Tibetan Royal Year of 2151 | Year of the Wood Dragon

བོད།

བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་བཙོན་ཁང་ནས་ཀློད་བགྲོལ་བཏང་བའི་དངོས་དོན་ར་འཕྲོད་ཀྱི་དཔང་རྟགས་མཁོ་སྤྲོད་དགོས།

ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་ཆབ་སྲིད་བཙོན་ཟུར་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་འོག་ནས་གློད་བཀྲོལ་བཏང་དགོས་ཡོད་ཀྱང་ད་ལྟ་ཁོང་གློད་བཀྲོལ་བཏང་ཡོད་མེད་དང་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཡོད་སྐོར་སོགས་ཤེས་རྟོགས་ཐུབ་མེད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་འདུག རྩ་བའི་རིན་པོ་ཆེ་མཆོག་ནི་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་ ༡༩༩༩ ཟླ་ ༨ ཚེས་ ༢༧ ཉིན་རང་གི་བཟའ་ཟླ་ཉི་མ་ཆོས་སྒྲོན་ལགས་དང་ལྷན་དུ་རྒྱ་ནག་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩེད་འགྲན་ཐེངས་དྲུག་པ་བསྐོང་ཚོགས་རྗེས་སུ་འཛིན་བཟུང་བཀག་ཉར་གྱིས་ལྷ་ས་གྲོང་སྡེ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཁོང་གཉིས་ལ་ཁ་བྲལ་བར་ངོས་འཛིན་གྱིས་རིན་པོ་ཆེ་མཆོག་ལ་ཚེ་བཙོན་དང་དེའི་ཐོག་མི་ཚེ་ཧྲིལ་པོའི་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་མ་ཟད། ཉི་མ་ཆོས་སྒྲོན་ལགས་སུ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་ཐོག་ལོ་ལྔའི་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་གིས་གྲྭ་བཞི་བཙོན་ཁང་དུ་ལོ་གཅིག་རིང་ཁེར་རྐྱང་ཟུར་བཀག་བཞག་ཡོད་འདུག ཕྱི་ལོ་ ༢༠༠༣ ཟླ་ ༧ ནང་རིན་པོ་ཆེ་མཆོག་གི་ཚེ་བཙོན་ཁྲིམས་བཅད་ལ་ཅུང་གུ་ཡངས་བཏང་སྟེ་ཁྱོན་ལོ་ ༡༩ རིང་ཁྲིམས་ཐག་བཅད་ནས་ཕྱི་ལོ་ ༢༠༠༥ ལོར་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་གནས་སྤོས་གནང་བ་དང་ལོ་དེའི་ཕྱི་ཟླ་ ༡༡ ནང་ཁོང་གི་བཙོན་འཇུག་དུས་ཡུན་སླར་ཉུང་འཕྲི་བྱས་ཏེ་ཁོང་ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་ཀློད་བཀྲོལ་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་གློད་བཀྲོལ་གཏང་རྒྱུའི་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་ད་ཆ་རྒྱ་གཞུང་གིས་གློད་བཀྲོལ་བཏང་ཡོད་མེད་ཀྱི་དངོས་དོན་ར་སྤྲོད་བྱུང་མེད་སྟབས་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་བབ་དང་གཟུགས་གཞི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་དཀའ་སྐོར་གསུངས་པ་དང་ཆབས་ཅིག རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པའི་ཐོག་རྒྱ་གཞུང་ནས་ཁོང་གི་གནད་དོན་ཐད་ལ་ཆེས་གསང་བ་བྱེད་བཞིན་སྐོར་འགྲེལ་བརྗོད་གནང་སྟེ་རིན་པོ་ཆེ་མཆོག་གི་བདེ་ཐབས་སླད་ཐུགས་འཚབ་ཆེན་པོ་ཡོད་ཅེས་བཀོད་འདུག གཞི་རྩའི་བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནང་སྐུ་འཁྲུངས་ཤིང་། ཁོང་ནི་ནང་ཆེན་བང་རི་དགོན་པའི་བང་རི་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་མཛད་པ་ཞིག་ཡིན་པ་དང་། ཁོང་གིས་བོད་ཆོལ་ཁ་གསུམ་གྱི་དྭ་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་དམིགས་བསལ་ཐུགས་འཁུར་བཞེས་ཏེ་ཁུལ་དེར་དྭ་ཕྲུག་གསོ་སྐྱོང་ཁང་ཞིག་ཆེད་འཛུགས་གནང་བ་དང་དེའི་མིང་ལ་རྒྱ་མཚོ་ཞེས་བཏགས་ཡོད་འདུག དེ་ནས་ཕྱི་ལོ་ ༡༩༩༦ ཟླ་ ༥ ནང་བོད་ཀྱི་ས་ཁུལ་འདྲ་མིན་ཁག་ནས་ཁྱོན་དྭ་ཕྲུག་ ༤༠ སྐོར་ཞིག་དེའི་ནང་སློབ་འཇུག་གིས་དེ་དག་ལ་རིན་པོ་ཆེ་མཆོག་གིས་འགན་འཁུར་ཆ་ཚང་བཞེས་ཏེ་ཁོང་རྣམ་པར་བོད་ཡིག་དང་དབྱིན་ཇི། ཨང་རྩི། རྒྱ་སྐད་སོགས་སློབ་ཁྲིད་གནང་ཡོད་ཀྱང་ཕྱི་ལོ་ ༡༩༩༩ ཟླ་ ༨ ནང་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་དང་ཁོང་གི་བཟའ་ཟླ་གཉིས་གློ་བུར་དུ་འཛིན་བཟུང་བྱས་ནས་དེ་འབྲེལ་དྭ་ཕྲུག་གསོ་སྐྱོང་ཁང་ཁྲིམས་འགལ་ཡིན་པར་བཤད་དེ་ལོ་དེའི་ཕྱི་ཟླ་ ༡༠ པ་ནང་སྒོ་བརྒྱབས་ཡོད་པ་རེད།

བོད་པའི་ཁྱིམ་ཚང་རེ་རེ་ནས་ནང་མི་གཅིག་བཅིངས་གྲོལ་དམག་མིར་ཞུགས་དགོས་པའི་བཙན་བཀའ་་བཏང་འདུག

