Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སློབ་གྲྭ་ཁག་གི་འགན་འཛིན་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཟབ་སྦྱོང་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་སྔ་དྲོ་ཚོུད་ ༩ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཐོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱ་གར་ནང་ལ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ ༢༦ གི་སློབ་སྤྱི་དང་འགན་འཛིན་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས་པའི་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་འགན་འཛིན་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བར་སྐབས་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ལོ་ན་བཅུ་ནས་བཅུ་དགུའི་བར་གྱི་མིའི་འཚར་ལོངས་ཁྲོད་ལ་ཕྱིའི་གཟུགས་པོ་དང་ཀུན་སྤྱོད་སོགས་ཀྱི་འགྱུར་བ་ཆེན་པོ་ཐེབས་བཞིན་ཡོད་སྟབས། Adolescent Health འམ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཐོག་དམིགས་བསལ་དོ་སྣང་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཆ་མཚོན་ན་བུ་མོ་ལོ་ཆུང་ལ་མངལ་ཆགས་པ་དང་། ནད་གཞི་འདྲ་མིན་ཕོག་པ། དེ་བཞིན་མྱོ་རྫས་ངན་གོམས་ལ་ལང་ཤོར་བ། སེམས་ངལ་ནད་གཞི་ཕོག་པ་སོགས་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད་སྟབས། དེ་དག་དང་འབྲེལ་ཡོད་ཕ་མ་དང་དགེ་ལས་རྣམས་ནས་གོ་རྟོགས་ཡོད་ཐོག་སློབ་མ་ཚོར་སློབ་གསོ་དང་དགོས་ངེས་ཀྱི་རོགས་རམ་གང་ཐུབ་གནང་གལ་ཡིན་པ་གསུངས་སོང་། ལོ་ན་བཅུ་ནས་བཅུ་གུའི་བར་གྱི་བྱིས་པ་མང་ཆེ་བ་འཚར་ལོངས་བྱུང་ས་སློབ་གྲྭ་ཁག་ཆགས་ཀྱི་ཡོད་སྟབས། ཐེངས་འདིའི་ཟབ་སྦྱོང་ཐོག་སློབ་གྲྭ་ཁག་གི་སློབ་སྤྱི་དང་འགན་འཛིན་རྣམས་ནས་ལང་ཚོ་དར་བབ་ཀྱི་འཕྲོད་བསྟན་དང་འབྲེལ་སློབ་གྲྭ་ཁག་ཏུ་འཕྲོད་བསྟེན་ཚོགས་ཆུང་ཆེད་འཛུགས་གནང་རྒྱུ་དང་། སློབ་མ་རྣམས་ལ་དེ་འབྲེལ་སློབ་ཁྲིད་གནང་སྟངས་ཀྱི་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་སྟངས་སོགས་ཀྱི་ཐད་གྲོས་བསྡུར་ལྷུག་པོ་གནང་གལ་ཡིན་པའང་གསུངས་ཡོད། དེ་བཞིན་སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ངག་དབང་བསྟན་འཛིན་ལགས་སུ་ཟབ་སྦྱོང་གི་གལ་གནད་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ད་བར་འཕྲོད་བསྟེན་ལས་ཁུངས་ནས་སློབ་གྲྭ་ཁག་གི་དགེ་ལས་དང་སྨན་ཞབས་པ་ཚོར་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་ཐོག་ཟབ་སྦྱོང་ཕུལ་བ་རྣམས་དངོས་སུ་སློབ་གྲྭའི་ནང་ལག་བསྟར་གནང་སྐབས་སློབ་སྤྱི་དང་འགན་འཛིན་རྣམས་ནས་རྒྱབ་སྐྱོར་དང་ལམ་སྟོན་དགོས་གལ་ཡིན་སྟབས་དེ་རེས་དགོས་དམིགས་དེ་དག་ལ་ཆེད་དམིགས་ཀྱིས་གནང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།

སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བརྩམས་པའི་བོད་ཀྱི་ཆས་གོས་དང་རྒྱན་ཆ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ།

དེ་རིང་ཟླ་ ༧ ཚེས་ ༡༡ ཉིན་སྔ་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བརྩམས་གནང་བའི་ Costumes and Jewellery of Tibet འམ་བོད་ཀྱི་ཆས་གོས་དང་རྒྱན་ཆ་ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་། སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་ཕྱག་དེབ་དེའི་ཐོག་འདས་པའི་ལོ་ ༡༥ ལྷག་གི་རིང་ཕྱག་ལས་གནང་ཡོད་པ་དང་ཐོག་མར་ཁོང་ནས་ཕྱི་ལོ་ ༡༩༩༠ ནང་༸གོང་ས་མཆོག་གི་མཛད་རྣམ་ཐོག་ཨ་རིའི་ Hollywood གློག་བརྙན་བཟོ་སྐྲུན་པའི་ལྷན་དུ་ཕྱག་ལས་གནང་བའི་ཁྲོད་བོད་ཀྱི་གནའ་བོའི་ཆས་གོས་དང་རྒྱན་ཆའི་སྐོར་ཐུགས་སྣང་ཆེན་པོ་གནང་བ་མ་ཟད་དེ་འབྲེལ་འདྲ་པར་མང་དག་ཞིག་ཕྱོགས་བསྡུས་གནང་སྐབས་སུ་ཁོང་ལ་སོག་པོའི་ཆས་གོས་དང་རྒྱན་ཆའི་སྐོར་ཕྱག་དེབ་ཞིག་ཕྱག་རྟགས་གནང་མཁན་བྱུང་བ་དེར་གཟིགས་ཚེ་ང་ཚོའི་བོད་ལ་ཆས་གོས་དང་རྒྱན་ཆ་འདི་ལས་ལྷག་པ་ཡོད་པ་ལྟར་ཕྱག་དེབ་ཞིག་འདོན་སྤེལ་གནང་མ་ཐུབ་ན་མི་འགྲིག་པར་དགོངས་ནས་ཕྱག་དེབ་འདིའི་ཐོག་ཕྱག་ལས་གནང་བ་ཞིག་རེད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ཕྱག་དེབ་དབུ་བྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ནས་ཕྱག་དེབ་དེའི་ཐོག་སྐུ་ལས་ཇི་ཙམ་སྐྱོན་ཡོད་པ་ཕྱག་དེབ་འདིའི་སྤུས་ཚད་ཐོག་ནས་ཆེས་མངོན་རྒྱུ་ཡོད་པར་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་ཕྱོགས་ཡོངས་ནས་བོད་འདི་རྒྱ་སྡེར་བསྒྱུར་ཐབས་བྱེད་བཞིན་པའི་དུས་སྐབས་འདིར་ཕྱག་དེབ་འདིས་བོད་དེ་བཞིན་རྒྱ་ནག་དང་ཐ་དད་ཡིན་པའི་དཔང་རྟགས་གནད་ཆེ་ཞིག་ཆགས་ཡོད་པ་གསུངས་ཡོད། མཛད་སྒོའི་ཐོག་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་ཁོང་ཐོག་མ་བོད་ནས་རྒྱ་གར་ལ་ཕེབས་པའི་སྐབས་སུ་དགུང་ལོ་ ༩ ཡིན་པ་དང་དེ་རྗེས་ལོ་ ༢ རིང་བོད་ལ་ཕེབས་མྱོང་ཡོད་ཀྱང་རྒྱ་མིའི་སློབ་གྲྭར་ཞུགས་ཡོད་སྟབས། རང་ཉིད་ལ་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་ཤེས་བྱ་དེ་ཙམ་མེད་སྐོར་གསུངས་པ་དང་སྦྲགས། དེ་རིང་དངོས་སུ་ཕྱག་དེབ་དབུ་འབྱེད་གནང་རྒྱུ་བྱུང་བ་ནི་ཡབ་དམ་པ་ཚ་རོང་བདུད་འདུལ་རྣམ་རྒྱལ་མཆོག་གིས་གཙོས་བོད་མི་རྒན་གྲས་རྣམས་ཀྱི་མཁྱེན་རྒྱ་དང་ལམ་སྟོན་གནང་བར་བརྟེན་ནས་ཡིན་པ་གསུངས་སོང་། རྩ་བའི་དབྱིན་ཡིག་ནང་ཡོད་པའི་བོད་ཀྱི་ཆས་གོས་དང་རྒྱན་ཆ་ཞེས་པའི་ཕྱག་དེབ་ནང་དེ་སྔ་བོད་རང་བཙན་མ་ཤོར་བའི་གོང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་པ་རྣམས་ཀྱི་ཆས་གོས་དང་རྒྱན་ཆ་གཙོ་གྱུར་བོད་ཆོལ་གསུམ་ནང་དཔོན་རིགས་དང་མང་ཚོགས་བཅས་ཀྱི་ཆས་གོས་དང་རྒྱན་ཆ་སྤྲས་སྲོལ་བཅས་སྡེ་ཚན་ ༡༢ ཡོད་པ་དང་། དཔར་རིགས་མི་འདྲ་བ་ཁྱོན་ ༡༨༠ ཙམ་ཡོད་པ་ལས་དེ་རིང་ཕྱག་དེབ་དབུ་འབྱེད་དང་འབྲེལ་དཔར་རིགས་གནད་ཡོད་ ༣༢ འགྲེམས་སྟོན་གནང་ཡོད་པ་རེད།  

