་ཏུ་གཏམ་བཤད་བྱས་ཡོད་པའི་ཁྲོད། གཙོ་བོ་ཕྱིའི་རྣམ་པའི་ཐོག་ནས་བོད་དེ་ཁྲིམས་ལྟར་འཛིན་སྐྱོང་དང་འཕེལ་རྒྱས་གཏོང་དགོས་བར་ནན་བརྗོད་བྱས་ཡོད་པ་ལྟ་བུ་ཞིག་ཏུ་སྣང་ནའང་། དོན་དངོས་སུ་བོད་ཁུལ་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ལྟ་གྲུབ་ཁྱབ་སྤེལ་དང་དྲིལ་བསྒྲགས་བྱེད་གལ་ཡིན་པ་བསྐྱར་བཟློས་བྱས་པ་ལྟ་བུ་ཞིག་རེད་འདུག

རྒྱ་ནག་གིས་བོད་ཀྱི་རི་གྲོང་གི་དགོན་སྡེ་ཁག་ལ་ཆབ་སྲིད་དྲིལ་བསྒྲགས་བྱེད་མུས།

ཉེ་ཆར་བོད་ཀྱི་མཁན་པ་ལུང་དགོན་པར་རྒྱ་ནག་གི་ལས་བྱེད་ཀྱིས་དངོས་སུ་དྲིལ་བསྒྲགས་ཀྱི་རིགས་ལ་སློབ་ཁྲིད་བྱས་ཡོད་འདུག

ཁམས་སྐྱེ་རྒུ་མདོའི་རྫ་སྟོད་ཁུལ་དུ་བོད་མི་བཞི་འཛིན་བཟུང་།

ཟླ་བ་སྔོན་མའི་ཚེས་ ༡༡ ཉིན་བོད་ཁམས་རྫ་སྟོད་ཁུལ་གྱི་བོད་མི་ཁག་ཅིག་རི་མགོར་བསང་གསོལ་གཏོང་དུ་ཕྱིན་པར་ཁ་གཡར་ནས། རྒྱ་ནག་གིས་བོད་མི་དེ་དག་འཛིན་བཟུང་གིས་འདྲི་གཅོད་བྱས་ཡོད་པ་དང་། ཉེ་ཆར་བོད་མི་གསུམ་གློད་གྲོལ་བཏང་ཡོད་ཀྱང་། བོད་མི་ཐུབ་བསྟན་ཕུན་ཚོགས་ཞེས་པ་ཞིགད་དུང་མི་མཐུད་དུ་བཀག་སྐྱིལ་བྱེད་མུས་རེད་འདུགདེ་ཡང་ཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བའི་ནང་དུ། ཁམས་སྐྱེ་རྒུ་མདོ་རྫ་སྟོད་ཁུལ་གྱི་བོད་མི་དེ་རྣམས་ཟླ་བ་སྔོན་མའི་ནང་རི་མགོར་བསང་གསོལ་གཏོང་དུ་ཕྱིན་ནས་ཕྱིར་སླེབས་པའི་ཉིན་གསུམ་གྱི་རྗེས་ཏེ། ཟླ་བ་ ༣ པའི་ཚེས་ ༡༤ ཉིན་རྒྱ་ནག་གི་དམག་མིས་འཛིན་བཟུང་གིས་འདྲི་གཅོད་བྱས་ཡོད་པའི་གནད་དོན་འཁོད་འདུག གསར་གནས་སུ་འཁོད་པ་ལྟར་ན། རྒྱ་ནག་གིས་བོད་མི་དེ་རྣམས་འཛིན་བཟུང་བཀག་སྐྱིལ་བྱས་པ་བརྒྱུད་ནས། བོད་མི་དེ་རྣམས་ཀྱི་ཐོབ་ཐང་ལག་འཁྱེར་དང་ཁ་པར་སོགས་གཞུང་བཞེས་ཀྱིས་སྐད་འཕྲིན་དེབ་སྐྱེལ་བྱས་ཡོད་མེད་ལ་རྟོག་ཞིབ་བྱས་ཏེ། འཇུ་བཟུང་བྱས་པའི་བོད་མི་རྣམས་ཀྱི་ཕ་མ་དང་གཉེན་ཉེ་སོགས་ལ་གནད་དོན་དེའི་རིགས་ཡང་བསྐྱར་བྱུང་ན་འགན་ཆ་ཚང་ཁོང་ཚོས་འཁུར་དགོས་བའི་ཉེན་བརྡ་བཏང་འདུག དེར་འབྲེལ་གྱི་གནད་དོན་ལས།  ད་ཆ་རྒྱ་ནག་གིས་བོད་ཁུལ་གང་སར་གསང་བའི་མྱུལ་ཞིབ་རིམ་པ་བྱེད་བཞིན་པའི་ཁྲོད་དུ། རྒྱ་ནག་སྲིད་གཞུང་གིས་བོད་མི་ནང་ཁུལ་དུ་གསང་བའི་ལྟ་རྟོག་གི་ལས་ཀ་བྱེད་མཁན་ལ་མ་དངུལ་ཕོན་ཆེན་སྤྲད་ནས་གནས་ཚུལ་མཁོ་བསྡུ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། དེ་ལྟའི་གསང་བའི་ལས་དོན་དེ་ནི་རྒྱལ་ཞེན་གྱི་ལས་ཀ་ཞིག་ཡིན་པར་སྐུལ་སློང་བྱེད་ཀྱི་ཡོད་པ་ཡང་མངོན་གསལ་གནང་འདུག