Tibetan Royal Year of 2151 | Year of the Wood Dragon

བོད།

བོད་རིག་དམར་ཤོག་ཚོགས་པའི་ལས་བྱེད་མཐོ་གྲས་གསུམ་ལས་གནས་ནས་ཕྱིར་འབུད།

རྒྱ་ནག་གཞུང་གིས་བོད་ནག་ཆུ་དང་གཞིས་ཀ་རྩེ། མཚོ་སྔོན་ཁུལ་གྱི་ཐུན་ཏེ་རྫོང་བཅས་ཀྱི་བོད་རིགས་དམར་ཤོག་ཚོགས་པའི་ལས་བྱེད་མཐོ་གྲས་གསུམ་ལ་ཏང་གི་ཕུགས་བསམ་གཏོར་ནས་དམ་ཚིག་ཉམས་པ། ཆོས་ལུགས་ལ་དད་པ་ཞུ་བར་ཏང་གི་འགན་འཁུར་མ་བསྒྲུབ་པ་སོགས་ཀྱི་ཉེས་འཛུགས་སྣ་ཚོགས་འོག་ལས་གནས་ནས་ཕྱིར་འབུད་བཏང་བ་མ་ཟད་ལས་བྱེད་པ་དེ་དག་གི་རྒྱུ་དངོས་རྣམས་ཀྱང་གཞུང་བཞེས་བཏང་འདུག ཉེ་ཆར་རྒྱ་ནག་གཞུང་གི་ Weixin བརྒྱུད་ལམ་ཐོག་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བ་དང་ལྷག་པ་སོ་སོར་གནས་ཚུལ་ཐོན་པར་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཐུན་ཏེ་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པ་ལྕགས་མཐར་འབུམ་དང་བོད་རང་སྐྱོང་ལྗོང་ཟེར་བའི་ནག་ཆུ་ས་ཁུལ་གྱི་ནག་ཆུ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་འགན་འཛིན་ཟླ་བ་དོན་གྲུབ། དེ་བཞིན་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ཀྱི་དིང་རི་རྫོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་བུ་ཆུང་ཚེ་རིང་བཅས་སྒེར་སོ་སོའི་ད་ལྟའི་ལས་གནས་དང་དམར་ཤོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། ལྐོག་ཟ་སོགས་ཀྱི་གྱོད་དོན་འོག་ཞིབ་བཤེར་བཀག་ཉར་བྱས་པ་དང་དེ་དག་གི་རྒྱུ་དངོས་རྣམས་གཞུང་བཞེས་བཏང་ཡོད་པ་རེད། ཉེ་ཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ད་རེས་ཀྱི་གནད་དོན་དེ་ནས་རྒྱ་ནག་གི་ཁྲིམས་དེ་དག་ཆབ་སྲིད་ཀྱི་ལག་ཆ་ཡིན་པ་མ་གཏོགས་དོན་དམ་ཐོག་ཁྲིམས་མེད་ལུགས་མེད་ཡིན་པར་མངོན་གསལ་ཆགས་ཡོད་པ་མ་ཟད། དེང་སྐབས་རྒྱ་གཞུང་གིས་བོད་ནང་གི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་ཀྱི་གནད་དོན་ཐོག་སེམས་འཁུར་བཞེས་མཁན་གྱི་ནུས་འཇོན་ལྡན་པའི་གང་ཟག་རྣམས་རིམ་བཞིན་མེད་པ་བཟོ་བཞིན་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད། ད་རེས་བོད་མི་གསུམ་ལ་ཏང་གི་ཕུགས་བསམ་མ་བསྒྲུབ་པ་ཞེས་པ་དེ་རྒྱུ་མཚན་གཙོ་བོར་བཟུང་ནས་ཉེས་འཛུགས་གཡོགས་པ་ཞིག་ཡིན་སྟབས། རྒྱ་གཞུང་གི་ལས་བྱེད་གང་ཟག་གཅིག་ཡིན་ཀྱང་མི་མང་གི་ཕུགས་བསམ་བསྒྲུབ་རྒྱུ་དེ་གནད་ཆེ་ཡིན་པས་ཏང་གི་ཕུགས་བསམ་མ་བསྒྲུབ་པ་ཞེས་པ་དེས་རྒྱ་ནག་གི་དབང་ཆ་གཅིག་སྤྱོད་སྒེར་འཛིན་གྱི་སྲིད་བྱུས་མངོན་གསལ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་། སྤྱིར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་རིམ་པ་ཐོན་པའི་ནང་འདི་ལོའི་ཕྱི་ཟླ་ ༡ ནས་ ༩ བར་རྒྱ་གཞུང་གིས་ལྐོག་ཟ་དང་གཡོ་ལེན་སོགས་ཀྱི་ནག་ཉེས་དོགས་ཡོད་མི་སྣ་ཁྲི་གསུམ་ལྷག་འཛིན་བཟུང་བྱས་ཡོད་སྐོར་འཁོད་ཡོད་ཀྱང་། འཛིན་བཟུང་བྱས་ཟིན་པའི་མི་སྣའི་ཁོངས་སུ་བོད་མི་མི་ཉུང་བ་ཞིག་ཡོད་པ་དང་མི་རིགས་གཞན་ཇི་ཙམ་ཡོད་མེད་སོགས་གསལ་བཀོད་མེད་པ་རེད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་འགྲུབ་ལགས་སྐུ་གྲོངས་འདུག