༸གོང་ས་མཆོག་༸སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེ་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་གུང་གྲངས་ ༨༣ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་༸གོང་ས་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེ་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞེས་གསུངས་སོང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་བཙུག་ལག་ཁང་གི་ཆོས་རའི་དབུ་གཡབ་ཏུ་ཚོགས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བཟའ་འབྲུ་བློན་ཆེན་སྐུ་ཞབས་ Kishan Kapoor མཆོག དམིགས་གསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་  Gopal Narayan Singh མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Janardan Singh Sigriwal མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་གཙོས་རྒྱུན་ལས་རྣམས་པ། དེ་བཞིན་སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་དབུས་པའི་བོད་མི་སྒྲིག་འཛུགས་ཀྱི་སྲིད་ཞུ་བ་བཅས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རྒྱ་གར་གྱི་སྐུ་མགྲོན། དེ་བཞིན་སེར་སྐྱ་མང་ཚོགས་སོགས་འདུ་འཛོམས་ཐོག་མངར་ཟས་ Cake བགོད་འགྲེམས་དང་གཞནས་སྣ་ཁག་ཅིག་འཁྲབ་སྟོན་གནང་བའི་བརྒྱུད་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་སོང་། སྐབས་དེར་སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། མགོན་པོ་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེ་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན་སྐོར་གསུངས་པ་དང་འབྲེལ། བོད་མི་ཡོངས་ནས་མགོན་པོ་མཆོག་གི་བཀའ་བསྩལ་ཇི་བཞིན་བསྒྲུབ་དགོས་པ་མ་ཟད་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་དམ་ཚིག་ཆིག་སྒྲིལ་དགོས་པར་འབོད་སྐུལ་གནང་སོང་། ཉེ་ཆར་ཨ་རི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་མཇལ་མོལ་གྱིས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་སོགས་ཀྱི་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མོལ་དང་གྲོས་མཐུན་བྱུང་ཐུབ་པ་དེར་༸གོང་ས་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འཕྲིན་ཞིག་བསྩལ་བའི་གལ་གནད་གང་ཡིན་གསུངས་པ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་གིས་དེ་ལས་དཔེ་བླངས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸གོང་ས་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན་པར་རྒྱ་གཞུང་གི་འགོ་ཁྲིད་ཚོས་དེར་དཔྱད་ཞིབ་སྤྱི་རིགས་གནང་འདོད་ཡོད་ཚེ་དགའ་བསུ་ཞུ་རྒྱུ་ཡིན་པ་སོགས་གསུངས་སོང་། དེ་བཞིན་བཀའ་སྤྱི་གཉིས་ཀྱི་ངོས་ནས་དེ་རིང་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྟོན་ཐོག་ཉེ་ལམ་ བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་དང་འབྲེལ་བའི་གནས་ཚུལ་མང་དག་ཞིག་ཁྱབ་སྤེལ་འགྲོ་བཞིན་པ་དེ་ནི་བདེན་པ་མིན་པ་དང་། མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོད་སྐོར་ནན་བརྗོད་གནང་སོང་།

ཨི་ཊ་ལི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་གནང་ཐོག་ཟླ་ ༦ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༡ བར་ཡོ་རོབ་གླིང་ཆེན་གྱི་ཨི་ཊ་ལིའི་རྒྱལ་ཁབ་ Bolzano ནང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གི་ལྷན་ཚོགས་ཤིག་ཚོགས་འདུག ཐེངས་འའདིའི་ཚོགས་འདུའི་ཐོག་ཇེ་ནི་ཝའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། ཡུ་རོབ་ཁུལ་དུ་ཡོད་པའི་ནོར་ཝེ་དང་ཨུ་རུ་སུ། ཨིཛ་རེལ།  སུད་སི། ཌེན་མག ཨོ་སི་ཊོ་ལི་ཡ། དེ་བཞིན་དབྱིན་ཡུལ་སོགས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རྒྱལ་ཁབ་ཁག་ ༢༠ ནས་མི་གྲངས་ ༤༨ ལྷག་ནས་ལྷན་ཞུགས་གནང་འདུག ཚོགས་འདུའི་ཐོག་ལྷན་ཞུགས་གནང་མཁན་ཚོས་རྒྱ་ནག་རྒྱལ་ཁབ་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཆ་ནས་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་དེས་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་འཆར་གཞི་དང་ཐག་གཅོད། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་ཐད་ཤུགས་རྐྱེན་དང་གནོན་ཤུགས་སྤྲད་པའི་ཐོག་ལས་འགུལ་གང་སྤེལ་དགོས་མིན་དང་། ལོ་རྗེས་མར་བོད་མིའི་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་འཁོར་གྱི་ཡོད་པ་དང་བསྟུན་ལོ་འཁོར་མོའི་ནང་བོད་དོན་ལས་འགུལ་སྤེལ་རྒྱུ་མ་ཟད་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་དགུན་ཁའི་ཨོ་རྩེད་འགྲན་ཚོགས་གནང་རྒྱུ་ཡིན་པ་ལྟར་དེའི་ཚེ་བོད་དོན་ལས་འགུལ་གང་སྤེལ་དགོས་མིན། བོད་ཀྱི་ཁོར་ཡུག་དང་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་པ་གཞན་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐད་གོ་བསྡུར་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་པའི་ཇི་ནི་ཝའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བོད་དོན་བདེན་ཐབས་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་རང་བཙན་གཙང་མ་འདོད་མཁན་གྱི་རྒྱབ་སྐྱོར་བ་གཞིར་བཞག་ནས་དབྱེ་འབྱེད་གནང་རྒྱུ་དེ་གལ་གནད་མིན་པ་དང་། ད་ལྟ་ང་ཚོའི་ངོས་ནས་དོ་སྣང་གནང་ས་གཙོ་བོ་དེ་བོད་མི་རྣམས་ལ་རྒྱ་གཞུང་ནས་དོན་སྙིང་ལྡན་པའི་རང་དབང་ཞིག་ཐོབ་ཐབས་ལ་འབད་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་དབུ་འཛུགས་གནང་བ་ལྟར་ད་ལྟའི་ཆར་རྒྱལ་ཁབ་མི་འདྲ་བ་ ༥༠ ལྷག་གི་ནང་ཚོགས་ཁག་ ༢༠༠ ཐམ་པ་ཡོད་ཐོག་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་གནང་མུས་རེད།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་ ༡༣ པ་དབུ་འཛུགས་གནང་བ།

ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་ ༡༣ པ་དབུ་འབྱེད་གནང་བ་དང་འབྲེལ། སྐུ་མགྲོན་གཙོ་བོ་མཁས་དབང་ངག་དབང་ཕུན་ཚོགས་ལགས་ཀྱིས་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་སྐུ་ལས་སྐྱོན་པ་ལྟར་ད་ལྟའི་མི་རབས་གསར་པ་ཚོས་ཀྱང་དེ་བཞིན་གནང་གལ་ཡིན་པ་གསུངས་སོང་། རྩོམ་སྒྱུར་ཟབ་སྦྱོང་ཐེངས་  ༡༣ པའི་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་Fullerton གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཁེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ངག་དབང་ཕུན་ཚོགས་ལགས་ཀྱིས་གཙོས་པའི། དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་དྲུང་ཆེ་དང་ལས་བྱེད་རྣམ་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ན་གཞོན་སློབ་མ་ཕོ་མོ་༤༠ བཅས་ལྷན་འཛོམས་གནང་འདུག སྐབས་དེར་ངག་དབང་ཕུན་ཚོགས་ལགས་ཀྱིས་སྔར་བོད་ཀྱི་ལོ་ཙཱ་བ་མང་དག་ཞིག་དཀའ་བ་ཁྱད་དུ་གསད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་སངས་རྒྱས་ཀྱི་བཀའ་བསྟན་རྣམས་ཡོངས་སུ་རྫོགས་པ་བོད་བསྒྱུར་ཡོད་པ་དང་སྐབས་དེ་དང་དེའི་ཚེ་མཐུན་རྐྱེན་རྣམས་ད་ལྟ་ལྟར་མེད་པ་ཞིག་ཡིན་པ་དེ་ལྟར་ཡང། ད་ལྟའི་མི་རབས་གསར་པ་ཚོར་དེང་རབས་དང་མཐུན་པའི་མཐུན་རྐྱེན་ཆ་ཚང་བ་ཞིག་ཡོད་སྟབས། རྩོམ་སྒྱུར་ཐོག་དམིགས་བསལ་འབད་བརྩོན་བྱེད་དགོས་གལ་ཡིན་པ་གསུངས་སོང་། ད་དུང་ཁོང་གིས་ཡིག་བསྒྱུར་ལེགས་པོ་ཞིག་ཡོང་བར་ངེས་པར་དུ་བོད་དབྱིན་སྐད་ཡིག་གཉིས་ཀའི་གནས་ཚད་དེ་རང་སྐྱ་འཕེལ་བའི་ལེགས་པོ་དགོས་གལ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བོད་ཀྱི་སྐད་ཡིག་འདི་སྐད་ཡིག་གཞན་ནས་ཚུར་ཕབ་བསྒྱུར་གནང་རྒྱུའི་སྐད་ཡིག་ཧ་ཅང་ཕྱུག་པོ་ཡོད་པའི་སྐད་དམིགས་བསལ་བ་ཞིག་ཡིན་སྐོར་གསུངས་སོང་། རྩ་བའི་བོད་ཀྱི་དཔེ་མཛོད་ཁང་ནས་བོད་པའི་སྤྱི་ཚོགས་ཁྲོད་དུ་རྩོམ་སྒྱུར་ཆེད་ལས་དོན་གཉེར་ཅན་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༢༠༠༦ ནས་རྩོམ་སྒྱུར་ཟབ་སྦྱོང་དེ་དབུ་བཙུགས་པ་ཞིག་ཡིན་པ་དང་། ལོ་ལྟར་ཟླ་ ༧ པ་ནས་ཟླ་ ༩ པའི་བར་རིན་མེད་ཐོག་གནང་བའི་ཟབ་སྦྱོང་དེའི་ཁྲོད་ད་བར་ཁྱོན་སློབ་མ་ ༣༠༠ ལྷག་ནས་མཉམ་བཞུགས་ཐུབ་པ་བྱུང་འདུག་པ་དང་། ཟབ་ཁྲིད་ཀྱི་སློབ་ཚན་ཁག་ནི་བོད་ཡིག  ནང་ཆོས། དབྱིན་ཡིག་དང་རྩོམ་སྒྱུར་གྱི་ཐབས་བྱུས་སོགས་ཡིན་པ་མ་ཟད་ལྷག་དོན་ཆེད་ལས་མི་སྣ་གདན་ཞུས་ཐོག་གསུང་བཤད་དང་བགྲོ་གླེང་གི་ལས་རིམ་ཀྱང་བང་སྒྲིག་གི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ་ཟབ་སྦྱོང་དེའི་སྐོར་བཅར་འདྲི་ཞུས་སྐབས་རྩོམ་བསྒྱུར་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་།  ནང་ཆོས། རིག་གཞུང་ལ་སློབ་གཉེར་གནང་རྒྱུ་དེ་ཡར་རྒྱས་གཏང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲོད་དུ་བོད་མི་རིགས་ཀྱི་རྩ་ཆེ་བའི་ཆོས་དང་རིག་གཞུང་རྣམས་འགྲེལ་བརྗོད་བྱ་རྒྱུའི་ཆེད་དབྱིན་སྐད་དེ་མེད་དུ་མི་རུང་བ་ཞིག་ཡིན་སྟབས་དེ་དག་ཀྱང་སློབ་ཁྲིད་གནང་གི་ཡོད་སྐོར་གསུངས་པ་མ་ཟད། ཟབ་སྦྱོང་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཉམ་ཞུགས་གནང་མཁན་ཚོའི་ངོས་ནས་ཀྱང་ས་མིག་ཡོད་པ་ལས་མང་བ་ཡོང་གི་འདུག་པ་མ་ཟད་ད་དུང་ཡང་སྒུག་ཐོ་ནང་སློབ་མ་ཁ་ཤས་ཤིག་ཚུད་རེ་གནང་བཞིན་ཡོད་སོགས་གསུངས་སོང་། ཐེངས་འདིའི་ཟབ་སྦྱོང་ནང་མཐོ་སློབ་འདྲ་མིན་གྱི་སློབ་མ་དང་། གདན་ས་ཁག་གི་དགེ་འདུན་པ། དེ་བཞིན་འབྲུག་བཅས་ནས་ཤེས་ཡོན་གྱི་རྒྱབ་ལྗོངས་མི་འདྲ་བའི་སློབ་མ་གྲངས་ ༤༠ ནས་ལྷན་ཞུགས་གནང་འདུག  

བཙན་བྱོལ་བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༦ ཉིན་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་ཀྱི་ཡོད་པ་ལྟར་བཙན་བྱོལ་བོད་མི་རྣམས་ནས་རྣམ་པ་འདྲ་མིན་སྒོ་ནས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུ་བཞིན་འདུག འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ཚེ་རེས་གཟའ་སྤེན་པ་ཟླ་ ༦ ཚེས་ ༣༠ ཉིན་ New Zealand གྱི་ Aukland གྲོང་ཁྱེར་ནང་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་༸སྐུའི་འཁྲུངས་སྐར་བདུན་ཕྲག་གཅིག་སྔ་སྣུར་གྱིས་སྲུང་བརྩི་ཞུས་ཡོད་པ་དང། དེ་ཉིན་དགའ་སྟོན་མཛད་སྒོའི་ཐོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཁྱོན་མི་སྣ་བརྒྱ་སྐོར་ཞིག་འདུ་ཛོམས་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་དང་དྲུང་ཆེ་ཀརྨ་རིན་ཆེན་ལགས། དེ་བཞིན་ཨོ་སི་ཊོ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཚོ་གོ་ལྷག་པ་ལགས་བཅས་ཆེད་ཕེབས་གནང་འདུག རྩ་བའི་བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་གནས་སྡོད་ས་གནས་ཁག་ཏུ་ཕྱི་ལོ་ ༢༠༡༨ ལོ་འདི་ས་གནས་གཞུང་མང་སོ་སོར་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་གནང་དགོས་པའི་ལམ་སྟོན་ཕེབས་ཡོད་པ་ལྟར། ནིའུ་ཛར་ལེན་ཌིའི་བོད་མི་རྣམས་ནས་ཀྱང་དེ་ཉིན་གྱི་དུས་ཚིགས་དང་བསྟུན། གཞས་སྣ་གཟིགས་འབུལ་དང་གསོལ་སྟོན་གོ་སྒྲིག་ཞུས་པའི་བརྒྱུད་ས་གནས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྐབས་དེར་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་བརྙན་པར་བརྒྱུད་དུས་སྟོན་སྲུང་བརྩི་གནང་མཁན་ཚང་མར་འཚམས་འདྲི་དང་། དམིགས་བསལ་ད་བར་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་བོད་ཀྱི་གྲོགས་པོ་གྲོགས་ཚོགས་ཀྱི་ཚོགས་མི་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་མཆོག་གིས་བོད་མིའི་སྒྲིགས་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་དཔལ་འབྱོར་གྱི་གནས་བབ། དེ་བཞིན་༸སྐུའི་སྲུང་ཆའི་ལས་དོན་བཅས་ཀྱི་སྐོར་མང་ཚོགས་ལ་སྙན་གསེང་ཞུས་འདུག་པ་དང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་བོད་རིགས་ཚོ་ནང་ཕན་ཚུན་དབར་མཐུན་ལམ་གནང་གལ་ཆེ་བ་དང་། ཉེ་ལམ་སུད་ཌན་ནང་རྒྱ་གཞུང་གི་གསང་མྱུལ་བ་བོད་རིགས་ཤིག་འཛིན་བཟུང་བྱས་ཡོད་པ་བཞིན་འདིའི་ཁུལ་གྱི་བོད་རིགས་ཚོས་རྒྱུན་དུ་གནས་ཚུལ་དེ་རིགས་ལ་དོགས་ཟོན་གནང་དགོས་པའི་ལམ་སྟོན་གསུང་བཤད་གནང་འདུག དེ་མཚུངས་སུ་ཐེ་ཝན་གྱི་རྒྱལ་ས་ཐེ་པའེ་ནང་ཚེས་ ༢༨ ཉིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Kolas Yotaka ལགས་དང་། ལིན་ཅིན་དབྱི་གཉིས་གདན་ཞུས་ཐོག་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་དུས་སྟོན་དེའི་ཐོག་ཕེབས་པའི་མི་མང་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་མཆོག་གི་ལམ་སྟོན་དང་བཀའ་དྲིན། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་སྟབས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་། འཕྲོད་བསྟེན་ཐོག་གྲུབ་འབྲས་ཆེན་པོ་ཐོབ་པ་སོགས་ཀྱི་སྐོར་སྙན་གསེང་ཞུས་པ་དང་ཆབས་ཅིག་ཏུ་ཐེ་ཝན་གཞུང་མང་གཉིས་ཀྱིས་ད་བར་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ Kolas Yotaka ལགས་ཀྱིས་ཐེ་ཝན་དང་བོད་གཉིས་རྒྱ་གཞུང་གི་གནོན་ཤུགས་འོག་གནས་ཡོད་ཀྱང།  བོད་མིའི་གནས་སྟངས་ནི་ཐེ་ཝན་ལས་ཛ་དྲག་པ་དང།  རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞན་ཡང་གྲོས་ཚོགས་འཐུས་མི་ལྕམ་ལིན་ཅིན་དབྱི་ལགས་ཀྱིས་ཁོ་མོ་རང་ཉིད་གྲོས་ཚོགས་འཐུས་མི་མ་གནང་གོང་ལ་ལོ་ལྟར་རྒྱ་གར་ནང་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་གྱི་ལས་གཞི་ཐོག་རོགས་རམ་གནང་བའི་ལས་དོན་ཁག་ངོ་སྤྲོད་དང་འབྲེལ།  ཁོང་གི་ངོས་ནས་རྒྱལ་སྤྱིའི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་གནང་བར་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་གསུངས་འདུག