གཞི་རྩའི་བསང་གསོལ་གཏོང་བ་ནི་བོད་མིའི་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པ་ལས་རྒྱལ་ཁབ་ཀྱི་སྲིད་བྱུས་དང་འབྲེལ་བ་གང་ཡང་མེད་ནའང་། གསུམ་བཅུའི་དུས་དྲན་གྱི་སྔ་རྗེས་སུ་ལོ་རྟག་པར་རྒྱ་ནག་གིས་བོད་ཁུལ་དུ་མི་མང་འདུ་འཛོམས་སོགས་ལ་ཕྱོགས་ཡོངས་ནས་སྡང་འཛིན་དམ་པོ་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཀྱང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ཅན་དུ་བསྒྱུར་དགོས་བའི་བཙན་བཀའ་གཏོང་བཞིན་པའི་ཁྲོད། བོད་ཁུལ་གྱི་དགོན་པ་ཁག་ཏུ་རྒྱ་ནག་གིས་ཆེད་བསྐོས་བྱས་པའི་ལས་བྱེད་ཀྱིས་ཁྲིམས་ལུགས་དང་དམར་ཤོག་གི་སྲིད་བྱུས་སོགས་ཀྱི་ཟབ་ཁྲིད་བྱེད་མུས་ཡིན་པ་རེད།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་འོས་མིར་ཉན་ཞིབ།

ཨི་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྣེ་ཁྲིད་པའི་ཨ་རི་སྲིད་གཞུང་གི་གལ་ཆེའི་ལས་གནས་ཁག་ཏུ་མི་སྣ་བསྐོ་གཞག་གི་ལས་རིམ་འགྲོ་བཞིན་ཡོད་པ་ལྟར་སྲིད་འཛིན་མཆོག་མཆོག་ནས་དེ་སྔ་ Obama སྲིད་གཞུང་སྐབས་ཨ་རིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ལས་རྩོལ་བཅས་ཀྱི་དྲུང་ཆེའི་ལས་རོགས་གནང་མྱོང་ཡོད་པ་ལྕམ་ Uzra Zeya ལགས་ལས་གནས་དེའི་དྲུང་ཆེའི་གནས་རིམ་དུ་བསྐོ་གཞག་གནང་རྒྱུའི་འོས་མིར་མིང་འདོན་གནང་ཡོད་པ་དང་། དེ་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་མཁན་ཆགས་ཀྱི་ཡོད་པ་རེད།ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་མདུན་དུ་སྲིད་འཛིན་ Biden མཆོག་གིས་མིང་འདོན་གནང་བ་ལྕམ་ Uzra Zeya ལགས་བསྐོ་གཞག་དང་འབྲེལ་བའི་ཉན་ཞིབ་ཀྱི་ལས་རིམ་ཞིག་གནང་ཡོད་པ་ལྟར་ལྕམ་ Uzra Zeya ལགས་ཀྱིས་སྔོན་འགྲོའི་གསུང་བཤད་ཁྲོད་ད་ཆ་འཛམ་གླིང་ཐོག་དབང་ཆ་གཅིག་བསྡུས་རིང་ལུགས་དང་འཚེ་བ། དྲག་སྤྱོད། དེ་བཞིན་འཐེན་ཁྱེར་སོགས་བརྒྱུད་མང་གཙོའི་གནས་བབ་ལ་དོ་ཕོག་ཆེན་པོ་ཐེབས་སྐབས་འདིར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཡོད་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ལས་རྩོལ་བཅས་ཀྱི་ལས་གནས་དེ་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་ཤིན་ཅང་ནང་དུ་མི་སེར་སྡེབ་གསོད་དང་། ཧོང་ཀོང་རང་སྐྱོང་གི་གནས་བབ་ལ་དོ་ཕོག་བཏང་བ། དེ་བཞིན་བོད་མི་གཙོས་རྒྱ་ནག་གི་ས་གནས་ཁག་ཏུ་ཡོད་པའི་ནང་པ་དང་ཡི་ཤུའི་ཆོས་དད་པ་སོགས་གྲངས་ཉུང་མི་རིགས་ཚོར་དམ་དྲག་བྱེད་བཞིན་མངོན་གསལ་གནང་འདུག ལྕམ་ Uzra Zeya ལགས་ནས་ད་དུང་གལ་སྲིད་ཨ་རིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ལས་རྩོལ་བཅས་ཀྱི་དྲུང་ཆེར་བསྐོ་གཞག་གནང་བ་ཡིན་ན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་རྣམས་གཞི་རྩར་བཞག་ནས་རྒྱ་ནག་གི་བྱེད་ཕྱོགས་ཁག་ལ་གདོང་ལེན་ནན་པོ་གནང་རྒྱུ་དང་། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཟུང་འབྲེལ་ཐོག་མང་གཙོའི་གནས་བབ་ལ་དོ་ཕོགས་གཏང་མཁན་རྒྱ་ནག་གཙོས་ཨུ་རུ་སུའི་བྱེད་ཕྱོགས་ལ་ཁ་གཏད་ནན་པོ་གཅོག་རྒྱུ། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཁག་སྔར་ལྷག་ནུས་པ་ལྡན་པ་བཟོ་རྒྱུ་བཅས་དོན་ཚན་གཙོ་བོ་གསུམ་གྱི་ཐོག་ཤུགས་སྣོན་རྒྱག་ངེས་ཡིན་པར་གསུངས་འདུག