དེའང་ཁ་ཉིན་རྒྱ་གར་གྱི་ INDIA TODAY TV ཞེས་པའི་བརྙན་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ཆེད་གཏོང་སླད་བོད་པའི་ཁྱིམ་ཚང་རེ་རེ་ནས་ནང་མི་གཅིག་གམ་བོད་རིགས་གཞོན་སྐྱེས་གཅིག་བཅིངས་གྲོལ་དམག་མིའི་ཁོངས་སུ་ངེས་པར་དུ་ཞུགས་དགོས་པའི་བཙན་བཀའ་བཏང་འདུག་པ་དང་། ལས་འཆར་དེ་ནི་འདི་ལོའི་ཟླ་ ༡ དང་ཟླ་ ༢ པ་ནས་དངོས་སུ་འགོ་བཙུགས་པ་ཞིག་ཡིན་པ་རེད་འདུགརྒྱ་ནག་གཞུང་གི་ངོས་ནས་ལས་གཞི་དེ་ལྟར་གསར་འཛུགས་བྱ་དགོས་དོན་ནི། སྔ་ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་དབར་གདོང་ཐུག་གིས་གནད་དོན་རིམ་ཁག་བྱུང་བ་དང་དེ་རྗེ་སུ་ལ་དྭགས་སྤང་གོང་མཚོའི་ས་མཚམས་ཁུལ་དུ་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་བོད་རིགས་དྭངས་ཞབས་དམག་མིས་ས་ཁུལ་དེར་རྒྱ་ནག་གིས་བཙན་བཟུང་བྱས་པའི་ས་ཚིགས་གནད་ཆེ་ཕྱིར་འཕྲོག་པའི་སྔ་རྗེས་ཀྱི་གནས་ཚུལ་བྱུང་བ་དང་འབྲེལ་ཏེ། ད་ལན་རྒྱ་ནག་གཞུང་གིས་བོད་མིའི་གཞོན་སྐྱེས་བསྡུ་སྐོང་བྱ་རྒྱུ་ལས་གཞི་སྤེལ་བཞིན་ཡོད་པ་དང་། ས་མཚམས་ས་ཁུལ་དང་ལྷག་དོན་གནམ་གཤིས་ཚ་དྲོད་ཆེས་མི་སྙོམ་པའི་རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་དང་བྱང་ཤར་ཨ་རུ་ནཱ་ཅལ་ས་ཁུལ་བཅས་ལ་བརྟན་སྲུང་ནན་པོ་ཐུབ་ཕྱིར་ལས་གཞི་དེ་སྤེལ་བ་ཞིག་ཡིན་པ་རེད་འདུགདེ་བཞིན་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་ཞིག་གིས་རྒྱ་ནག་གཞུང་གི་ངོས་ནས་ལས་གཞི་དེ་ལྟར་སྤེལ་བའི་དམིགས་ཡུལ་ངོ་མ་ནི་བོད་མིའི་དམག་མི་དེ་དག་རིམ་བཞིན་འཕགས་བོད་ས་མཚམས་ས་ཁུལ་དུ་གཏན་འཇགས་འགྲེམས་འཇོག་བྱ་རྒྱུ་དང་རྒྱ་གཞུང་གིས་བོད་མིའི་གཞོན་སྐྱེས་དེ་དག་ལ་དམག་སྦྱོང་སྤྲོད་བཞིན་ཡོད་སྐོར་གསུངས་པ་མ་ཟད། བཅིངས་གྲོལ་དམག་ཁོངས་སུ་ཚུད་པར་རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཞེན་ཇི་ཡོད་དང་རྒྱ་སྐད་ཀྱི་ཤེས་ཚད། དེ་བཞིན་རྒྱ་གཞུང་ལ་ཡིད་ཆེས་ཇི་ཡོད་ལ་སོགས་པའི་གནད་དོན་ཁག་ཅིག་གི་ཐོག་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པར་ཆེས་མངོན་གསལ་གནང་འདུག

Airbnb ཚོང་ལས་ཁང་གིས་བོད་མི་དང་ཡུ་གུར་བར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་བཞིན་པ།