ཨ་མདོ་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་བོད་ཀྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་འགྲུབ་ལགས་རྒྱ་ནག་གི་བཙོན་གྲོལ་ཐོབ་རྗེས་ནད་གཅོང་དུ་གྱུར་ཏེ་ཁ་སང་ཁྲིན་ཏོའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་དུ་སྐུ་གྲོངས་བའི་གནས་ཚུལ་ཐོན་འདུགགཞི་རྩའི་རྩོམ་པ་པོ་ཁོང་གི་དངོས་མིང་ལ་རྭ་ཚེ་རིང་དོན་གྲུབ་དང་སྨྱུག་མིང་ལ་ཤིང་ལོ་དམར་པོ་འབོད་ཀྱི་ཡོད་པ་ཁོང་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་རོང་ཐ་དགོན་པའི་དགེ་འདུན་པ་ཡིན་འདུག་པ་དང་ཁོང་ནི་སྔ་རྗེས་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་ཡིན་པ་མ་ཟད་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ལོའི་བྱུང་བ་དངོས་བྲིས་ཀྱི་དཔེ་དེབ་གསོན་མིག་ཅེས་པ་ཞིག་ལས་རོགས་ཁག་ཅིག་དང་ལྷན་དུ་པར་སྐྲུན་བྱས་རྐྱེན་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གིས་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་འཇུག་བྱས་ཡོད་པ་རེད། དེ་རིང་འདི་གའི་རླུང་འཕྲིན་ཁང་ལ་ཨོ་གླིང་དུ་བཞུགས་པའི་ཆབ་སྲིད་བཙོན་ཟུར་རམ། འདས་བོ་ཚེ་རིང་དོན་འགྲུབ་ལགས་ཀྱི་རྩོམ་སྒྲིག་ལས་རོགས་གནང་མྱོང་མཁན་ཤེལ་དགེ་འདུན་ཚེ་རིང་ལགས་ཀྱིས་ཆབ་སྲིད་བཙོན་ཟུར་ཁོང་ཁ་སང་སྐུ་གྲོངས་བའི་ཐད་ནས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཁོང་ནི་དུས་རྒྱུན་ནས་རྩོམ་ཡིག་དང་རི་མོ་འབྲི་མཁན་ཞིག་ཡིན་པ་མ་ཟད། དུས་རྒྱུན་ནས་བོད་སྤྱི་བའི་ལས་དོན་ལ་སེམས་ཁུར་གནང་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པ་དང་། རྗེས་སུ་བཙོན་གྲོལ་ཐོབ་རྗེས་ཁོང་ལ་མཆིན་ནད་ཕོག་ནས་སྨན་བཅོས་རིམ་པ་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་ཁ་སང་སྐུ་ཚེ་མ་ཟིན་པར་གྲོངས་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་ལ་མཆིན་ནད་ཕོགས་དོན་དེ་བཙོན་འཇུག་སྐབས་སུ་སྨན་བཅོས་ལྟ་སྐྱོང་དང་བཟའ་བཏུང་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བཀའ་འདྲི་ཞུས་པར་ཁོང་གིས། དུས་རྒྱུན་ཁོང་ལྟ་རྟོག་གི་འོག་ཡོད་སྟབས་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་ཐབས་མ་བྱུང་ཡང་། བོད་ཁུལ་གྱི་ཆབ་སྲིད་བཙོན་པ་སྤྱི་ཡོངས་ཀྱི་འཕྲོད་བསྟེན་གྱི་གནས་བབ་ཆ་ནས་མཁལ་མ་དང་མཆིན་པ་ནད་གཅོང་དུ་འགྱུར་བཞིན་པ་དེ་གཅིག་མཚུངས་ཡིན་སྟབས་ཁོང་གི་གནས་སྟངས་ཀྱང་དེ་ལྟ་བུ་ཞིག་གི་འོག་ནས་འདས་གྲོངས་སུ་གྱུར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་དངོས་ཡོད་གནས་ཚུལ་ལ་ཁ་ཚོན་བཤད་ནས་བརྗོད་དཀའ་བར་གསུངས་སོང་། གཞན་ཡང་དགེ་འདུན་ཚེ་རིང་ལགས་ཀྱིས་འདས་བོ་ཁོང་དང་མཉམ་དུ་རྩོམ་སྒྲིག་གི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པས་ཆ་ནས་ཁོང་སྐུ་ཚེ་མ་ཟིན་པའི་གནས་སྟངས་དེ་ཐོས་འཕྲལ་ཡིད་སེམས་སྐྱོ་བའི་གནས་སུ་ལྷུང་སྐོར་དང་འབྲེལ་ནས། བོད་ཁུལ་གྱི་ཆབ་སྲིད་ཀྱི་བཙོན་པ་སྤྱི་ཡོངས་གློད་གྲོལ་ཐོབ་ཀྱང་གཟུགས་པོར་མཐོང་ཆོས་སུ་ཡོད་པའི་རྨ་ཁ་དེ་འདྲ་མེད་ནའང་ག་ལེར་འདས་གྲོངས་སུ་འགྲོ་རྒྱུ་ཉག་གཅིག་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དེ་ཕྱོགས་གཞན་ཞིག་ནས་ཆབ་སྲིད་བཙོན་པ་ཡོངས་ཀྱི་རྒྱུན་ལྡན་གྱི་གནས་བབ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཚུལ་ངོ་སྤྲོད་གནང་སོང་། གཞི་རྩའི་ཁ་སང་འདས་གྲོངས་སུ་ཕྱིན་མ་ཐག་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་ཁོང་གི་དངོས་མིང་ལ་རྭ་ཚེ་རིང་དོན་གྲུབ་ ལགས་ནི་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་རོང་ཐ་དགོན་པའི་དགེ་འདུན་པ་དང་སྙུག་མིང་ལ་ཤིང་ལོ་དམར་པོ་འབོད་ཀྱི་ཡོད་ པ་དང་བཙོན་གྲོལ་ཐོབ་རྗེས་ཀྱང་རྔུལ་ཁྲག་ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད་འདུག

ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་སེམས་འཚབ་ཀྱི་སྙན་ཐོ་འདོན་སྤེལ།

ཁ་སང་ཡུ་རོབ་གྲོས་ཚོགས་ཀྱིས་ཡུ་རོབ་དང་རྒྱ་ནག་གི་འཐབ་བྱུས་ཁྲོད་རྒྱ་ནག་གིས་བོད་ནང་དུ་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པར་སེམས་འཚབ་དང་འབྲེལ་ནས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཕྱི་ལོག་གི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་རྣམས་རང་དབང་གི་སྒོ་ནས་བོད་ཁུལ་དུ་གཏོང་དགོས་བའི་སྐུལ་མ་གནང་འདུགགཞི་རྩའི་ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་དང་འབྲེལ་བའི་སྙན་ཐོ་དེ་ནི་ཡུ་རོབ་ཁུལ་གྱི་བྷེལ་ཇམ་གྱི་གྲོས་ཚོགས་འཐུས་མི་ Hilde Vautmans ལགས་ཀྱིས་རྩ་འཛིན་དྲུག་གི་སྒང་ནས་ཆེད་འདོན་གནང་བ་ཞིག་ཡིན་ཞིང་། རྩ་འཛིན་དེ་དག་གི་ནང་དུ། རྒྱ་ནག་གིས་བོད་ཁུལ་དུ་ངལ་རྩོལ་སྒྱུར་བཀོལ་ཚད་མེད་བྱེད་བཞིན་པ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་ལ་སྟངས་འཛིན་བྱེད་བཞིན་པ་སོགས་དང་འབྲེལ་ནས། རྒྱ་ནག་གིས་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་དང་རྒྱལ་སྤྱིའི་ལམ་ལུགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་མཐོང་སྤྲོད་དགོས་བའི་གནད་དོན་ཁག་ཅིག་འཁོད་ཡོད་འདུགསྙན་ཐོ་དེའི་ནང་དུ། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གིས་བོད་ནང་ཙམ་དུ་མ་ཟད། ཤིན་ཅང་མི་མང་དང་ནང་སོག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡང་ཚབས་ཆེན་གྱི་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གནང་བ་དང་འབྲེལ་ནས། རྒྱ་ནག་གིས་ངེས་བར་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་འགན་དབང་ལ་གུས་བརྩི་ཡོད་པའི་ཐོག་ནས་མི་མང་གི་ཐོབ་ཐང་ལ་ བརྩི་བཀུར་ཞུ་དགོས་བའི་འབོད་སྐུལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཀྱི་སྲིད་བྱུས་ཀྱི་འགན་འཛིན། སྐུ་ཞབས་ Vincent Metten ལགས་ཀྱིས་ཡུ་རོབ་ཀྱི་བོད་དོན་གྱི་སྙན་ཐོ་དེ་འདོན་སྤེལ་གནང་བར་དགའ་བསུ་ཞུས་པ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ནང་གི་ངལ་རྩོལ་བསྒྱུར་བཀོལ་གྱི་གནད་དོན་དང་བླ་སྤྲུལ་ངོས་འཛིན་སོགས་ཀྱི་གནད་དོན་མངོན་གསལ་དོད་པའི་གླེང་སློང་བྱས་པ་དེ་ནི་གནད་འགག་ཆེན་པོ་ཞིག་ཡིན་ཚུལ་དང་འབྲེལ་ནས། རྒྱ་ནག་གིས་བླ་སྤྲུལ་ངོས་འཛིན་ལ་ཐེ་གཏོགས་བྱེད་བཞིན་པ་དེ་ནི་གཙོ་བོ་༸གོང་ས་མཆོག་གི་ཡང་སྲིད་ལ་དམིགས་ཡོད་པ་ཞིག་ཡིན་པར་མངོན་གསལ་གནང་འདུགདེ་བཞིན་ལས་འགུལ་ཁང་གིས་ཉེ་བའི་ལོ་འགའི་རིང་ནས་བཟུང་རྒྱ་ནག་གིས་བོད་ནང་དུ་ཁྲིམས་སྒྲིག་ཁག་འདྲ་མིན་བཟོས་ཏེ་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་དེ་ཁྲིམས་མཐུན་གྱི་ཐོག་ནས་བདག་དབང་རྩོད་ཐབས་ལ་འབད་བརྩོན་དང་མི་མང་གི་གིས་རང་གི་རྩ་བའི་མ་མར་དད་གུས་བྱེད་རྒྱུའི་ཆོས་ལུགས་རང་མོས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག གཞན་ཡང་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོའི་ནང་དུ། རྒྱ་ནག་གིས་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་མི་སྣ་རྣམས་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་བྱས་པ་ཁག་ཕྱིར་འཐེན་མ་བྱས་བར་དུ་ཡུ་རོབ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྱི་གན་ཡིག་ཁག་ལག་བསྟར་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་བ་མ་ཟད། རྒྱ་ནག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་གྱི་གནད་དོན་དེ་ནི་ཁྲིམས་ལུགས་ཀྱི་གཞི་རྩ་གང་ཡང་མེད་པར། རྒྱ་ནག་གིས་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་ཡུ་རོབ་ཀྱིས་གླེང་སློང་མི་བྱེད་རྒྱུར་དམིགས་པ་ཞིག་ཡིན་པར་གསལ་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་མཐུན་གྱི་ཐོག་ནས་རྒྱ་ནག་གི་ལམ་ལུགས་སྤྱི་ཡོངས་ལ་གོ་རྟོགས་ཡོང་ཆེད་རང་དབང་ལྡན་པའི་ཚོགས་སྐྱིད་ཁག་དང་གྲོས་ཚོགས་འཐུས་མི། དེ་བཞིན་ཆེད་མཁས་བ་རྣམས་ཀྱིས་མཉམ་འཛོམས་ཀྱི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཡར་རྒྱས་གོང་འཕེལ་ཡོང་ཐབས་སུ་དམིགས་བསལ་གྱི་འཐབ་བྱུས་གསར་རྩོམ་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུག གཞི་རྩའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་གཞིགས་ནས། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་རྒྱ་ནག་ཏུ་བསྡུ་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་བྱེད་དགོས་བའི་གྲོས་འཆར་ཡང་བཏོན་ཡོད་པ་ལྟར། ཡུ་རོབ་གྲོས་ཚོགས་ཀྱིས་ཟླ་བ་བདུན་པའི་ནང་དུ།  རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་་དང་འབྲེལ་ནས་ཡུ་རོབ་ཁུལ་གྱི་དཔོན་རིགས་ཁག་དང་ཁུལ་དེའི་ལྟེ་གནས་འདྲ་མིན་གྱི་འཐུས་ཚབ་རྣམས་ཀྱིས་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་འབོད་རྩིས་མེད་ཀྱིས་མཉམ་ཞུགས་མི་གནང་བའི་གྲོས་འཆར་ཞིག་བཞག་ཡོད་པ་ལྟར། རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པ་རེད།

རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣས་བོད་མི་འཛིན་བཟུང་དང་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་གླེང་བ།

རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཞིས་རྒྱ་གཞུང་དང་མཉམ་དུ་གླེང་སློང་བརྒྱུད་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱི་གནད་དོན་ཆེད་བཏོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་དང་བཙན་དབང་འཛིན་བཟུང་ཚོགས་ཆུང་། དེ་བཞིན་གྲངས་ཉུང་མི་རིགས་དང་ཆོས་ལུགས་རང་དབང་གི་གནད་དོན་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་བཅས་བཞི་ཟུང་སྦྲེལ་ཐོག་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱི་གནད་དོན་ཐད་ཆེས་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་པར་འགྲེལ་བརྗོད་དང་སྦྲགས། ཆེད་ལས་མི་སྣས་ཁོང་རྣམ་པར་མཁོ་སྤྲོད་བྱུང་བའི་གནས་ཚུལ་དག་ལས་དམིགས་བསལ་གྱི་བློ་འཚབ་བྱུང་གཞི་གཙོ་བོ་ནི་རྒྱ་གཞུང་གིས་བོད་མི་འཛིན་བཟུང་བྱེད་བཞིན་པ་དེ་ཁོ་ན་མིན་པར་བཙན་དབང་གིས་གཞན་ལ་འབྲེལ་ལམ་གནང་ས་མེད་པའི་བཀག་བསྐྱིལ། དེ་བཞིན་གསང་བའི་ཁྲིམས་བཤེར་དང་རྒྱུས་མེད་པའི་ཉེས་འཛུགས་བྱ་རྒྱུ་སོགས་ནི་ཆེས་དངངས་སྐྲག་འོས་པའི་རིམ་པ་ཞིག་མཚོན་གྱི་ཡོད་པར་མངོན་གསལ་གནང་བ་མ་ཟད་དེའི་ཁོངས་ནས་ཁག་ཅིག་ལ་བཙན་ཤེད་བཏང་རྐྱེན་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་གསུངས་ཡོད།དེ་བཞིན་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྩ་ཁྲིམས་གཞི་ལ་བཞག་སྟེ་ཁས་ལེན་གང་བྱས་ཡོད་མེད་ལ་ལྟོས་མེད་རྒྱ་ནག་གཞུང་ལ་བོད་མི་བཙོན་པ་གཉིས་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དང་ཁོང་གཉིས་ཁྲིམས་ཀྱི་གཞི་རྩ་གང་ཞིག་གི་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནད་དོན་ཁག་མཁོ་སྤྲོད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ནང་གི་ཁྲིམས་དོན་ཞུ་གཏུག་འགན་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་ཀྱང་ད་རེས་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་རྒྱ་གཞུང་དང་མཉམ་དུ་བོད་དོན་གླེང་བར་ཆེས་དགའ་བསུ་ཞུ་འོས་ཤིག་རེད་ཅེས་གསུངས་པ་དང་སྦྲགས། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་ཀྱི་གནད་དོན་དེས་བོད་ནང་གི་དྲག་གནོན་དེ་ཇི་ཙམ་དངངས་སྐྲག་ཅན་ཞིག་ཡིན་པར་མཚོན་གྱི་ཡོད་པ་དེ་ལྟར་ནའང་རྒྱ་གཞུང་གིས་སྙིང་རྗེ་མེད་པར་དེ་ལ་ངོས་ལེན་མ་བྱས་པ་དང་བོད་མིའི་རང་དབང་གི་བསམ་ཚུལ་ལ་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པར་སྐྱོན་བརྗོད་གནང་སྟེ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་གཉིས་གང་མགྱོགས་གློད་བཀྲོལ་དགོས་པར་ནན་བརྗོད་གནང་འདུགཁོང་གིས་གཞན་ལ་འབྲེལ་ལམ་བྱ་རྒྱུའི་གོ་སྐབས་དང་བྲལ་བའི་བཙོན་པའི་བཀག་སྐྱིལ་དེ་ནི་ཆེས་དངངས་སྐྲག་ཅན་ཞིག་དང་དོ་དམ་བྱེད་པོ་དེར་འགན་འཁྲི་མེད་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་དགོས་པའི་ཉེན་ཁ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ། རྒྱལ་སྤྱིའི་ཚོགས་སྡེ་དང་གཞུང་། དེ་བཞིན་གྲོས་ཚོགས་བཅས་ལ་བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་ཡོངས་གྲགས་ཐོག་གླེང་སློང་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག བོད་ནང་ད་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་ཁར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྱུར་བཞིན་པ་སེལ་ཐབས་སུ་གྲོས་གཞི་གཙོ་གྲས་སུ་བསྐྱར་དུ་འཇུག་སྐོར་གསུངས་འདུག