གཞི་རྩའི་ལྕམ་ Uzra Zeya ལགས་དེ་སྔ་ Obama སྲིད་གཞུང་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ལས་གནས་དང་དེ་བཞིན་ཨ་རིའི་སྐུ་ཚབ་ཐོག་ནས་ Arab དང་ Egypt རྒྱ་ནག་སོགས་སུ་ཞི་བདེ་དང་ཆོས་དད་རང་དབང་སོགས་ཀྱི་ཐད་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། དེ་སྔ་ ༢༠༡༣ ལོར་ཁོང་རྒྱ་ནག་ནང་ཕེབས་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་དང་། རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་དང་གྲོས་མོལ་ཞུ་དགོས་པ་སོགས་གསུངས་ཡོད་པ་དང་། གལ་ཏེ་ད་རེས་ཁོང་ཨ་རིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ལས་རྩོལ་བཅས་ཀྱི་དྲུང་ཆེའི་ལས་གནས་སུ་བསྐོ་གཞག་བྱུང་ཚེ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་མཁན་དེ་ཆགས་ཀྱི་ཡོད་པ་རེད།

བྲག་དཀར་རྫོང་ཁོངས་ནས་བརྙས་བཅོས་ཐེབས་པའི་བུ་མོ་དེར་བོད་མིས་རོགས་སྐྱོར།

ཉེ་ཆར་ཟླ་བ་འདིའི་ཟླ་མགོར། མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་ཁོངས་ཀྱི་ལས་རིགས་ལག་རྩལ་སློབ་གྲྭའི་བུ་མོ་ཀླུ་མོ་མཚོ་ཞེས་པ་ཞིག་ལ།  བུད་མེད་གཞན་ཞིག་གིས་ཉལ་ཁང་དུ་ཉེས་རྡུང་ཚད་མེད་བཏང་སྟེ་ངན་སྨྲས་དང་དམའ་འབེབས་ཀྱི་ཚིག་མཚོན་བཏབ་པའི་བརྙན་ཞིག་སྤྱི་ཚོགས་དྲ་ལམ་དུ་ཐོན་མ་ཐག    བོད་ཕྱི་ནང་གཉིས་སུ་གནད་དོན་དེ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ནས། ཕྱོགས་མང་པོ་ནས་བོད་ཁུལ་གྱི་སློབ་གསོའི་ཁ་ཕྱོགས་དང་སློབ་མའི་ཀུན་སྤྱོད་སོགས་ཀྱི་ཐད་ནས་གླེང་སློང་མང་པོ་བྱས་བ་བརྒྱུད་ནས། བོད་ཁུལ་གྱི་རྩོམ་པ་པོ་དང་སློབ་གསོ་བ། དེ་བཞིན་གཞས་བ་སོགས་ཀྱིས་ཁོང་མོར་དངུལ་དངོས་ཀྱིས་རོགས་འདེགས་ཀྱིས་གདུང་སེམས་མཉམ་སྐྱེད་བྱེད་འགོ་ཚུགས་སོང་།བོད་རིགས་མང་ཚོགས་ཀྱིས་ཁོང་མོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པའི་ཁྲོད་དུ།  བོད་མདོ་སྨད་ཁུལ་གྱི་གཞས་བ་གྲགས་ཅན་ཁྱུང་རྡོ་ལགས་ཀྱིས་བོད་རིགས་བུ་མོ་ཆུང་ཆུང་དེར་གདུང་སེམས་མཉམ་སྐྱེད་ཀྱིས་རྔན་པ་དང་སྒོར་མོ་བསྣམས་ནས་ཁོང་མོར་ལྟ་རུ་ཕེབས་ཡོད་པའི་བརྙན་མང་པོ་ཞིག་དྲ་ལམ་གང་སར་ཁྱབ་སྤེལ་བྱེད་བཞིན་ཡོད་པའི་ནང་དུ། ཁོང་གིས་བུ་མོ་དེར་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པའི་སེམས་གསོ་གནང་བ་བརྒྱུད་ནས། ཁོ་མོས་བློ་ཕམ་མི་བྱེད་པར་སློབ་སྦྱོང་ལ་ཧུར་བརྩོན་བྱས་པ་ཡིན་ན་བོད་མི་རྣམས་ཀྱིས་ཁོང་མོར་མུ་མཐུད་དུ་རོགས་རམ་བྱེད་རྒྱུ་ཡིན་པར་བརྗོད་བཞིན་ཡོད་པ་བརྙན་ལམ་ན་མཐོང་རྒྱུ་འདུག