Airbnb ཞེས་དྲ་ཐོག་བརྒྱུད་མགྲོན་ཁང་མཁོ་འདོན་བྱེད་མཁན་གྱི་ཨ་རིའི་ཚོང་ལས་ཁང་གིས་རྒྱ་ནག་ནང་དུ་བོད་མི་དང་ཡུ་གུར་ཁ་ཆེ་བ་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱི་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དེ་ནི་ཚོང་ལས་ཁང་དེའི་ཀུན་མཐུན་གུས་བཀུར་གྱི་གཞི་རྩའི་སྲིད་བྱུས་དང་འགལ་བའི་དབྱེ་འབྱེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་བསྒྲགས་འདུགདེའང་དེ་རིང་ The Telegraph གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ཞིག་གི་ནང་། Airbnb ཚོང་ལས་ཁང་གིས་རྒྱ་ནག་ཏུ་བོད་མི་དང་ཡུ་གུར་མི་རིགས་ཙམ་མ་ཡིན་པར། ཕྱོགས་འགལ་བ་གཙང་བཟོ་བྱེད་སའི་ཆབ་སྲིད་ཀྱི་ཚོར་རྐྱེན་རྣོ་བའི་ས་ཁུལ་སྟེ། ཧོང་ཀོང་དང་ Macau དེ་བཞིན་ཐེ་ཝན་སོགས་ཀྱི་མི་རྣམས་ལ་ཡང་ཁང་གླ་གཏོང་གི་མེད་པར་མངོན་གསལ་གནང་འདུག གསར་ཤོག་དེའི་ནང་གསལ་ལྟར་ན། རྒྱ་ནག་ལྷོ་རྒྱུད་ཀྱི་གྲོང་བརྡལ་ Sanya ཞེས་པའི་ནང་དུ་ཡོད་པའི་མགྲོན་ཁང་གླ་གཏོང་གི་ཚོང་འགྲེམས་ཀྱི་བརྡ་ཡིག་གི་ནང་དུ།  ས་ཁུལ་འདིར་ཉེན་རྟོག་པའི་བཀག་འགོག་གི་རྐྱེན་གྱིས་ཡུ་གུར་བ་རྣམས་ལ་སྣེ་ལེན་བྱེད་ཀྱི་མེད་ཅེས་བྲིས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ Chongqing ནང་དུ་ཡང་། བོད་དང་ཤིན་ཅང་། ཧོང་ཀོང་། དེ་བཞིན་  Macau དང་ཐེ་ཝན་སོགས་ཀྱི་མི་སྣའི་མཚོན་པའི་ཕྱི་རྒྱལ་བ་རྣམས་ལ་སྣེ་ལེན་བྱེད་ཀྱི་མེད་ཅེས་བྲིས་ཡོད་པ་མ་ཟད། Qinhuangdao ཞེས་པའི་གྲོང་ཁྱེར་ནང་དུའང་བོད་མི་དང་ཤིན་ཅང་གི་ཡུ་གུར་མི་རིགས་ཡིན་ཚེ་སྔོན་ཚུད་ནས་ཚོང་ལས་ཁང་ལ་འབྲེལ་བ་བྱེད་དགོས་པ་སོགས་བྲིས་པ་ལུང་འདྲེན་གནང་འདུགགཞི་རྩའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་ནང་དུ་བོད་མི་རྣམས་མགྲོན་ཁང་དུ་སྡོད་དུ་འཇུག་གི་མེད་པའི་གནས་ཚུལ་རིགས་རྒྱུན་ལྡན་ནས་རིམ་པར་བྱུང་བཞིན་པ་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དེ་ནི་ཆེད་དུ་རྒྱ་ནག་གིས་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དཔེ་མཚོན་ཞིག་ཆགས་ཡོད་སྐོར་བརྗོད་བཞིན་པ་རེད།ཉེ་སྔོན་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་བཅར་འདྲི་ཞུས་པ་ཞིག་གི་ནང་དུ་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་ཁོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཞི་ཨན་སོགས་སུ་སྐྱོད་སྐབས་མགྲོན་ཁང་དུ་ཐོ་འགོད་བྱེད་སྐབས་དང་ཐོག་སྣེ་ལེན་བྱེད་ཀྱི་ཡོད་ནའང་། རྗེས་སུ་ཐོབ་ཐང་ལག་འཁྱེར་དེབ་སྐྱེལ་བྱེད་སྐབས་ཁོང་བོད་མི་ཡིན་པ་ཤེས་དུས་མགྲོན་ཁང་གླ་གཏོང་མ་བྱས་པའི་གནས་ཚུལ་མང་པོར་འཕྲད་དེ་ཁོང་ཆེད་དུ་བོད་མི་ཡོད་སའི་ས་ཚུགས་སུ་སོང་ནས་སྡོད་དགོས་བྱུང་བ་སོགས་ཀྱི་དོན་རྐྱེན་དང་འབྲེལ་ནས། རྒྱ་ནག་གིས་སྤྱི་ཡོངས་ནས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་ཡོད། རྩ་བའི་ Airbnb ཚོང་ལས་ཁང་ནི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་ཆེ་གྲས་ ༡༥ ཙམ་ཡོད་པའི་ཁོངས་ནས་གཅིག་ཡིན་པ་དང་། ཉེ་སྔོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༡༥༠ ལྷག་ཙམ་གྱིས་མཉམ་འབྲེལ་སྒོ་ནས། ཚོང་ལས་ཁང་དེར་ཞུ་སྐུལ་གྱི་ཡི་གེ་བཏང་སྟེ། སང་ལོའི་ཨོ་རྩལ་འགྲན་ཚོགས་དེར་སྤྱིན་བདག་བྱེད་རྒྱུ་མེད་པའི་སྐུལ་མ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ལྷ་སའི་ལྟ་སྐོར་ཁྲོད་ས་གནས་ཀྱི་དཔུང་དམག་དང་ཐུག་འཕྲད།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ བཅས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་ཀོང་པོ་ཉིང་ཁྲི་དང་རྒྱལ་ས་ལྷ་ས་སོགས་སུ་གསང་དབང་དམ་པོའི་ཐོག་ནས་ལྟ་སྐོར་དུ་བསྐྱོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་ཡར་ཀླུངས་གཙང་པོར་ལྟ་སྐོར་དང་། ཀོང་པོའི་གྲོང་ཁྱེར་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི། དེ་བཞིན་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་ལྟ་སྐོར་བྱས་པ་སོགས་ཀྱི་གནས་ཚུལ་ཙམ་ལས་ཐོན་མེད་ཀྱང་། ད་ཆ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་གཙོས་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་སྐོར་དེའི་ཁྲོད་རྒྱལ་ས་ལྷ་ས་གཙོས་ས་གནས་དེ་དག་གི་དཔུང་དམག་དང་ཐུག་འཕྲད་ཀྱིས་གཏམ་བཤད་སྤེལ་འདུགསྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཉིང་ཁྲི་བཅས་སུ་ལྟ་སྐོར་དུ་བསྐྱོད་སྐབས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjia དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷ། གཞན་ཡང་རྒྱ་ནག་རང་ནས་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་སྡེ་ཚན་གྱི་འགོ་གཙོ་གཞོན་པ་  Zhang Youxia དང་རྒྱ་ནག་གི་དཔལ་འབྱོར་དང་ཚོང་འབྲེལ་གྱི་སྲིད་བློན་གཞོན་པ་ལིའུ་ཁཱ། དེ་བཞིན་རྒྱ་ནག་དབུས་གཞུང་གི་འཆར་འགོད་ལས་ཁང་འགན་འཛིན་དང་དབུས་གཞུང་གི་དྲུང་ཆེ་སོགས་མཉམ་དུ་ཁྲིད་ཡོད་པ་མ་ཟད། ཁོ་པ་རྣམས་ནས་ལྷ་ས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་ཁག་གི་འཐུས་ཚབ་དང་ཐུག་འཕྲད་སྐབས་ཞི་ཅིན་ཕིང་གིས་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་གི་ནུས་སྟོབས་སྔར་ལྷག་ཆེ་རུ་གཏོང་དགོས་པ་མ་ཟད། དཔུང་དམག་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡར་རྒྱས་གོང་འཕེལ་ལ་དམིགས་ཏེ་དུས་རྟག་ཏུ་གྲ་སྒྲིག་ཨང་གསར་བྱོས་ཤིག་ཅེས་སོགས་བཤད་འདུགརླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ད་རེས་ཞི་ཅིན་ཕིང་དང་མཉམ་དུ་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་དེ་དག་ཁྲིད་དོན་གང་ཡིན་སོགས་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་རྒྱ་ནག་གཞུང་ནས་རྒྱུན་དུ་བོད་སྐྱོང་རྒྱུའི་ཐབས་བྱུས་ཁོངས་སུ་བརྟན་ལྷིང་དང་འཕེལ་རྒྱས་མཐའ་མཚམས་སོགས་ཡོད་པ་ལྟར་ཞི་ཅིན་ཕིང་དང་མཉམ་དུ་ཡོད་པའི་འགོ་ཁྲིད་དེ་དག་ནི་ལས་གཞི་དེ་དག་དང་འབྲེལ་བ་ཡོད་པ་སོགས་གསུངས་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་སྡེ་ཚན་གྱི་འགོ་གཙོ་གཞོན་པ་ Zhang