སེར་ཤུལ་རྫོང་ཐོག་ནས་འཛིན་བཟུང་བྱས་པའི་བོད་མི་ཚོར་ཟས་གོས་ཡག་པོ་མེད་པའི་ངལ་འཕྲད།

རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་དུ་དམ་དྲག་ཤུགས་ཆེར་བྱས་ཡོད་པའི་ཁྲོད་ཟླ་བ་སྔོན་མའི་ཚེས་ ༢༢ ནས་བཟུང་སྟེ་བོད་མི་ ༡༡༣ ཙམ་ཞིག་སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་པའི་ཁྲོད། འདས་པའི་བདུན་ཕྲག་གསུམ་གྱི་ནང་ཁྱོན་བོད་མི་ ༡༢༡ ཙམ་འཛིན་བཟུང་བྱས་པ་ཤེས་རྟོགས་བྱུང་བ་ལྟར་ད་ཆ་བཙོན་ཁང་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཟས་དང་གྱོན་ཆས་ཡག་པོ་མ་རག་པ་དང་བཀག་ཉར་འོག་བོད་མི་ཁག་ཅིག་ལ་ནད་གཞི་ལྕི་མོ་ཕོག་ཡོད་ཀྱང་སྨན་བཅོས་ཀྱི་མཐུན་འགྱུར་འཐུས་ཚང་མེད་པའི་ཁར་བཙན་དབང་གིས་འདྲི་རྩད་དང་སློབ་གསོ་སོགས་སྤེལ་བའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།དེ་རིང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་རྣམས་ལ་བཙོན་ཁང་ནང་དུ་ཟས་གོས་ཡག་པོ་མ་རག་པའི་ངལ་བ་ཆེན་པོ་འཕྲད་བཞིན་པའི་ཁར་བོད་མི་ཁག་ཅིག་ལ་ནད་གཞི་ལྕི་མོ་ཕོག་ཡོད་པ་དང་། དེའི་ཁོངས་ནས་བོད་རིགས་བུད་མེད་ཅིག་ལ་བཀག་ཉར་ཁང་དུ་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་སེར་ཤུལ་རྫོང་གི་སྨན་ཁང་དུ་བསྟེན་གཏུགས་གནང་ཡང་སྨན་ཁང་གིས་བཅོས་ཐབས་མེད་སྐོར་བཤད་སྟབས། ཉེན་རྟོག་པས་སྨན་ཁང་གཞན་ལ་བསྟེན་གཏུགས་བྱ་རྒྱུའི་ཆོག་མཆན་སྤྲད་མེད་པ་རེད་འདུག དེ་བཞིན་བཙོན་པ་རྣམས་ལ་ཉིན་ལྟར་བཙན་དབང་གིས་འདྲི་རྩད་དང་སློབ་གསོ་སོགས་སྤེལ་བཞིན་ཡོད་པ་གསུངས་ཡོད། གནས་ཚུལ་མཁོ་སྤྲོད་པས་ད་དུང་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་འཛིན་བཟུང་བྱས་པའི་ཁོངས་གྲྭ་བསྟན་འཛིན་ཉི་མ་ལགས་དམར་གསོད་བཏང་ཡོད་སྟབས་སྐབས་དེར་འཛིན་བཟུང་བྱས་པའི་བོད་མི་བཞན་རྣམས་ལ་ཡང་བཙོན་ཁང་དུ་ཞལ་ལག་གི་མཐུན་རྐྱེན་ཧ་ཅང་ཞན་རྐྱེན་ནད་གཞི་དྲག་པོ་ཕོག་པ་ཤེས་རྟོགས་བྱུང་སྐོར་གསུངས་ཡོད། ད་ལྟའི་ཆར་རྫ་སྨད་དབོན་པོ་གཅིག་པོར་མ་ཡིན་པར་རྫ་ཆུ་ཁའི་ས་ཁུལ་གཞན་གྱི་ནང་དུའང་དམ་དྲག་གཅིག་མཚུངས་བྱེད་བཞིན་ཡོད་པ་དང་བོད་མི་བཟུང་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོས་རྒྱུ་ཡོད་སྐོར་གསུངས་སོང་། རྩ་བའི་རྫ་སྨད་དབོན་པོ་ཁུལ་དུ་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་གི་དྲག་ཆས་དམག་མི་བསླེབས་ནས་དམ་དྲག་བྱས་པ་དང་དེ་རྗེས་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༢ ཉིན་སླར་ཡང་ས་གནས་སུ་དྲག་ཆས་དམག་མི་ཕོན་ཆེར་འབྱོར་ཏེ་དེ་སྔ་༸གོང་ས་མཆོག་གི་༸སྐུ་པར་ཉར་མཁན་རྣམ་པ་ཐོ་འགོད་བྱས་ཡོད་པ་གཙོས་བོད་མི་སྐྱ་སེར་ཕོ་མོ་ ༡༡༣ ཙམ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་བཞིན་ཕྱི་ཟླ་ ༨ མཇུག་ཏུ་རྫ་སྨད་དབོན་པོ་ཁུལ་ནས་དང་པོ་མི་ ༦༠ དང་དེ་རྗེས་ ༥༣ དེ་རྗེས་ཟླ་བ་འདིའི་ཚེས་ ༣ ཉིན་མི་ ༨ བཅས་ད་བར་ཤེས་རྟོགས་བྱུང་བ་ཁྱོན་བོད་མི་ ༡༢༡ ཙམ་འཛིན་བཟུང་བྱས་ཡོད་པ་རེད། དེའི་ཁོངས་ནས་ད་བར་བོད་མི་ ༤ གློད་བཀྲོལ་བཏང་ཡོད་པ་མ་གཏོགས་གཞན་རྣམས་མུ་མཐུད་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱེད་མུས་ཡིན་པ་རེད།ད་ལན་འཛིན་བཟུང་བྱས་པའི་བོད་མི་སྐྱ་སེར་ཕོ་མོ་མང་དག་ཅིག་༸གོང་ས་མཆོག་གི་༸སྐུ་པར་ཉར་བ་དང་འབྲེལ་ནས་འཛིན་བཟུང་བྱས་པ་ཞིག་དང་ཁག་ཅིག་ཕྱི་ཕྱོགས་ལ་འབྲེལ་བ་གནང་བ། དེ་བཞིན་བཀའ་མོལ་འདྲ་མིན་གནང་བ། ས་གནས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱས་པ་ཤེས་རྟོགས་ཐུབ་ཡོད་པ་རེད།

སྐད་འཕྲིན་ནང་རྒྱ་ཡིག་གཙོ་ཁྲིད་ཀྱི་བཀོད་ཁྱབ་དང་འབྲེལ་ནས་གླེང་སློང་གནང་རྐྱེན་བོད་མི་གཉིས་འཛིན་བཟུང་།  

རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་བོད་མི་གཞན་སྐྱེས་སློབ་མ་གཡང་རི་དང་མགུ་གྲགས་གཉིས་ཀྱིས་ཉེ་ཆར་ས་གནས་སྲིད་གཞུང་གི་སྟོན་ཁའི་སློབ་དུས་སྐབས་བོད་ཡིག་སློབ་དེབ་ཚབ་ཏུ་རྒྱ་སྒྱུར་སློབ་དེབ་ངེས་ཁྱེར་དགོས་པའི་བཀོད་ཁྱབ་སྤེལ་བར་བློ་འཚབ་ཀྱིས་སྐད་འཕྲིན་ནང་དེ་འབྲེལ་གླེང་སློང་གནང་བར་བརྟེན་འཛིན་བཟུང་བྱས་འདུགཉེ་ཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབས་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཡང་རི་ལགས་དང་མགུ་གྲགས་ལགས་གཉིས་ཟླ་བ་སྔོན་མའི་ཚེས་ ༢༤ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པ་དང་། ཁོང་གཉིས་ཀྱིས་སློབ་གྲྭའི་སྟོན་ཁའི་སློབ་དུས་སྔོན་ལ་ས་གནས་སྲིད་གཞུང་གིས་བོད་ཡིག་སློབ་དེབ་ཚབ་ཏུ་རྒྱ་སྒྱུར་སློབ་དེབ་ངེས་ཁྱེར་དགོས་པའི་བཀོད་ཁྱབ་སྤེལ་བར་བློ་འཚབ་ཀྱིས་ wechat འམ་སྐད་འཕྲིན་ནང་དེ་འབྲེལ་གླེང་སློང་གནང་བའི་སྐབས་གཅིག་གིས་སྲིད་གཞུང་གི་བྱ་འགུལ་དེའི་ཁྲོད་མ་འོངས་པར་བོད་མི་རྣམས་ལ་དཀའ་ངལ་འཕྲད་ངེས་ཡིན་སྐོར་དང་། དེ་བཞིན་གཞན་དེས་གལ་ཏེ་རྒྱ་གཞུང་གིས་སློབ་དེབ་ཆ་ཚང་རྒྱ་ཡིག་ཐོག་བསྒྱུར་ཚེ་བོད་རིགས་སློབ་མ་རྣམས་ལ་མུ་མཐུད་སློབ་སྦྱོང་གནང་བར་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ངལ་བ་དེ་ལྟར་འཕྲད་ན་སློབ་གྲྭར་བསྐྱོད་པ་ལས་རི་མགོར་ར་ལུག་འཚོ་བཞིན་འབྲོག་པའི་མི་ཚེ་སྐྱེལ་ན་བཟང་བ་ཡོད་སྐོར་གླེང་སློང་གནང་བའི་རྐྱེན་གྱིས་ཁོང་གཉིས་འཛིན་བཟུང་བྱས་འདུག བོད་གནས་ལྟ་ཞིབས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་བོད་མི་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་པའི་གནད་དོན་དེ་དངོས་འབྲས་ཡིན་པ་དང་། དེང་སྐབས་ས་གནས་སུ་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་བྱེས་ཤུགས་ཆེ་རུ་བཏང་བ་མ་ཟད། སློབ་གྲྭ་ཁག་ཏུ་ཞི་ཅིན་ཕིང་གི་ལྟ་གྲུབ་སློབ་གཞིར་སྒྲིག་པ་སོགས་ལ་གཞིགས་ན་རིག་གནས་གསར་བརྗེ་བསྐྱར་ལོག་ལྟ་བུའི་གནས་སྟངས་ཛ་དྲག་ཅན་མངོན་རྒྱུ་འདུག་སྟབས་དེར་བློ་འཚབ་བྱེད་བཞིན་ཡོད་པར་གསུངས་ཡོད།རྩ་བའི་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་རྒྱ་ནག་དབུས་ཤེས་རིག་ལས་ཁུངས་ཀྱིས་ཡོངས་གྲགས་བཀོད་ཁྱབ་བཏང་བའི་ནང་དུ་འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་སྟེ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཚང་མར་གཞི་རིམ་འཛིན་གྲྭ་ཁག་ཏུ་རྒྱ་ནག་སྤྱི་ལ་ཁྱབ་པའི་ཆེད་དུ་རྒྱ་ཡིག་ལ་སྤྱི་སྐད་ཟེར་ནས་རྒྱ་ཡིག་སློབ་ཁྲིད་དགོས་པའི་བཙན་བཀའ་བཏང་བ་དང་འབྲེལ་ཏེ། ཕྱི་ཟླ་ ༧ ནང་དུ་མགོ་ལོག་དར་ལག་རྫོང་ནང་དུ་རྟེན་གཞི་བྱས་པའི་སེང་འབྲུག་སྟག་རྩེའི་སློབ་གྲྭར་བཙན་དབང་གིས་སྒོ་བརྒྱབ་པ་དང་ཕྱི་ཟླ་ ༨ ཚེས་ ༡ ཉིན་སློབ་གྲྭའི་བོད་ཡིག་དགེ་རྒན་རིན་ཆེན་སྐྱིད་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་བཞིན་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་བོད་མདོ་སྨད་རྔ་བ་ཁུལ་སྤྲོ་ཚིག་ཡུལ་ཚོའི་བོད་ཕྲུག་སློབ་མ་ཁག་ཅིག་གིས་བོད་ཡིག་སློབ་ཁྲིད་གཙོ་བཟུང་དགོས་པའི་སྙན་ཞུ་ཕུལ་རྐྱེན་འཛིན་བཟུང་བྱས་པའི་ཁྲོད་སློབ་ཕྲུག་གཞན་རྣམས་གློད་བཀྲོལ་བཏང་ཡོད་ཀྱང་ཤེས་རབ་རྡོ་རྗེ་ལགས་མུ་མཐུད་བཀག་ཉར་བྱེད་བཞིན་པའི་གནས་ཚུལ། ཕྱི་ཟླ་ ༧ ནང་དུ་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཡུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་དང་ཁྲིད་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ནང་བསྒྱུར་དགོས་པ་དང་དེ་ལྟར་མ་གནང་ཚེ་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་པའི་བཙན་བཀའ་བཏང་བ་སོགས་བོད་ཀྱི་ས་ཁུལ་གང་སར་བོད་ཡིག་སློབ་སྦྱོང་གནང་བར་བཀག་སྡོམ་གྱི་སྲིད་བྱུས་སྤེལ་བཞིན་པའི་གནས་ཚུལ་མང་པོ་བྱུང་ཡོད།

ཉི་ཧོང་གི་གློག་རྡུལ་བརྙན་རྩེད་ཅིག་གིས་བོད་ཀྱི་རྒྱལ་དར་བཞག་པར་རྒྱ་མིས་སྐྱོན་བརྗོད།