དེ་བཞིན་བོད་ཁུལ་གྱི་གཞས་བ་ནམ་མཁའི་གླུ་གཞས་ཀྱི་རྒྱབ་ལྗོངས་སུ་སློབ་མ་ཀླུ་མོ་མཚོ་ཡི་པར་བཞག་སྟེ། བཙན་པོ་རིག་ན་ངོ་དགའ་མ་བྱེད། ཉམ་ཆུང་མི་ལ་བརྙན་བཅོས་མ་བྱེད། བཙན་གཉོམ་དབུལ་ཕྱུག་ཁྱད་པར་ཙམ་ལས།། མགོ་ནག་མི་ཡི་ལུས་རྟེན་གཅིག་རེད་ཅེས་གདུང་སེམས་མཉམ་སྐྱེད་བྱེད་མཁན་མང་པོ་བྱུང་དང་འབྱུང་བཞིན་འདུགགཞི་རྩའི་ཉེ་སྔོན་སྤྱི་ཚོག་དྲ་ལམ་དུ་ཐོན་པའི་བརྙན་དེའི་ནང་དུ། སློབ་མ་སྐོར་ཞིག་གིས་ཁྲེལ་དགོད་བྱེད་བཞིན་ཁོང་མོར་གཅར་རྡུང་དང་ངན་སྨོད་ཚད་མེད་པ་བྱས་ཡོད་པ་མ་ཟད། གལ་ཏེ་ཁོང་གིས་གནད་དོན་དེ་སློབ་གྲྭར་ཡར་ཞུ་བྱས་ན་ཁོང་མོ་གསོད་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་ཀྱང་བྱས་ཡོད་སྟབས། མང་ཚོགས་ཀྱིས་གནད་དོན་དེ་དང་འབྲེལ་ནས་བོད་ཁུལ་གྱི་བོད་རིགས་སློབ་མ་སྤྱི་དང་། སྒོས་སུ་བུད་མེད་སློབ་མ་རྣམས་ཀྱི་བྱ་སྤྱོད་དེར་སྡང་སྡུག་དྲག་པོའི་བསམ་ཚུལ་ཤུགས་ཆེན་བརྗོད་ཡོད་པ་རེད། ཕ་ཡུལ་བྲག་དཀར་རྫོང་ནས་ཡིན་ཞིང་། ད་ཆ་བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་ཅིག་གིས་ཕ་ཡུལ་གྱི་གནད་དོན་དང་འབྲེལ་ནས་བོད་གི་སློབ་གསོའི་ཤན་ཤུགས་གླེང་སློང་བྱས་པའི་རྩོམ་ཡིག་ཅིག་གི་ནང་དུ། གཞི་རྩའི་བྲག་དཀར་རྫོང་ཁོངས་ལྟ་བུར་ཆ་མཚོན་ན། སྔོན་ཆད་དགོན་པ་དང་དགེ་རྒན་སོགས་ཀྱི་བཀའ་དྲིན་ལས། སྤྱི་ཡོངས་ཀྱི་སློབ་གསོའི་སྤུས་བཟང་ནའང་། རྒྱ་ནག་གོས་བོད་ཁུལ་དུ། ང་བརྒྱད་དང་རིག་གནས་གསར་བརྗེ་ཆེན་མོ། རྙིང་གཞི་རྩ་གཏོར། རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་བསམ་པའི་སློབ་གསོ། དེ་བཞིན་ནག་སེལ་ངན་འཇོགས་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ནས་ས་གནས་མི་རིགས་ཀྱི་ཕྱི་ནང་གི་ཀུན་སྤྱོད་ལ་ཚད་ས་བརྒལ་བའི་འགྱུར་བ་ཐེབས་ཡོད་པར་འགྲེལ་བརྗོད་ཀྱིས། ཐེངས་འདིའི་གཅར་རྡུང་གི་གནད་དོན་དེ་ཡང་རྒྱ་ན་གི་དམིགས་ཡུལ་ངན་པ་དེར་བརྟེན་ནས་བྱུང་ཡོད་ཅེས་རྒྱ་ནག་གིས་བོད་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག གཞི་རྩའི་བུད་མོ་ཀླུ་མོ་མཚོར་གཅར་རྡུང་བྱེད་མཁན་གྱི་བུད་མེད་གཉིས་ལ་ད་ལྟའི་ཆར་ས་གནས་ཀྱི་ཉེན་རྟོག་པས་འདྲི་གཅོད་བྱེད་བཞིན་ཡོད་པ་རེད་འདུག

བོད་ཁུལ་གསེར་རྟ་རྫོང་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་བསྐྱར་དུ་འཛིན་བཟུང་།         

ཟླ་བ་སྔོན་མའི་ཟླ་མཇུག་ཙམ་ལ། རྒྱ་ནག་གིས་བོད་གསེར་རྟ་རྫོང་ཁོངས་ཀྱི་བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་ཆབ་སྲིད་བཙོན་ཟུར་རུས་པའམ་སྲས་རྣམ་དང་། བོད་ཀྱི་ཆབ་སྲིད་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུཾ།  དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་སོགས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུགདེ་རིང་འདི་གར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར། འདི་ལོའི་ཕྱི་ཟླ་༣ཚེས་༢༣ཉིན་གྱི་ཕྱི་དྲོའི་དུས་ཚོད་༥་དང་ཕྱེད་ཀ་ཙམ་ལ། རྩོམ་པ་པོ་གངས་མེ་སྟག་གམ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་རང་ཁྱིམ་ནས་བསྐྱར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པས་དང་། ད་བར་ཉིན་གྲངས་༢༠་འགྲོ་བཞིན་ཡོད་ཀྱང་། ཁོང་བཙོན་ཁང་གང་ན་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་ལྷག་འདུག