Youxia ཁྲིད་པ་དེས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཙམ་མ་ཟད་རྒྱ་གཞུང་གིས་བོད་ནང་མེ་འཁོར་ལྕགས་ལམ་གྱིས་གཙོས་པའི་དམག་དོན་དང་འབྲེལ་བའི་ཐབས་བྱུས་ཀྱི་ལས་གཞི་འདྲ་མིན་སྤེལ་བཞིན་པ་དང་འབྲེལ་བ་ཡོད་པ་སོགས་གསུངས་བྱུང་། དེ་བཞིན་ཞི་ཅིན་ཕིང་གི་ལྟ་སྐོར་ཁྲོད་ས་གནས་མི་མང་ལ་རྒྱ་ནག་གཞུང་ནས་ད་བར་བོད་ནང་ལ་འཛུགས་སྐྲུན་རྒྱ་སྐྱེད་ཆེན་པོ་བཏང་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཡོངས་ལ་སྤྲོ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན་ཞེས་སོགས་གཏམ་བཤད་བྱས་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་བོད་དང་རྒྱ་ནག་ཐོག་གི་གནད་དོན་དཔྱད་ཞིབ་པ་ཁུ་ཚུར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དེ་འབྲེལ་དཔྱད་ཞིབ་གནང་པའི་ལེ་ཚན་ནང་ཞི་ཅིན་ཕིང་གིས་དེ་སྔ་ཕྱི་ཟླ་དྲུག་པར་བོད་མཚོ་སྔོན་ཁུལ་དུ་སྤེལ་བའི་གཏམ་བཤད་དང་། ད་རེས་རྒྱལ་ས་ལྷ་ས་དང་ཀོང་པོའི་ཁུལ་དུ་སྤེལ་བའི་གཏམ་བཤད་གཉིས་ཀྱི་རྨང་གཞི་གཅིག་པ་ཡིན་པ་དང་། དེ་ཡང་གཙོ་བོ་རྒྱ་ནག་གཞུང་ནས་བོད་ནང་ལ་ཡོད་པའི་བོད་མི་ཚོར་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཡོད་ན་བོད་ཀྱི་གནས་ཚུལ་མཇུག་སྒྲིལ་བ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་ནི་ནོར་འཁྲུལ་ཞིག་ཡིན་པར་གསུངས་འདུག གཞི་རྩའི་ཞི་ཅིན་ཕིང་ད་རེས་བོད་ཀྱི་རྒྱལ་ས་ལྷ་ས་ཙམ་མ་ཟད་ལྷག་པར་དུ་རྒྱ་གར་དང་ས་ཐག་ཉེ་བའི་བོད་ཀྱི་ཉིང་ཁྲི་ས་གནས་སུ་བསྐྱོད་པ་དེ་ནི་གནད་འགག་ཅིག་ལ་ངོས་འཛིན་དང་འབྲེལ་ཏེ་རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ཅིག་ནས་འདི་ནི་རྒྱ་དཀར་ནག་གཉིས་ཀྱི་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྐོར་གསུངས་པ་མ་ཟད། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་སྡེ་ཚན་གྱི་སློབ་དཔོན་ Srikanth Kondapalli ལགས་ཀྱིས་ཞི་ཅིན་ཕིང་དངོས་སུ་རྒྱ་གར་བྱང་ཤར་གྱི་ས་གནས་དང་ཐག་ཉེ་བའི་བོད་ཀྱི་ཉིང་ཁྲི་ཁུལ་དུ་བསྐྱོད་པ་དེ་ཁུལ་དེར་ཡོད་པའི་མེ་འཁོར་ལྕགས་ལམ་ཁག་ལ་ལྟ་ཞིབ་སོགས་ཀྱི་ཆེད་དུ་ཡིན་སྟབས། རྒྱ་ནག་གི་ངོས་ནས་རིང་མིན་རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཆགས་པའི་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་རྙོག་གླེང་བཟོ་རྒྱུའི་འཆར་གཞི་ཡོད་པ་གསལ་པོ་རེད་ཅེས་གསུངས་འདུགཁོང་གིས་དཔྱད་གཏམ་ནང་ད་དུང་རྒྱ་ནག་གཞུང་ནས་བོད་ནང་འཛུགས་སྐྲུན་བྱས་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་ས་གནས་གཞན་ཁག་དང་བོད་གཉིས་ཀྱི་དཔལ་འབྱོར་གྱི་གནས་བབ་ལ་ཁྱད་པར་ཆེན་པོ་ཡོད་པ་དང་ལྷག་དོན་རྒྱ་ནག་རང་ཉིད་ཀྱི་དགོས་མཁོར་གཞིགས་ཏེ་ཆུ་མཛོད་གསར་རྒྱག་ལས་གཞིའི་ཁྲོད་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་གཏོང་བཞིན་པའི་གནད་དོན་ཆེད་བཀོད་ཀྱིས་སྐྱོན་བརྗོད་ནན་པོ་གནང་འདུགདེ་བཞིན་བོད་དོན་ཆེད་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ཀྱིས་དེ་རིང་ཞི་ཅིན་ཕིང་གིས་ལྷ་སར་ལྟ་སྐོར་བྱས་པ་དང་འབྲེལ་བའི་དཔྱད་གཏམ་ཞིག་འདོན་སྤེལ་གནང་བར་དུས་རྒྱུན་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རྒྱ་ནག་གི་འགོ་ཁྲིད་ Wang Yang གཏོང་སྲོལ་ཡོད་ཀྱང་། ད་རེས་ཞི་ཅིན་ཕིང་དངོས་སུ་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་དེས་བོད་ཀྱི་གནད་དོན་དེ་རྒྱ་ནག་ལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མཚོན་པ་དང་ལྷག་པར་དུ་རྒྱ་གར་གྱི་ངོས་ནས་བལྟས་ན། ཞི་ཅིན་ཕིང་ཡར་ཀླུངས་གཙང་པོ་དང་དེའི་ཉེ་འཁོར་ལ་ལྟ་ཞིབ་བྱས་པ་དེས་རྒྱ་ནག་གཞུང་གི་འཆར་གཞིའི་ནང་ཡོད་པའི་ཆུ་མཛོད་གསར་རྒྱག་ ལས་གཞི་ཁག་རྒྱུན་འཁྱོངས་ཀྱི་བརྡ་ལན་ཞིག་ཀྱང་མཚོན་སྟབས། ཁོར་ཡུག་དང་བདེ་འཇགས་ཀྱི་ཆ་ནས་རྒྱ་གར་ལ་མཚོན་ན་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད་ཉིང་ཁྲི་དང་ལྷ་སའི་མེ་འཁོར་ལྕགས་ལམ་ལ་ལྟ་ཞིབ་དང་དཔུང་དམག་གི་འཐུས་ཚབ་ཁག་དང་ཐུག་འཕྲད་བྱས་པ་དེས་རྒྱ་གར་བྱང་ཤར་ཁུལ་གི་གནད་དོན་དང་འབྲེལ་རྒྱ་གར་གྱི་ངོས་ནས་ཐུགས་སྣང་གནང་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་ཅེས་གསུངས་འདུགཉེ་ཆར་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཉིང་ཁྲི་བཅས་སུ་ལྟ་སྐོར་བྱེད་བཞིན་སྐབས་རླུང་འཕྲིན་ཁང་གིས་བོད་ཀྱི་གྲོགས་པོ་རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་ Vijay Kranti ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་དང་ཉེ་ཆར་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་སྐབས་ཀྱི་གཏམ་བཤད་སོགས་ཕྱོགས་གང་ནས་བལྟས་ཀྱང་། ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་དམག་མི་ལ་དྭགས་ཁུལ་བཙན་འཛུལ་བྱེད་མ་ཐུབ་པའི་ཕམ་ཉེས་ཀྱི་གནད་དོན་དང་། ད་ལྟའི་༸གོང་ས་མཆོག་གི་མཚན་སྙན་གཟི་བརྗོད་ཁྲོད་མ་འོངས་པར་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཐུབ་མིན་གྱི་འཇིགས་སྣང་ཁྲོད་ད་རེས་ཞི་ཅིན་ཕིང་རང་ཉིད་ཀྱི་ངོ་སྲུང་དང་སྣང་བརྙན་བསྐྱར་གསོ་ཐུབ་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་ཡོད།སྲིད་འཛིན་ཞི་ཅིན་ཕིང་དེ་སྔ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་སྐྱོད་མྱོང་ཡོད་པ་མ་ཟད། སྐབས་དེར་ཁོ་པས་ཕོ་བྲང་པོ་ཏ་ལའི་མདུན་ནས་གཏམ་བཤད་སྤེལ་བའི་ཁྲོད་གྲངས་ཉུང་མི་རིགས་ཡོངས་དང་འབྲེལ་བ་དམ་ཟབ་ཐོག་ཏཱ་ལའི་རུ་ཚོགས་ཟེར་བའི་ཁ་བྲལ་གྱི་ལས་དོན་མཐའ་དག་ལ་གདོང་ལེན་བྱེད་དགོས་པ་སོགས་བཤད་ཡོད་པ་དང་། ཁོ་པ་རྒྱ་ནག་གི་སྲིད་འཛིན་ཆགས་པའི་རྗེས་སུ་འདི་ལོའི་ཕྱི་ཟླ་ ༦ པ་ནང་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་མདོ་སྨད་རྐང་ཚ་དང་ཟི་ལིང་གྲོང་ཁྱེར་བཅས་སུ་སྐོར་བསྐྱོད་བྱས་པ་མ་ཟད། ད་རེས་རྒྱ་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་དེ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་སྲུང་བརྩི་དང་འབྲེལ་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཁུལ་དུ་བསྐྱོད་ཡོད་པ་རེད།