Life Is Strange འམ་ཁྱད་མཚར་གྱི་མི་ཚེ་ཞེས་པའི་གློག་རྡུལ་བརྙན་རྩེད་ཀྱི་ True Colors ཞེས་པའི་མུ་འབྲེལ་བརྙན་རྩེད་ཐོན་གསར་པའི་ནང་དུ་བོད་ཀྱི་རྒྱལ་དར་བཞག་ཡོད་པ་ལ་བརྟེན་ནས་རྒྱ་ནག་གི་རྩེད་འགྲན་པ་མང་པོས་གནད་དོན་དེར་སྐྱོན་བརྗོད་ཀྱི་མཆན་མང་པོ་བྲིས་ཏེ། བརྙན་ཕབ་པས་དགོངས་སེལ་ཞུ་དགོས་བར་བརྗོད་འདུགདེ་རིང་ Thegamer.com ཞེས་པའི་དྲ་གནས་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཁ་ཉིན་ཟླ་འདིའི་ཚེས་བཅུའི་ཉིན།  ཨ་རིའི་གྲོང་ཁྱེར་ཁ་ལ་ར་ཊོ་ནང་དུ་རྟེན་གཞི་བྱས་པའི་བརྙན་ལམ་གྱི་གློག་རྡུལ་བརྙན་རྩེད་སྒྲིག་སྦྱོར་ཁང་ Idol Minds ཞེས་པ་ཞིག་གིས་ཁྱད་མཚར་གྱི་མི་ཚེ་ཞེས་པའི་མུ་འབྲེལ་གྱི་བརྙན་རྩེད་ཀྱི་ཆ་ཤས་སུ། True Colors ཞེས་པའི་རྩེད་འགྲན་དེ་གསར་དུ་ཕབ་སྐྲུན་བྱས་ཤིང་། ཉི་ཧོང་ནང་གི་བརྙན་རྩེད་བཟོ་ལས་ཁང་ Square Enix ཞེས་པའི་ཡུ་རོབ་སྡེ་ཚན་ཞིག་གིས་བརྙན་རྩེད་དེ་དྲ་ཐོག་ཏུ་སྒོ་འབྱེད་བྱས་ཡོད་པའི་ནང་དུ།  བོད་ཀྱི་རྒྱལ་དར་འཁོད་ཡོད་པ་དང་། བརྙན་རྩེད་དེར་རྒྱལ་སྤྱིའི་སྟེང་དགའ་མོས་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་། རྒྱ་ནག་གིས་རྩེད་འགྲན་པ་མང་པོས་བོད་ཀྱི་རྒྱལ་དར་བཞག་ཡོད་པར་སྐྱོན་བརྗོད་སྣ་ཚོགས་བྱེད་བཞིན་ཡོད་པར་འཁོད་འདུགབརྙན་རྩེད་གསར་པ་འདོན་སྤེལ་བྱས་པའི་རྗེས་སུ་དྲ་ཐོག་ནས་ཨིན་ཡིག་དང་རྒྱ་ཡིག་སོགས་སྐད་ཡིག་འདྲ་མིན་ཐོག་མཆན་བཀོད་མཁན་མང་དག་ཅིག་བྱུང་ཡོད་པའི་ཁོངས་ནས་རྒྱ་ཡིག་ཐོག་མཆན་བཀོད་མཁན་མང་པོ་ཞིག་གིས་བརྙན་རྩེད་དེའི་ནང་བོད་ཀྱི་རྒྱལ་དར་བཞག་པ་དེ་ནི་རྒྱ་ནག་གི་རྒྱལ་ཁབ་ཀྱི་བདག་དབང་ཁ་བྲལ་གཏོང་བ་ཞིག་ཡིན་པར་བསྙལ་ནས་གནད་དོན་དེར་བཟོད་བསྲན་བྱེད་ཐབས་མེད་པ་དང་། ཡང་ཁག་གཅིག་གིས་བོད་ཀྱི་རྒྱལ་དར་བཞག་པ་དེ་ཡིས་བོད་རང་བཙན་མཚོན་གྱི་ཡོད་པར་བསྒྲགས་ཏེ། གནད་དོན་དེ་ནི་རྒྱ་ནག་ཁ་བྲལ་གཏོང་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག རྒྱ་ཡིག་གི་ལམ་ནས་མཆན་འབྲི་མཁན་ལ་རིགས་གཉིས་ཡོང་གི་ཡོད་པའི་ཁྲོད་ནས། ཐེ་ཝན་དང་ཧོང་ཀོང་གི་འབྲི་ལུགས་ཀྱིས་མཆན་བཀོད་མཁན་ཡོད་པ་རྣམས་ཀྱིས་སྐྱོན་བརྗོད་བྱས་མེད་ཀྱང་། རྒྱ་ནག་དམར་གཞུང་གི་སྤྱི་སྐད་ཀྱི་ལམ་ནས་མཆན་བཀོད་པ་རྣམས་ཀྱི་ནང་དུ་སྐྱོན་བརྗོད་ཤུགས་ཆེར་བྱས་ཏེ། དྲ་ཐོག་གི་གློག་རྡུལ་རྩེད་མོ་དེ་ཕབ་སྐྲུན་བྱེད་མཁན་ཚོས་བོད་ཀྱི་རྒྱལ་དར་བཞག་པར་དགོངས་སེལ་ཞུ་དགོས་ལུགས་བཀོད་ཡོད་པ་མ་ཟད། སྐྱོན་བརྗོད་ཀྱི་མཆན་བཀོད་མཁན་ཁག་ཅིག་གིས་རྩེད་མོའི་ཁྲོད་ཀྱི་འཁྲབ་སྟོན་པའི་སྐོར་ལ་མི་རིགས་དབྱེ་འབྱེད་དང་ཕོ་མོའི་མཚན་མཐུད་ཀྱི་རིགས་ལ་སྡང་ཟུག་དང་འབྲེལ་བའི་མཆན་མང་དག་ཅིག་བཀོད་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གི་ངོས་ནས་བརྙན་རྩེད་དང་གློག་བརྙན་སོགས་ཅི་རིགས་ཀྱི་ནང་དུ་བོད་ཅེས་འཁོད་པ་ཙམ་གྱིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ལ་ཁ་གཡར་སྟེ་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་བརྙན་རྩེད་དང་འབྲེལ་བའི་ཁྲིམས་སྒྲིག་གཏན་འབེབས་བྱས་པའི་ནང་དུ། ཕོ་མོའི་མཚན་མཐུད་ཀྱི་གནད་དོན་དེ་དག་གིས་མང་ཚོགས་ལ་དཔེ་མཚོན་ངན་པ་འཇོག་གི་ཡོད་ལུགས་བརྗོད་ནས་དེ་དག་ཀྱང་བཀག་སྡོམ་བྱེད་བཞིན་ཡོད་པའི་ཁྲོད། དེ་སྔོན་ Guilty Gear Strive ཞེས་པའི་རྩེད་མོའི་ནང་དུ་བོད་དང་ནང་སོག དེ་བཞིན་ཐེ་ཝན་དང་འབྲེལ་བའི་བརྗོད་དོན་ཡོངས་སུ་ནག་གསུབ་བཏང་དགོས་ཁེལ་ཡོད་པ་མ་ཟད། Hearthstone ཞེས་པའི་བརྙན་རྩེད་ཀྱི་རྩེད་འགྲན་པ་ཞིག་ལ་རྩེད་འགྲན་གྱི་མཐའ་མཇུག་ཏུ་ Free Hong Kong ཞེས་བྲིས་པར་རྩེད་འགྲན་ནང་ཞུགས་མི་ཆོག་པ་བཟོས་ཡོད་པ་རེད།  