ཕྱི་ལོ ༢༠༡༢ ལོ་ཟླ ༢ པའི་ཚེས༡༥ མཚན་མོར་གསེར་རྟ་རྫོང་ཉེན་རྟོག་པས་ཁོང་ཐེངས་དང་པོར་འཛིན་བཟུང་བྱས་ཏེ། ཕྱི་ལོ་༢༠༡༦ལོའི་ཟླ༩ ཚེས ༡༦ཉིན་གྱི་ཉིན་གུང་ཙམ་ལ་བཙོན་ལས་གྲོལ་ཡོད་པ་དང་།  ཁོང་ཐེངས་དང་པོར་བཙོན་འཇུག་བྱེད་དོན་ནི། མི་རིགས་ཀྱི་ལས་དབང་དང་གནས་བབ་མཚོན་པའི་སྒེར་དེབ་ལས་དབང་གི་རྒྱང་འབོད། དུས་ཀྱི་ན་ཟུག དེ་རིང་གི་མིག་ཆུ། ལོ་ཟླའི་ཁ་དོག ཁ་བཏགས་དཀར་པོའི་ཚགས་དེབ། ད་དུང་༢༠༠༨ལོའི་ས་བྱི་ཁྲག་བྲིས་དམར་པོ་སོགས་དཔེ་དེབ་དང་ཚགས་དེབ་མང་པོ་བཏོན་པ་དང་། བོད་ན་གཞོན་དམར་ཤོག་རྒོལ་ལན་ཚོགས་པ་བཙུགས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་སོགས་ལ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་ལོ་ལྔ་ཙམ་བཙོན་དུ་བཅུགདེ་བཞིན་ཕྱི་ལོ་ ཕྱི་ལོ་༢༠༢༡ལོའི་ཟླ་བ་༣ཚེས་༢༢ཉིན།  གསེར་རྟ་རྫོང་ཉེན་རྟོག་པས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུཾ་ལགས་ཁོང་གི་ཕ་ཡུལ་དཀར་མཛེས་བོད་རིགས་རང་སྐྱོང་གསེར་རྟ་རྫོང་ནས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་ཀྱི་ད་ལྟའི་ཆར་ཁོང་གི་གནས་སྟངས་ཤེས་རྟོགས་མེད་པར་བསྒྱུར་ཡོད་འདུག གངས་བུ་གཡུ་བྷྲུཾ་ལགས་ནི་དཀར་མཛེས་བོད་རིགས་རང་སྐྱོང་གསེར་རྟ་རྫོང་གོས་རྩ་སྡེ་བ་ནས་ཡིན། ཁོང་སྤྱི་ལོ་༢༠༠༨ ལོའི་བོད་ཁམས་ཡོངས་ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་རྫོང་དུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་བོད་དོན་སྐད་འབོད་བྱས་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་གིས་མི་ལོ་གསུམ་ལ་བཙོན་འཇུག་བྱས་ནས་༢༠༡༡ ལོའི་ཟླ་ ༢ ཚེས་༡༩ ཉིན་བཙོན་གྲོལ་བྱུང་ཡོད་ཀྱང་རྗེས་སུ་གངས་བུ་གཡུ་བྷྲུཾ་ལགས་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་༼དམར་རྒོལ་གདོང་ལེན་ཚོགས་པ༽ཞེས་པའི་ཚོགས་པ་ཞིག་གསར་འཛུཊ་བྱས་ཏེ། བོད་ཀྱི་ས་གནས་གང་མང་དུ་བྱ་འགུལ་རབས་དང་རིམ་པ་སྤེལ་སྟབས། ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་བྱས་ཏེ་མི་ལོ་གཉིས་ལ་བཙོན་འཇུག་བྱས་པ་ནའང་། ད་ལོ་བསྐྱར་དུ་ཐེངས་གསུམ་པར་འཛིན་བཟུང་བྱས་འདུགའདི་ལོའི་ཟླ་བ་ ༣ པའི་ཚེས་ ༢༣  ཉིན་གྱི་ཕྱི་དྲོ་ཞིག་ལ།  གསེར་རྟ་རྫོང་གི་ཉེན་རྟོག་པས་ཕ་ཡུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བོད་རུས་པའམ་སྲས་རྣམ་ལགས་གློ་བུར་དུ་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ངོ་སྤྲོད་དང་སྦྲགས་ནས། ཁོང་ནི་མི་རིགས་སློབ་གསོའི་ཕྱོགས་ལ་བྱ་བ་གང་མང་སྒྲུབ་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་ཀྱང་གནང་མཁན་ཞིག་ཀྱང་ཡིན་པར་ངོ་སྤྲོད་གནང་ཡོད། གཞི་རྩའི་རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་གྱི་ཕ་མིང་ལ་དུང་དཀར་དང་། མའི་མིང་ལ་ལེའུ་མཚོ་ཟེར་ཞིང་།  