ཞི་ཅིན་ཕིང་གིས་ལྟ་སྐོར་ཁྲོད་བོད་ནང་གི་ཕྱིའི་འཛུགས་སྐྲུན་རྒྱ་སྐྱེད་ཁོ་ནར་མ་དམིགས་པར་གྲོས་མོལ་བསྐྱར་གསོ་ཐུབ་པ་ཞིག་བྱེད་དགོས་ཞེས་གསུངས་སོང་།

ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་གྱི་འགན་འཁུར་ནས་ད་རེས་ཆེས་ཐོག་མ་བོད་ཀྱི་ཀོང་པོ་ཉིང་ཁྲི་དང་དེ་བཞིན་རྒྱལ་ས་ལྷ་ས་སོགས་སུ་གསང་བའི་ཐོག་ནས་ལྟ་སྐོར་དུ་བསྐྱོད་པ་དང་། ཕྱི་ཚེས་ ༢༡ ཉིན་བོད་ཀྱི་ཉིང་ཁྲིའི་སྨན་གླིང་གནམ་ཐང་དུ་འབྱོར་རྗེས་ཁུལ་དེའི་ཉང་ཆུའི་ཟམ་ཆེན་དུ་བསྐྱོད་དེ་ཡར་ཀླུང་གཙང་པོ་ལ་ལྟ་སྐོར་དང་། དེ་རྗེས་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དང་ཀོང་པོའི་སྤྱི་གླིང་བཅས་སུ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལས་འཆར། འཛུགས་སྐྲུན་གྱི་ལས་གཞི་སོགས་ལ་རྟོག་ཞིབ་བྱས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༢༢ ཉིན་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བཅས་ལ་ལྟ་སྐོར་བྱས་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ་ཕོ་བྲང་པོ་ཏ་ལ་དང་བར་སྐོར། དེ་བཞིན་དཔལ་ལྡན་འབྲས་སྤུངས་དགོན་པ་བཅས་སུ་སྐུ་སྲུང་བས་མཐའ་སྐོར་ནས་ལྟ་སྐོར་བྱས་ཡོད།སྐབས་དེར་ཞི་ཅིན་ཕིང་གིས་ས་གནས་མི་མང་ཚོ་ལ་གཏམ་བཤད་བྱས་པར་ཁོ་པ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་ཡོད་པ་དྲན་གསོ་དང་སྦྲགས་ཏེ་འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་དང་དེ་བཞིན་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་དང་བསྟུན་སླར་ལྷ་སར་ཡོང་བ་ཞིག་ཡིན་པ་དང་། རྒྱ་ནག་གིས་མ་འོངས་པར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཡོངས་ལ་སྤྲོ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་མ་ཟད། མང་ཚོགས་རྣམས་ནས་རྒྱ་ནག་གི་ལྟ་བ་ལ་བརྩི་བཀུར་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁར་སྐྱོད་དགོས་ཞེས་སོགས་བཤད་འདུགརླུང་འཕྲིན་ཁང་གིས་ཐེངས་འདིའི་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་སྐོར་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་ད་ལྟའི་རྒྱ་དཀར་གཉིས་ཀྱི་གནད་དོན་ཙམ་མིན་པར་གཙོ་བོ་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ནས་ཡོང་བ་ཞིག་ཡིན་སྟབས། སྲིད་འཛིན་ཞི་ཅིན་ཕིང་གིས་ད་རེས་བོད་ནང་དུ་ལྟ་སྐོར་བྱས་ཡོད་པའི་ཁྲོད་བོད་ནང་གི་ཕྱིའི་འཛུགས་སྐྲུན་རྒྱ་སྐྱེད་ཁོ་ནར་མ་དམིགས་པར་བོད་མིའི་མངོན་འདོད་གང་ཡིན་པ་ངེས་ཤེས་རྙེད་པའི་ཐོག་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཐུབ་པ་ཞིག་བྱེད་དགོས་པར་གསུངས་སོང་།དེ་བཞིན་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཞི་ཅིན་ཕིང་གསང་བའི་འོག་བོད་ཀྱི་རྒྱལ་ས་ལྷ་སར་སྐྱོད་དོན་དང་ད་བར་བརྒྱུད་ལམ་ཁག་ཏུ་ཐོན་པའི་ཞི་ཅིན་ཕིང་གི་གཏམ་བཤད་སོགས་དང་འབྲེལ་བཀའ་ལན་གནང་བར་ཞི་ཅིན་ཕིང་གི་ས་གནས་མི་མང་ལ་གཏམ་བཤད་བྱས་ཡོད་པ་དེས་ད་བར་རྒྱ་ནག་གཞུང་ནས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་སྟེ་ལོ་ ༧༠ འཁོར་བའི་སྐབས་འདིར་བོད་ནང་ལ་འཛུགས་སྐྲུན་དང་མི་མང་ལ་བདེ་སྐྱེད་སྐྲུན་ཐུབ་ཡོད་སྐོར་ཕྱིར་རྣམ་པ་ཐབས་དང་། ལྟ་སྐོར་དེའང་ཉིང་ཁྲི་ནས་འགོ་བཙུགས་པ་དེས་རྒྱ་དཀར་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་གི་སྟོབས་ཤུགས་མངོན་གསལ་བྱེད་ཐབས་སོགས་ལ་དམིགས་ཡོད་པར་གསུངས་ཡོད།ད་རེས་ཞི་ཅིན་ཕིང་གི་ལྟ་སྐོར་འདིའི་ཁྲོད་རྒྱ་ནག་གི་དཔལ་འབྱོར་དང་ཚོང་འབྲེལ་གྱི་སྲིད་བློན་གཞོན་པ་ལིའུ་ཁཱ་ཟེར་བ་དེ་ཁྲིད་ཡོད་པར་བལྟས་ན་རྒྱ་ནག་གཞུང་ནས་མུ་མཐུད་ཚོང་དང་འཛུགས་སྐྲུན་ལ་དོ་སྣང་བྱས་པ་མ་གཏོགས་བོད་མིའི་དངོས་ཡོད་ཀྱི་དཀའ་ངལ་ལ་ལྟ་རྟོག་བྱ་རྒྱུ་ཁག་པོ་ཆགས་ཡོད་པར་གཟིགས་ཚུལ་བྱུང་ཞེས་གསུངས་སོང་།གཞི་རྩའི་སྲིད་འཛིན་ཞི་ཅིན་ཕིང་དེ་སྔ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་ཡོད་པ་མ་ཟད་སྐབས་དེར་ཁོང་གིས་ཕོ་བྲང་པོ་ཏ་ལའི་མདུན་ནས་གཏམ་བཤད་ཁྲོད་གྲངས་ཉུང་མི་རིགས་ཡོངས་དང་འབྲེལ་བ་དམ་ཟབ་ཐོག་ཏཱ་ལའི་རུ་ཚོགས་ཟེར་བའི་ཁ་བྲལ་གྱི་ལས་དོན་མཐའ་དག་ལ་གདོང་ལེན་བྱེད་དགོས་པ་སོགས་བཤད་ཡོད། ད་རེས་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷག་པར་དུ་རྒྱ་གར་དང་ས་ཐག་ཉེ་བའི་བོད་ཀྱི་ཉིང་ཁྲི་ས་གནས་སུ་བསྐྱོད་པའི་གནད་དོན་དང་འབྲེལ་ཏེ། རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ཅིག་ནས་འདི་ནི་རྒྱ་དཀར་གཉིས་ཀྱི་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྐོར་གསུང་མཁན་འདུགདེས་ན་རླུང་འཕྲིན་ཁང་གིས་བོད་ཀྱི་གྲོགས་པོ་རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་ Vijay Kranti ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་དང་ཉེ་ཆར་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་སྐབས་ཀྱི་གཏམ་བཤད་སོགས་ཕྱོགས་གང་ནས་བལྟས་ཀྱང་། ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་དམག་མི་ལ་དྭགས་ཁུལ་བཙན་འཛུལ་བྱེད་མ་ཐུབ་པའི་ཕམ་ཉེས་ཀྱི་གནད་དོན་དང་། ད་ལྟའི་༸གོང་ས་མཆོག་གི་མཚན་སྙན་གཟི་བརྗོད་ཁྲོད་མ་འོངས་པར་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཐུབ་མིན་གྱི་འཇིགས་སྣང་ཁྲོད་ད་རེས་ཞི་ཅིན་ཕིང་རང་ཉིད་ཀྱི་ངོ་སྲུང་དང་སྣང་བརྙན་བསྐྱར་གསོ་ཐུབ་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་ཡོད། ཁོང་ནས་ཞི་ཅིན་ཕིང་གི་ལྟ་སྐོར་དེས་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་གཏང་དཀའ་བ་དང་། བོད་མི་དེ་དག་གིས་ད་བར་བོད་ཀྱི་གནད་དོན་གསོན་པོར་ཉར་ཚགས་ཐུབ་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་སོ་སོའི་རྩ་དོན་གྱི་སྙིང་པོ་དེ་དོར་བཞིན་ཡོད་པ་ནི་ང་བོད་ཀྱི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་ཡོད། ཞི་ཅིན་ཕིང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཉིན་གྲངས་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་མདོ་སྨད་རྐང་ཚ་དང་ཟི་ལིང་གྲོང་ཁྱེར་བཅས་སུ་སྐོར་བསྐྱོད་བྱས་ཡོད་པ་དང་། འདི་ལོ་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་དང་ལྷག་པར་དུ་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་སྐབས་དང་བསྟུན་ཏེ་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་དང་འབྲེལ། ས་གནས་མང་ཚོགས་ཐོག་སྔར་ལྷག་དམ་དྲག་རིགས་ཀྱང་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད།