རྫ་སྨད་དབོན་པོ་ཁུལ་ནས་སླར་བོད་མི་བརྒྱད་འཛིན་བཟུང་།

རླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་དུ་དམ་དྲག་ཤུགས་ཆེར་བྱས་ཡོད་པའི་ཁྲོད་ཟླ་བ་སྔོན་མའི་ཚེས་ ༢༢ ནས་བཟུང་སྟེ་བོད་མི་ ༡༡༣ ཙམ་ཞིག་སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་པ་དང་། ཉེ་ཆར་སླར་ཟླ་བ་འདིའི་ཚེས་ ༣ ཉིན་དབོན་པོ་དགོན་པའི་དགེ་འདུན་པ་ ༦ དང་བེུད་ ༢ བཅས་ཁྱོན་བོད་མི་ ༨ འཛིན་བཟུང་བྱས་འདུགདགེ་འདུན་པ་དྲུག་པོ་འཛིན་བཟུང་མ་གནང་བའི་གོང་དུ་རྫ་སྨད་སྲིད་གཞུང་ལས་ཁུངས་སུ་ཆེད་བསྐོང་གིས་དགེ་འདུན་པ་རེ་རེ་དང་ལྷན་དུ་དམག་མི་བཞི་ལྔ་རེ་བཏང་སྟེ་གྲྭ་ཤག་བསྔོགས་བཤེར་བྱས་ནས་འཛིན་བཟུང་བྱས་འདུག རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྫ་སྨད་དབོན་པོ་ཁུལ་དུ་དགེ་འདུན་པ་ཁག་ཅིག་གིས་བོད་དོན་ཡིག་ཆ་གཏོར་འགྲེམས་བྱས་པ་དང་། མི་སྐྱ་ཡོན་ཏན་ལགས་དང་ལྷ་རྒྱལ་ལམ་ཆོས་རྒྱལ་ལགས་གཉིས་ཀྱིས་སྲིད་གཞུང་གི་སྒོ་ཁར་ཕྱིན་ནས་བོད་དོན་ངོ་རྒོལ་གནང་བའི་རྐྱེན་གྱིས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་མ་ཟད། སྔར་ལོར་རྒྱ་གཞུང་གིས་དབོན་པོ་ཡུལ་ཚོའི་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་བཀག་ཉར་འོག་གཅར་རྡུང་ཚད་མེད་བཏང་སྟེ་དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། དེའི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་གི་དྲག་ཆས་དམག་མི་བསླེབས་ནས་དམ་དྲག་བྱས་པ་དང་དེ་རྗེས་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༢ ཉིན་སླར་ཡང་ས་གནས་སུ་དྲག་ཆས་དམག་མི་ཕོན་ཆེར་འབྱོར་ཏེ་དེ་སྔ་༸གོང་ས་མཆོག་གི་༸སྐུ་པར་ཉར་མཁན་རྣམ་པ་ཐོ་འགོད་བྱས་ཡོད་པ་གཙོས་བོད་མི་སྐྱ་སེར་ཕོ་མོ་ ༡༡༣ ཙམ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད།ཉེ་ཆར་ཟླ་བ་འདིའི་ཚེས་ ༣ ཉིན་འཛིན་བཟུང་བྱས་པའི་བོད་མི་ ༨ པོ་དེ་དག་འཛིན་བཟུང་བྱེད་དོན་གང་ཡིན་གསལ་པོ་ཤེས་རྟོགས་བྱུང་མེད་ཀྱང་། ཟླ་བ་སྔོན་མའི་ཚེས་ ༢༢ ནས་བཟུང་སྟེ་ ད་བར་རྫ་སྨད་དབོན་པོ་ཁུལ་ནས་དང་པོ་མི་ ༦༠ དང་དེ་རྗེས་ ༥༣ བཅས་སོ་སོར་འཛིན་བཟུང་བྱས་པ་རྣམས་གཙོ་ཆེ་བ་༸གོང་ས་མཆོག་གི་༸སྐུ་པར་ཉར་བ་དང་ཕྱི་ཕྱོགས་ལ་འབྲེལ་བ་གནང་བ་སོགས་ཀྱི་གནད་དོན་དང་འབྲེལ་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པར་ཤེས་རྟོགས་ཐུབ་ཡོད་པ་རེད།

སྟོད་མངའ་རིས་ཁུལ་ལ་དམ་དྲག་ཆེས་ཆེར་བྱེད་བཞིན་པ།

རྒྱ་གཞུང་གིས་ཕྱི་ཟླ་ ༩ པའི་ཚེས་ཤར་ནས་བཟུང་སྟེ་བོད་ཀྱི་ས་ཁུལ་སྟོད་མངའ་རིས་ཁུལ་གྱི་མཐོ་ལྡིང་གྲོང་ཚོ་དང་རྩ་མདའ་རྫོང་གི་ཡུལ་ཤོག་དྲུག་ཙམ་སྔར་ལྷག་གིས་ཡུལ་མི་རྣམས་ལ་ཞིབ་བཤེར་དང་དམ་དྲག་ཤུགས་ཆེས་ཆེར་བྱེད་མུས་ཡིན་པ་རེད།གནས་ཚུལ་མཁོ་སྤྲོད་པས་གསར་འགོད་པར་གསུངས་པར་རྒྱ་གཞུང་གིས་འདི་ལོ་ནས་ཁུལ་དེར་དམག་སྒར་གསར་འཛུགས་བྱས་པ་མ་ཟད་ཡུལ་མི་རྣམས་ཀྱི་ཁ་པར་བསྔོགས་བཤེར་དང་གང་ཟག་སུ་དང་སུ་ལ་འབྲེལ་བ་གནང་ཡོད་མེད་ལ་སོགས་པའི་གནད་དོན་ཐོག་ཞིབ་བཤེར་སྔར་ལྷག་བྱས་དང་བྱེད་མུས་ཡིན་པ་དང་། རྒྱ་ནག་གི་འགོ་ཁྲིད་ཚོས་ས་གནས་ཡུལ་མི་ཚོར་དེ་ལྟར་བྱེད་དགོས་དོན་ནི་གཙོ་བོ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་པ་ཞིག་ཡིན་ཚུལ་བརྗོད་འདུག་ཀྱང་དོན་དངོས་ཐོག་བོད་མི་ཚོས་ས་མཚམས་ཀྱི་རྙོག་གླེང་ཕྱི་ལ་ཁྱབ་བསྒྲགས་གནང་བར་དོགས་ནས་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་ཡོད། རྒྱ་དཀར་ནག་གཉིས་དབར་ཉེ་བའི་ཆར་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་རྩོད་རྙོག་རིམ་པ་བྱུང་བའི་ཁྲོད་རྒྱ་ནག་གཞུང་གིས་མཐའ་མཚམས་ས་ཁུལ་དུ་ཆགས་པའི་བོད་ཀྱི་གྲོང་ཚོ་ཁག་གི་གཞོན་སྐྱེས་ཕོ་མོ་དབྱེར་མེད་མང་དག་ཅིག་ལ་དམག་སྦྱོང་སྤྲོད་བཞིན་པ་ལྟར་དེ་མཚུངས་ཀྱི་བྱ་སྤྱོད་སྤེལ་མུས་ཡིན་པ་མ་ཟད་མཐའ་མཚམས་སྲུང་སྐྱོབ་ཆེད་ཁྱིམ་ཚང་རེ་རེ་ནས་ངེས་པར་དུ་མི་གཅིག་བཅིངས་འགྲོལ་དམག་མིར་ཞུགས་དགོས་པའི་བཀོད་ཁྱབ་བཏང་ནས་དམག་སྦྱོང་སྤྲོད་བཞིན་ཡོད་པ་རེད།གཞི་རྩའི་རྒྱ་གཞུང་ནས་ཉེ་ཆར་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ། བོད་མི་རྣམས་ཀྱི་ལག་ཐོགས་ཁ་པར་བསྔོགས་བཤེར་བྱས་ཏེ་༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་གནང་བའི་གནད་དོན་གཙོ་གྱུར་ཕྱི་ཕྱོགས་ལ་འབྲེལ་བ་གནང་བ་སོགས་ཀྱི་ཉེས་འཛུགས་འོག་བོད་མི་མང་དག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད།

Latest news