ཕྱི་ལོ་༢༠༢༠ལོའི་ཟླ་བ་༩ བའི་ནང་ཉིན་༡༥ཙམ་མ་གསེར་རྟ་རྫོང་ཉེན་རྟོག་ཁང་ནས་མི་བཅུ་གྲངས་ཤིག་དང་ལྷན་དུ་ཁོང་ཡང་འཛིན་བཟུང་བྱས་པ་དང་། སྐབས་དེར་འཛིན་བཟུང་བྱེད་དགོས་དོན་ནི་གངས་ཅན་ཕ་མའི་བདེ་ཐང་གླེང་བ་ཟེར་བའི་ཚོགས་འདུ་ཞིག་ཚོགས་ཙམ་མ་གཏོགས། ཁྲིམས་འགལ་གྱི་ལས་ཀ་སྣ་གཅིག་བསྟན་མེད་པ་རེད་འདུག དེ་བཞིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོ་རྐང་ཚ་སྡེ་བ་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར།  གངས་ཚེ་རིང་སྒྲོལ་མ་ལགས་ཀྱང་འདི་ལོའི་ཟླ་བ་༤ བའི་ཟླ་མགོ་ཙམ་ལ་ཁོང་གི་ཕ་ཡུལ་ནས་ཡང་བསྐྱར་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག གངས་ཚེ་རིང་སྒྲོལ་མ་ལགས་ནི་ཕྱི་ལོ་༢༠༠༨ལོ་གསེར་རྟ་ནས་ཞི་རྒོལ་སྐབས་ཕ་བསོ་ལོ་དང་མཉམ་དུ་འཛིན་ཟུང་ཐེངས་དང་པོ་བྱས་པ་རེད། དེའི་རྗེས་ནས་འཛིན་ཟུང་ཐེངས་ཁ་ཤས་བྱས་ཏེ་རྒྱ་ནག་ཉེན་རྟོག་པར་རྣམ་འགྱུར་མི་ལེགས་པ་བསྟན་པས་སྔ་གཞུག་ཐེངས་དུ་མར་ཁྲིམས་ཁང་ནས་ཟླ་བ་མང་པོར་གཅར་རྡུང་དང་ཁྲིམས་འཇུག་སོགས་བྱས་ནས་བཙོན་གྲོལ་ཐོབ་ཡོད་ཀྱང་། ད་ཆ་ཁོང་སྔོན་མ་བཙོན་འཇུག་སྐབས་ཁྲིམས་ཁང་ནས་གཅར་རྡུང་དྲག་པོ་བྱས་ཡོད་སྟབས་རྐང་པའི་གཤི་མགོ་ཆག་གྲུམ་བྱུང་མྱོང་བས་དྲོ་གྲང་གང་གི་སྐབས་སུའང་དེར་ན་ཟུག་བྱུང་བ་དང་། གྲིབ་ཁ་ཆེ་བ།  བརྗེད་ལྐུགས་ཆེ་བ།  སྙིང་ནད་སོགས་ཡོད་པས་སེམས་ཁམས་ལ་གནོད་སྐྱོན་ཅར་དུ་གྱུར་ཡོད་པ་མ་ཟད།  དུས་ཆེན་རེའི་སྐབས་སུ་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་འགོད་པ་དང་གནས་སྟངས་གསལ་བཤད་བྱེད་དུ་འགྲོ་དགོས་པས་ས་གནས་གཞན་ལ་འགྲོ་སྐྱོད་མི་ཆོག་པར་བཟང་བཙོན་གྱི་རྣམ་པས་ཐོག་བཀག་འགོག་བྱས་ཡོད་འདུག དེ་བཞིན་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ངན་དུ་དུ།  ཉིན་འདི་དག་གི་རིང་ལ་ད་དུང་གསེར་རྟ་ནས་མི་གཉིས་འཛིན་བཟུང་བྱས་འདུག་ཀྱང་མིང་དང་སྡེ་བ་སོགས་རྩད་གཅོད་བྱེད་མ་ཐུབ་པར་ལྷག་ཡོད་པར་གསུངས་འདུག གཞི་རྩའི་ས་བྱིའི་བོད་ཁམས་ཡོངས་ཀྱི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། རྒྱ་ནག་གིས་བོད་མི་བཙན་བྱོལ་དུ་ཕེབས་མཁན་རྣམས་ཀ་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ད་བཞིན་རྒྱ་ནག་གིས་བལ་ཡུལ་སྲིད་གཞུང་ལ་གནོན་ཤུགས་ཀྱིས་བོད་མི་བྲོལ་བྱོལ་བ་རྣམས་ཕྱིར་རྒྱ་ནག་ཏུ་རྩིས་སྤྲོད་བྱེད་དགོས་བར་བཟོས་བ་སོགས་ཀྱི་རྐྱེན་གྱིས་བོད་མི་བཙན་བྱོལ་དུ་འབྱོར་མཁན་རྣམས་ཆེས་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་སའབྲེལ་ལམ་གཙོ་བོ་སྐད་འཕྲིན་སོགས་ཀྱང་རྒ་གར་དུ་བཀག་སྡོམ་བྱས་རྐྱེན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ལ་བར་ཆད་མང་པོ་བྱུང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་བ་མཐུད་ཐུབ་པའི་དབང་དུ་བཏང་ན་ཆབ་སྲིད་དང་འབྲེལ་བའི་གནད་དོན་རིགས་ཕྱི་ལ་མཁོ་སྤྲོད་བྱས་ཚེ་གཞིས་བཞུགས་བོད་མི་རྣམས་ལ་བཙོན་འཇུག་གི་འཇིགས་སྐུལ་རིམ་པ་བྱུང་བཞིན་པར་བརྟེན།  ད་ཆ་བོད་ནང་གི་གནད་དོན་མང་པོ་ཞིག་ཕྱི་ལ་རག་རྒྱུ་ཁག་པོ་ཆགས་ཡོད་པ་རེད།  

བོད་ཀྱི་མཐའ་མཚམས་ས་ཁུལ་གསུམ་དུ་གནམ་ཐང་གསར་རྒྱག་བྱེད་རྒྱུ་རེད་འདུག

རྒྱ་ནག་དམར་ཤོག་གཞུང་གིས། བོད་དབུས་ཁུལ་གྱི་མཐའ་མཚམས་ཀྱི་ས་ཁུལ་སྟེ། ལྷུན་རྩེ་དང་དིང་རི། དེ་བཞིན་སྤུ་ཧྲེང་རྫོང་གསུམ་དུ་མ་དངུལ་སྒོར་དུང་ཕྱིར་ ༡༣༦ ལྷག་ཆེད་གཏོང་གིས་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་རྒྱུ་རེད་འདུག དེ་ཡང་རྒྱ་ནག་གཞུང་གིས་གཉེར་བའི་བོད་ལྗོངས་ཉིན་རེ་ཚགས་པར་ཐོག་གསར་འགྱུར་བཀོད་པ་ལྟར་ན། རྒྱ་ནག་གིས་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་ལྷ་ས་གནམ་ཐང་གི་རྒྱུག་ལམ་གཉིས་བ་བསྐྱར་སྐྲུན་གྱི་ལས་གཞི་ཞིག་ཀྱང་ཡིན་པ་དང་། ལས་གཞི་དེར་རྒྱ་ནག་གཞུང་གི་རྒྱལ་ཁབ་འཕེལ་སྒྱུར་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་སྟེ་རྒྱལ་ཁབ་རིམ་པའི་མ་དངུལ་རྣམ་གྲངས་སྤྲད་པའི་ཐོག་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པར་འཁོད་འདུག དེ་བཞིན་རྒྱ་ནག་གཞུང་ཕྱོགས་ཀྱིས་སྦྲགས་པའི་གནས་ཚུལ་གྱི་ནང་དུ། གནམ་ཐང་གསུམ་དེ་ལེགས་གྲུབ་བྱུང་བ་ཡིན་ན། བོད་ནང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཇེ་ཚང་དང་དེ་བཞིན་མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་ཀྱི་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་ཆ་རྐྱེན་ཇེ་ལགས་སུ་གཏོང་བ། གཞན་ཡང་ས་གནས་མི་མང་གི་འགྲོ་སྐྱོད་ཇེ་བཟང་དང་དཔལ་འབྱོར་མཁོ་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་འཁོད་འདུག འདི་གའི་གསར་འགོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་དཔལ་ལྡན་བསོད་ནམས་ལགས་སུ་ཐེངས་འདིར་རྒྱ་ནག་གིས་ཆེད་དུ་མ་དངུལ་ཕོན་ཆེར་ཆེད་གཏོང་གི་བོད་ཀྱི་མཐའ་མཚམས་དང་འབྲེལ་བའི་གནམ་ཐང་གསར་རྒྱག་གི་ལས་གཞི་དེའི་རྒྱབ་ལྗོངས་ཀྱི་དམིགས་འབེན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་གནམ་ཐང་གསར་རྒྱག་གི་ལས་གཞི་དེ་ནི་རྒྱ་ནག་གི་ལོ་ལྔ་ཚན་ ༡༤ པའི་རྒྱལ་ཡོངས་ཀྱི་འཆར་གཞི་དང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་དང་འབྲེལ་ནས་བོད་ཁུལ་དུ་གནམ་ཐང་ཆེ་ཁག་གསུམ་གསར་རྒྱག་བྱེད་རྩིས་ཡིན་པར་ངོ་སྤྲོད་དང་འབྲེལ། ཕྱོགས་གཅིག་ནས་མི་མང་འགྲིམ་འགྲུལ་དང་སྐྱེལ་འདྲེན་སྟབས་བདེར་ཡོང་ཆེད་དུ་ཡིན་ནའང་། ཛ་དྲག་གི་དུས་སྐབས་སུ་གནམ་ཐང་དེ་དག་རྒྱ་ནག་གི་མཐའ་དམག་མཁོ་འདོན་དང་དམག་ཆས་སྐྱེལ་འདྲེན་ལ་ཕན་ནུས་འདོན་རྒྱུར་དམིགས་ཡོད་པ་ཞིག་ཡིན་སྐོར་གསུངས་སོང་། དེ་བཞིན་ཁོང་གིས། མ་འོངས་བར་བོད་ནང་དུ་གནམ་ཐང་གི་འཛུགས་སྐྲུན་གྱི་ལས་གཞི་དེ་ལག་འགྲུབ་བྱུང་བ་ཡིན་ན། བོད་ཀྱི་མཐའ་མཚམས་ཀྱི་ཁུལ་དེར་ཆགས་པའི་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེ་སོགས་ཀྱི་མཚོན་པ་བོད་ཀྱི་སྲོལ་རྒྱུན་གྱི་གནས་རི་དང་མཚོ་མོ་སོགས་ཡུལ་སྐོར་སྤྲོ་འཆམ་པའི་དམིགས་འབེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་ཡུལ་དངོས་སུ་ཡོང་ནས་བོད་ཁུལ་དེ་དག་ཚོང་ལས་འཕེལ་རྒྱས་ཀྱི་ལྟེ་བ་ལྟ་བུ་ཞིག་ཏུ་བསྒྱུར་སྲིད་པའི་ཁྲོད་ནས། བོད་མི་རྣམས་ལ་གནས་སྐབས་ཀྱི་ཟ་ཁང་ཚོང་ཁང་ཙམ་ལས་རྒྱུགས་ཆེ་བའི་ཚོང་ལས་ཀྱི་བདག་དབང་ཡོད་ཚད་རྒྱ་ནག་གིས་སྟངས་འཛིན་བྱས་པ་བརྒྱུད་ནས། བོད་ཡུལ་དུ་རྒྱ་ནག་གི་མི་འབོར་སྤོར་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་ཀྱི་རང་ས་རང་ཡུལ་གྱི་ཚོང་ལས་དང་ས་ཁོངས་ཀྱི་བདག་དབང་ཡོད་ཚད་རྒྱ་ནག་གི་ལག་ཏུ་ཤོར་རྒྱུ་ཉག་གཅིག་ཡིན་པར་བརྟེན། དེ་ལྟ་བུའི་རྒྱ་ནག་མི་འབོར་ཀྱི་འཚང་ཁའི་ཁྲོད་ནས་བོད་ཀྱི་ཁོར་ཡུག་འབག་བཙོག་དང་ཆོས་རིག་ཉམས་ཉེས་སུ་འགྲོ་ངེས་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Tibet Review གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་ཡང་། རྒྱ་ནག་གིས་ཕྱི་ལོ་ ༢༠༡༨ ལོར་བོད་ལྷོ་ཁ་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དབུ་འཛུགས་བྱས་པ་བརྒྱུད་ནས། ཨ་སྒོར་ཐེར་འབུམ་ ༦༠ ལྷག་གི་རིན་འབབ་ལྡན་པའི་གསེར་དངུལ་གྱི་གཏེར་རིགས་སྔོག་འདོན་བྱས་ཡོད་པ་མ་ཟད། གཏེར་ཁ་སྔོག་འདོན་དང་འབྲེལ་ནས་ཁུལ་དེར་རྒྱ་ནག་གི་མི་སེར་སྟོང་ཕྲག་མང་པོ་གནས་སྤོར་གྱིས་རྒྱ་གར་གྱི་མཐའ་མཚམས་རྩོད་རྙོག་དང་འབྲེལ་བའི་ས་ཁུལ་ཁག་རྒྱ་ནག་གི་མི་འབོར་མང་པོའི་འཚོ་གནས་སུ་བསྒྱུར་ཡོད་པར་འཁོད་པ་དང་སྦྲགས་ནས། བོད་དབུས་ཁུལ་གྱི་གོང་དཀར་གནམ་ཐང་དེ་ཡང་རྒྱ་ནག་གིས་མི་མང་དང་དམག་མི་གཉིས་སྐྱེལ་འདྲེན་ལ་དམིགས་ཡོད་པ་ཞིག་ཡིན་སྟབས། ཐེངས་འདིའི་གནམ་ཐང་གསམ་གསར་རྒྱག་གི་ལས་གཞི་དེ་ཡང་དམག་མི་དང་འབྲེལ་བའི་དམིགས་འབེན་ཡོད་སྲིད་སྐོར་མངོན་གསལ་གནང་འདུགགཞི་རྩའི་འདས་བའི་ལོ་འགའི་རིང་ནས་རྒྱ་ནག་གིས་རྒྱལ་ཁོངས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལག་བསྟར་གྱི་འོག་ནས་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་འཛུགས་དང་འབྲོག་ཁྱིམ་གནས་སྤོར་གྱིས་ལས་གཞི་རྒྱ་བསྐྱེད་ཀྱིས། ཕྱོགས་ཡོངས་ནས་བོད་ཀྱི་མཐའ་མཚམས་ཁག་ཏུ་མ་དངུལ་མང་པོ་ཆེད་གཏོང་གིས་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་སྤེལ་བཞིན་པ་རེད་འདུག

Latest news