ཨ་རིའི་ཕྱི་སྲིད་དྲུང་གཞོན་མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་སྐབས་བོད་དོན་ངེས་པར་དུ་གླེང་དགོས་པའི་འབོད་སྐུལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་གཏན་འཁེལ་བ་ལྟར། ཁོང་གིས་ཐེངས་འདིའི་འཚམས་གཟིགས་སྐབས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚབ་ལྷན་གྲོས་མོལ་མ་བྱས་བར་དུ་ཨ་རིའི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོར་གནས་མེད་པ་གསལ་པོ་བཟོ་དགོས་ཞེས་གསུངས་འདུགཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་ལྕམ་ Sherman མཆོག་ཟླ་བ་འདིའི་ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་ཀྱི་རིང་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་པར་ཡོང་གྲགས་གནང་བ་མ་ཟད་ལྕམ་  Sherman མཆོག་གིས་རང་ཉིད་ཀྱི་འཕྲུལ་སྒྲའི་ཐོག་ཁོང་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤ་ཡའི་ཞུ་གཏུག་འགན་འཛིན་ལྕམ་སྐུ་ Carolyn Nash ལགས། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འགན་འཛིན་ལྕམ་སྐུ་ Renee Xia ལགས་བཅས་རྣམ་པ་གསུམ་དང་ལྷན་བོད་ཀྱིས་གཙོས་པའི་ཤིན་ཅང་དང་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་བཀའ་བསྡུར་གནང་བ་དང་། ལྷག་དོན་ཨ་རིའི་ངོས་ནས་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གཙོས་འཛམ་གླིང་ཁྱོན་ཡོངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མུ་མཐུད་འགྱུར་བ་མེད་པར་བཞེངས་ཕྱོགས་བརྟན་པོ་ཡོད་སྐོར་གསུངས་འདུགཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་ལས་ཁང་གི་འཕྲུལ་སྒྲའི་དྲྭ་གནས་ཐོག་ལྕམ་སྐུ་མཆོག་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུས་པ་དང་འབྲེལ། ལྕམ་སྐུ་མཆོག་གིས་གསུངས་པ་བཞིན་ཨ་རིས་རྒྱ་ནག་གཙོ་གྱུར་འཛམ་གླིང་ཁྱོན་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འགྱུར་བ་མེད་པར་མུ་མཐུད་བཞེངས་ཕྱོགས་བརྟན་པོ་འཛིན་བཞིན་པའི་ཁྲོད་ད་རེས་ལྕམ་སྐུ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་དེ་ངེས་པར་དུ་གླེང་བའི་ཡིད་ཆེས་དང་རེ་བ་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚབ་ལྷན་གྲོས་མོལ་མ་བྱས་བར་དུ་ཨ་རི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོ་གནང་ཐབས་མེད་ཅེས་ནན་པོ་གསུངས་དགོས་པའི་འབོད་སྐུལ་ཞུས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་ད་ལྟའི་ཆར་རྒྱ་ནག་གིས་དེ་སྔ་བྱུང་མྱོང་མེད་པའི་བོད་ཀྱི་ཐུན་མིན་ལེགས་བྱང་དང་ཡུལ་སྲོལ་གོམས་གཤིས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཁྲོད་འདིར་ཨ་རི་གཞུང་གིས་གོ་སྐབས་ནམ་བྱུང་ལ་བོད་ཀྱི་གནད་དོན་ཐད་རྒྱ་ནག་ལ་སྔར་བཞིན་གནོན་ཤུགས་སྤྲོད་དགོས་པ་ནི་ཆེས་ཛ་དྲག་གི་གནད་དོན་ཞིག་ཡིན་པར་གསུངས་འདུགགཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རེས་གཟའ་ལྷག་པ་སྟེ་ཕྱི་ཚེས་ ༢༡ ཉིན་གཞུང་འབྲེལ་གྱི་སྤྱི་བསྒྲགས་ཤིག་སྤེལ་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་ཕྱི་ཚེས་ ༢༥ དང་ ༢༦ ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་གི་ནུབ་བྱང་གྲོང་ཁྱེར་ Tianjin དང་ཕྱི་ཚེས་ ༢༧ ཉིན་དཀྱིལ་ཤར་ Oman རྒྱལ་ཁབ་ནང་ཉིན་གྲངས་གཅིག་གི་རིང་འཚམས་གཟིགས་གནང་རྒྱུ་དང་། ལྕམ་སྐུ་མཆོག་ནས་ Tianjin  དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་མཇལ་འཕྲད་གནང་གཏན་ཁེལ་ཡོད་པ་རེད་འདུགཁོང་ད་ལན་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་དོན་ནི། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་དངོས་སུ་མཇལ་འཕྲད་ཀྱིས་ཨ་རིའི་ཁེ་ཕན་དང་རིན་ཐང་ཁག་གོང་འཕེལ་གཏོང་ཐབས་དང་ལྷག་དོན་ཉེ་བའི་ལོ་ཤས་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་མུས་ཀྱི་གནད་དོན་མང་དག་ཅིག་གི་ཐད་ལ་འགན་འཁུར་ལྡན་པའི་ཕྱག་བསྟར་ཡོང་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་སྤྱི་དང་། སྒོས་ཨ་རིའི་ངོས་ནས་ཆེས་ཐུགས་འཚབ་ཡོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་ཁག་ཅིག་གི་སྐོར་ལ་ཞལ་སངས་པོའི་ཐོག་ནས་བཀའ་བསྡུར་གནང་རྒྱུ་ཡིན་པར་གསུངས་འདུགསྤྱིར་ལྕམ་ Wendy Sherman མཆོག་གི་ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་ནི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་རྒྱ་ནག་ནང་ཨ་རིའི་གནད་ཡོད་དཔོན་རིགས་མཐོ་གྲས་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

བོད་མི་གཙོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁག་ཉམས་རྒུད་འགྲོ་བཞིན་པར་མངོན་གསལ།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་ལ་ཆེས་དམ་དྲག་གིས་རྒྱ་ཡིག་དེ་གལ་གནད་དང་པོར་བཞག་མུས་ཡིན་པ་མ་ཟད། ད་སྐབས་བོད་ཀྱི་ས་ཁུལ་གང་སའི་སྒོ་བྱང་ཐོག་བོད་ཡིག་ལས་རྒྱ་ཡིག་གོང་དུ་བྲིས་ཏེ་བོད་ཀྱི་སྐད་ཡིག་དེ་དངོས་དོན་གྱི་ཐོག་ནས་རིམ་པ་གཉིས་པར་གྱུར་ཡོད་པ་གསུངས་འདུག རྒྱ་གཞུང་གིས་དུས་ཡུན་རིང་པོ་ནས་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་ལ་བརྩི་སྲུང་བྱེད་ཀྱི་ཡོད་ཚུལ་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ཡོད་པའི་སྤྱི་པའི་སྒོ་བྱང་ཁག་གི་ཐོག་བོད་སྐད་དང་རྒྱ་སྐད་བཅས་སྐད་ཡིག་གཉིས་ཤན་སྦྱར་དགོས་པའི་སྒྲིག་གཞི་ཡང་བཟོས་ཡོད་ཀྱང་། ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནས་ཁུངས་ལྡན་གནས་ཚུལ་རྒྱུས་ལོན་བྱུང་ཡོད་པར་འགྲེལ་བརྗོད་གནང་སྟེ་རྒྱ་གཞུང་གིས་བོད་མི་གཙོ་གྱུར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་བཅངས་པའི་བསམ་ཚུལ་ངོ་མ་དེ་ཤུགས་ཀྱིས་བསྟན་ཡོད་པར་མངོན་གསལ་གནང་འདུག རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནང་དེ་སྔ་ཕྱི་ལོ་ ༡༩༨༠ གོང་ལ་བོད་ཡིག་དེ་དུས་རྟག་ཏུ་རྒྱ་ཡིག་གི་གོང་ལ་བཀུར་ནས་སྤྱི་པའི་མཚོན་རྟགས་ཀྱི་སྒོ་བྱང་དང་བརྡ་ཁྱབ། འཕྲེད་དར་སོགས་གང་རུང་ཐོག་བཀོད་ཀྱི་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་རུ་ཁག་ནས་འདས་པའི་ལོ་གཅིག་ནང་རྒྱ་ནག་གཞུང་འབྲེལ་གསར་ལམ་བརྒྱུད་གོང་ཞུས་གནད་དོན་སྐོར་གྱི་པར་རིས་ཁག་ཅིག་ཕྱོགས་སྒྲིག་གནང་བའི་ནང་དུ་བོད་ནང་དེ་སྔའི་འཕྲེད་དར་ཁག་ཅིག་མ་གཏོགས་གཞན་བོད་ནང་སྤྱི་པའི་སྒོ་བྱང་དང་ཡིག་བྱང་སོགས་མང་པོ་ཞིག་གི་སྟེང་རྒྱ་ཡིག་དེ་བོད་ཡིག་གི་གོང་དུ་བྲིས་ཡོད་པ་གསལ་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་ད་ལྟའི་ཆར་བོད་ཡིག་དེ་རྒྱ་ཡིག་ལས་ཆེ་མཐོང་ཆུང་བ་ཡོད་པ་མ་ཟད་རྒྱ་ཡིག་དེ་ཡུལ་དེའི་གཞུང་འབྲེལ་གྱི་སྤྱི་མཐུན་སྒོ་བྱང་ཁག་ལ་བཀོད་རྒྱུ་ཡོངས་གྲགས་བྱས་མེད་ཀྱང་ད་ཆ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ཐག་རིང་གྲོང་གསེབ་ཁག་ཡོངས་སུ་གཅིག་གྱུར་ལག་བསྟར་བྱེད་བཞིན་ཡོད་པ་དང་དེ་ནི་དབུས་གཞུང་གིས་གཉེར་དགོས་པའི་བཀའ་རྒྱ་བསྡམ་པ་ཞིག་ཡིན་པ་ར་སྤྲོད་གནང་འདུག ད་རེས་བོད་ནང་གི་སྤྱི་པའི་སྒོ་བྱང་ཁག་ཐོག་བྲིས་པའི་སྐད་ཡིག་དག་ལ་བསྒྱུར་བཅོས་བཏང་བ་དེ་ནི་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ནས་མངོན་གསལ་ཆགས་འགོ་ཚུགས་ཡོད་པ་དང་དེ་ནི་སྔ་ལོ་ཟླ་ ༨ ནང་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དེ་ཚོགས་ཏེ་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཐོག་གི་སྲིད་བྱུས་གསར་པ་ཡོངས་གྲགས་བྱས་པའི་རྗེས་ཀྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་འདྲེས་རྒྱུ་དང་དེ་དག་ལ་རྒྱལ་ཞེན་གྱི་སློབ་གསོ་སྤྲོད་རྒྱུའི་སྲིད་བྱུས་སོགས་ལག་བསྟར་བྱ་རྒྱུ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་བཏང་ནས་རྒྱ་ནག་གི་ཁེ་ཕན་ཁོ་ན་ཉིད་བསྒྲུབ་ཆེད་ཡིན་པར་མངོན་གསལ་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ད་དུང་རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོ་ཟེར་བའི་སྲིད་བྱུས་འོག་དོན་དངོས་ཐོག་བོད་ནང་གི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་བོད་ཀྱི་སྐད་ཡིག་སློབ་ཚན་གཅིག་པུ་མ་གཏོགས་གཞན་སློབ་ཚན་ཚང་མ་རྒྱ་སྐད་རྒྱ་ཡིག་ནང་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། ནང་སོག་ནང་དུའང་དེ་ལྟ་བུའི་སྲིད་བྱུས་ལག་བལྟར་བྱེད་བཞིན་རྐྱེན་གྱིས་སྔ་ལོ་ཕྱི་ཟླ་ ༩ པའི་ནང་ངོ་རྒོལ་སྐད་འབོད་ཀྱི་དོན་རྐྱེན་བྱུང་ཡོད་པ་སོགས་ལུང་འདྲེན་དང་འབྲེལ་ཏེ། རྒྱ་གཞུང་གིས་ད་སྐབས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་མུས་ཡིན་ཀྱང་མངོན་གསལ་དེ་ཙམ་མེད་པར་འགྲེལ་བརྗོད་གནང་བ་མ་ཟད་དེང་ཆར་རྒྱ་ནག་ཏུ་ལས་དོན་གང་ཞིག་གཉེར་རྒྱུར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་ཉེར་མཁོ་དེ་ཙམ་མེད་པར་གྱུར་ཡོད་པར་འགྲེལ་བརྗོད་གནང་འདུག

གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ནག་ཉེས་ངོས་ལེན་འོག་བཙོན་འཇུག་དུས་ཡུན་ཉུང་འཕྲི།

ཕྱི་ལོ་ ༢༠༠༨ ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་གནད་དོན་དང་འབྲེལ་ནས་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་བཙོན་འཇུག་དུས་ཡུན་སླར་ཡང་ཇེ་ཉུང་དུ་བཏང་སྟེ་ལོ་ བཅོ་བརྒྱད་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་འཛིན་བཟུང་བཀག་ཉར་བྱས་པ་དེ་ཐོག་མ་ཉིད་ནས་ནོར་འཁྲུལ་ཡིན་པར་སྐྱོན་བརྗོད་གནང་སོང་། རྩ་བའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་དེ་སྔ་ ༢༠༠༨ ལོའི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས་རྒྱ་གཞུང་གིས་བླ་བྲང་བཀྲིས་འཁྱིལ་དགོན་པ་ནས་འཛིན་བཟུང་བཀག་ཉར་བྱས་ཏེ་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་རྗེས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་མིང་གི་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་ཕྱི་ལོ་ ༢༠༡༤ ལོར་ཁོང་གི་ཚེ་བཙོན་གྱི་ཁྲིམས་ཐག་དུས་ཡུན་ཇེ་ཉུང་དུ་བཏང་སྟེ་ཁྱོན་ལོ་བཅུ་དགུའི་ཁྲིམས་ཐག་བཅད་པའི་ཐོག་ལོ་བདུན་རིང་གི་ཆབ་སྲིད་ཀྱི་ཐོབ་ཐོབ་ཁག་འཕྲོག་པའི་ཁར་ད་དུང་མ་འོངས་པར་ཁོང་བཙོན་གྲོལ་ཐོབ་པའི་རྗེས་སུ་ཉེན་རྟོག་པའི་ལྟ་སྲུང་ནན་མོའི་འོག་བཟང་བཙོན་དང་དེ་བཞིན་ཁོང་གི་འགྲོ་འོང་སོགས་ཀྱི་ཐད་ལ་ཁ་གསབ་ཀྱི་ཉེས་ཆད་བཅད་པ་ཞིག་ཡིན་པ་རེད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འབྲེལ་མཐུད་པ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྔར་ལོའི་ཕྱི་ཟླ་ ༤ ནང་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་ Tianshui ཞེས་པའི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ནག་ཉེས་ངོས་ལེན་བྱས་ཡོད་ཚུལ་གྱིས་བློ་འགྱོད་རྒྱུ་མཚན་དུ་བྱས་ནས་ཁོང་གི་བཙོན་འཇུག་ཁྲིམས་ཐག་ལ་བསྐྱར་དུ་ཟླ་བ་དྲུག་ཉུང་འཕྲི་བྱས་ནས་ཁོང་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ནང་ཀློད་གྲོལ་གཏོང་རྒྱུའི་ཚོད་དཔག་གནང་བཞིན་ཡོད་པར་བཀོད་འདུག གནད་དོན་དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་འཛིན་བཟུང་བཀག་ཉར་བྱས་པ་དེ་ཐོག་མ་ཉིད་ནས་ནོར་འཁྲུལ་ཡིན་པ་དང་ཁོང་ལ་བཙོན་ཁང་ནང་མི་སྤྱོད་དང་བྲལ་ཏེ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་དང་དེ་བཞིན་རང་གི་སྨྲ་བརྗོད་རང་དབང་སྤྱད་པའི་ཐོག་ནས་དྲང་བདེན་གྱི་གྱོད་ཞིབ་བྱ་རྒྱུའི་ཐོབ་ཐང་འཕྲོག་པ་མ་ཟད། ད་ཆ་རྒྱ་ནག་གི་བཙོན་ཁང་ནང་ཁོང་དང་ཁོང་འདྲ་བའི་བོད་རིགས་མང་དག་ཅིག་གིས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཞི་བའི་ངང་ལོངས་སུ་སྤྱད་པའི་རྐྱེན་གྱིས་མནར་སྤྱོད་མྱོང་བཞིན་ཡོད་པ་དེ་ནི་དྲང་བདེན་ལ་ཁྱད་གསོད་བྱས་པ་ཞིག་དང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པ་དེ་སྲིད་དབང་སྒེར་གཅོད་ལམ་ལུགས་བྱེད་མཁན་གཏེ་བོ་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག གཞི་རྩའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དགོན་པ་ནས་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ དང ༡༥ སོ་སོར་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ལས་འགུལ་ནང་མཉམ་ཞུགས་གནང་བ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་༸ཞབས་སོར་འཁོད་དགོས་པ་སོགས་ཀྱི་འབོད་ཚིག་ཁག་ཅིག་འོག་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་གནང་ཡོད་པ་དང་ལོ་དེའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་ཁོང་འཛིན་བཟུང་བཀག་ཉར་གྱིས་ལོ་གཅིག་དང་ཕྱེད་ཀའི་རྗེས་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་སྐབས་ཁོང་དགུང་ལོ་ ༣༦ དང་ད་ཆ་ཁོང་དགུང་ལོ་ ༤༩ ཙམ་ཡིན་པ་རེད།

བོད་འདི་རྒྱ་དཀར་ནག་བར་གྱི་གནད་དོན་སྙིང་པོ་དེ་རེད་ཅེས་གསུངས་འདུག

རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་དེ་སྔ་རྒྱ་ནག་ནང་ལ་རྒྱ་གར་གྱི་གཞུང་ཚབ་པ་གནང་མྱོང་མཁན་སྐུ་ཞབས་ Vijay Gokhale ལགས་ནས་བོད་འདི་རྒྱ་དཀར་ནག་བར་གྱི་གནད་དོན་སྙིང་པོ་དེ་རེད་ཅེས་གསུངས་འདུག དེ་ཡང་ཁེ་ཉིན་རྒྱ་གར་གྱི་ The Print གསར་ཁང་ནས་ཉེ་ཆར་སྐུ་ཞབས་ Vijay Gokhale ལགས་ཀྱིས་བྲིས་པའི་ The Long Game: How the Chinese Negotiate with India ཞེས་རྒྱ་ནག་གིས་རྒྱ་གར་ལ་གྲོས་མོལ་ཇི་ལྟར་བྱེད་ཅེས་འགོ་བརྗོད་འཁོད་པའི་དཔེ་དེབ་གསར་པའི་ནང་དོན་དང་འབྲེལ་དམིགས་བསལ་བཀའ་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་སྲིང་ཞུས་འདུག་པ་དང་། སྐབས་དེར་སྐུ་ཞབས་ Vijay Gokhale ལགས་ནས་ཁོང་གི་དཔེ་དེབ་གསར་པ་དེ་རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱེད་སྟངས་དང་། དེར་རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ནས་ཡ་ལན་བྱེད་སྟངས་སོགས་ཀྱི་ཐད་གཙོ་གནད་དུ་བྱས་པའི་དཔེ་དེབ་ཞིག་ཡིན་པར་ངོ་སྤྲོད་གནང་འདུགསྐབས་དེར་ The Print གསར་ཁང་གི་གསར་འགོད་པ་ Jyoti Malhotra ལགས་ནས་དཔེ་དེབ་དེའི་ནང་ལ་དོན་ཚན་ཆེ་ཁག་དྲུག་ཡོད་པའི་ནང་ནས་དོན་ཚན་དང་པོ་དེ་བོད་ཀྱི་སྐོར་བྲིས་དགོས་དོན་གང་ཡིན་བཀའ་འདྲི་ཞུས་སྐབས།  བོད་ཀྱི་གནད་དོན་དེ་དཔེ་དེབ་དེའི་ཆ་ཤས་ཤིག་ཡིན་པ་དང་། དེ་ཡང་ཕྱི་ལོ་༡༩༤༧ ནས་ ༡༩༥༩ བར་གྱི་གནས་སྟངས་ལ་གཞིགས་སྐབས། རྒྱ་གར་གཞུང་ནས་བོད་ཀྱི་གནད་དོན་དེ་ཐོག་མ་ཉིད་ནས་མ་གོ་མ་ཐོས་ལྟ་བུ་བྱས་ཏེ་བཞག་པ་མ་ཟད། རྒྱ་གར་གཞུང་ནས་ཆབ་སྲིད་འབྲེལ་ལམ་བརྒྱུད་རྒྱ་ནག་ལ་སྐད་ཆ་བཤད་སའི་བརྒྱུད་ལམ་ཡོད་པ་དེ་དག་ཀྱང་བེད་སྤྱོད་བྱས་མེད་སྟབས། ད་ལྟའི་བོད་ཀྱི་གནས་སྟངས་འདིའི་གཞི་རྩ་ནི་སྐབས་དེའི་རྒྱ་གར་གྱི་འགོ་ཁྲིད་ཚོར་ཕྱི་འབྲེལ་གྱི་ལས་དོན་ཐོག་ལ་ཉམས་མྱོང་ཞན་ཞིང་། རྒྱ་ནག་གི་འགོ་ཁྲིད་ཚོར་ཉམས་མྱོང་ཆེ་བ་ཡོད་པའི་གནས་སྟངས་དེར་ཐུག་ཡོད་པར་གསུངས་འདུག མ་ཟད་དེ་སྔ་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་རྒྱ་ནག་དང་གྲོགས་པོ་སྒྲིག་རྒྱུའི་བསམ་བློ་ཁོ་ན་བཏང་པའི་སྐབས་དེར་རྒྱ་ནག་ཕྱོགས་ནས་རང་ཉིད་ཀྱི་དགོས་དོན་སྒྲུབ་རྒྱུར་གཙོ་འདོན་བྱས་ཡོད་པ་དང་། དེ་ཡང་གཙོ་བོ་གཅིག་དེ་བོད་ཀྱི་བདག་དབང་རྒྱ་ནག་ལ་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་པ་ལྟར། རྒྱ་ནག་གི་ངོས་ནས་རང་ཉིད་ཀྱི་དགོས་འདུན་དེ་འགྲུབ་ཐུབ་པ་བྱས་ཡོད་པ་རེད་ཅེས་གསུངས་འདུག ལྷག་པར་དུ་སྐུ་ཞབས་ Vijay Gokhale ལགས་ཀྱིས་འདས་ཟིན་པའི་རྒྱ་དཀར་ནག་དབར་གྱི་གནས་སྟངས་དང་ད་ལྟའི་གནས་སྟངས་གང་གི་ཐད་ནས་བཤད་ཀྱང་། བོད་ཀྱི་གནད་དོན་དེ་ནི་རྒྱ་དཀར་ནག་དབར་གྱི་གནད་དོན་སྙིང་པོ་དེ་ཡིན་པ་དང་། ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་སུ་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་བྱེད་མཁན་ཚོར་གདོང་ལེན་ནན་པོ་བྱེད་རྒྱུ་ཡིན་ཞེས་བཤད་པ་དེ་བོད་ཀྱི་གནདད་དོན་ཐོག་ནས་བལྟས་ན་རྒྱ་གར་ལ་བརྡ་ལན་བཏང་བ་ཞིག་ཀྱང་མཚོན་ཐུབ་པ་མ་ཟད། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་རྒྱ་གར་ལུང་པ་ཡིན་པ་དེ་ཡིས་རྒྱ་ནག་ལ་རང་བཞིན་གྱིས་མི་བདེ་བའི་བསམ་བློ་ཞིག་ཡོད་ངེས་རེད་ཅེས་གསུངས་འདུག གཞན་ཡང་ཁོང་གིས་རྒྱ་ནག་ཕྱོགས་ནས་ཕྱི་རྒྱལ་ཁབ་དང་འབྲེལ་བ་བྱེད་པའི་སྐབས་ལ་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ་གཞན་བསླུ་ཐབས་ཀྱི་བསམ་བློ་ཤུགས་ཆེན་པོ་འཛིན་གྱི་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བྱེད་རྒྱུ་ནི་རྒྱ་ནག་གི་ཐབས་ལམ་གསར་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གཞུང་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་གང་འདྲ་ཞིག་བྱས་རུང་། ཕྱོགས་གཉིས་ཀས་མོས་མཐུན་ཐོག་མཚན་རྟགས་བཀོད་རྒྱུ་ཡོད་པའི་འབྲེལ་བ་རིགས་བྱེད་པ་མ་གཏོགས།  ཕྱིའི་ངོ་གདོང་ཁོ་ན་ལ་བལྟས་ནས་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུ་དེ་ཉེན་ཁ་ཅན་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Vijay Gokhale ལགས་ཀྱིས་དཔེ་དེབ་གསར་པ་དེའི་ནང་ལ་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དང་། བོད། དེ་བཞིན་རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་འབྲེལ་ལམ་སོགས་དོན་ཚན་ཆེ་ཁག་དྲུག་ཙམ་འཁོད་ཡོད་འདུག

Latest news