རྩ་བའི་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་བཀའ་ཤག་ནས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ཀྱི་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་དགོས་པའི་ལམ་སྟོན་གནང་བ་ལྟར་འདི་ལོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་འདི་ལོའི་ལོ་ཐོ་འདོན་སྤེལ་དང་འགྲིམ་འགྲུལ་སྣུམ་འཁོར་ངོས་སུ་རི་མོ་བརྒྱུད་ཐེ་ཝན་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་བོད་ནང་གི་གནས་སྟངས་སྐོར་སྙན་སེང་ཞུས་པ།

ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Zeid Raad Al Hussein མཆོག་ལ་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་གསེང་ཞུས་འདུག ཁ་སང་ཟླ་ ༦ ཚེས་ ༢༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་དང་འཕྲུལ་བྱའི་དྲྭ་ལམ་བརྒྱུད་གནས་ཚུལ་སྤེལ་བར་གཞིགས་ཚེ་ཁ་ཉིན་སུད་སི་གྲོང་ཁྱེར་ Geneva ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Al Hussein མཆོག་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་ཀྱིས་དབུས་པའི་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Mecacci ལགས་དང་ལས་འགུལ་ཁང་གི་ Netherlands སྡེ་ཚན་གྱི་ངེས་སྟོན་པ་ཚེ་རིང་བྱམས་པ་ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Richard Gere ལགས་ནས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ད་ལྟའི་བོད་ནང་གི་ཆེས་ཞན་པའི་ཛ་དྲག་གི་གནས་སྟངས་སྐོར་སྙན་གསེང་ཞུས་འདུག གཙོ་འཛིན་སྐུ་ཞབས་ Al Hussein མཆོག་གིས་མཇལ་འཕྲད་དེའི་ཐོག་བོད་གཙོ་གྱུར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་འཚབ་ཡོད་སྐོར་གསུངས་པ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་ཚོགས་པ། དེ་བཞིན་མང་ཚོགས་བཅས་ནས་གནད་དོན་དེའི་ཐོག་དོ་སྣང་དང་ལས་འགུལ་མང་ཙམ་སྤེལ་དགོས་གལ་ཡིན་པའི་ལམ་སྟོན་གནང་འདུག དེ་བཞིན་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Meccaci ལགས་ནས་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་ཡོད་པའི་ཡུ་རོབ་གྲོས་ཚོགས་ནང་ Tibet Interest Group ཞེས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ Access Denied ཞེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་གསར་འགོད་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་བོད་དེ་བཙན་དབང་འོག་ཕྱི་ལ་སྒོ་མོ་བརྒྱབ་ནས་བཞག་ཡོད་པ་དང། རྒྱལ་སྤྱིའི་གཞུང་ཚོགས་ཁག་གི་ངོས་ནས་བོད་ཐོག་བཞེངས་ཕྱོགས་ཤུགས་ཆེ་རུ་འཛིན་ནས་རྒྱ་ནག་ཐོག་ Reciprocity འམ་ཕན་ཚུན་འགྲུལ་བསྐྱོད་རང་དབང་གཅིག་མཚུངས་སྤྲོད་དགོས་པར་གནོན་ཤུགས་སྤྲོད་དགོས་གལ་ཡིན་སྐོར་འཁོད་པའི་སྙན་མཐོ་ཞིག་སྤྱན་འབུལ་དང་འབྲེལ་བོད་ནང་གི་གནས་སྟངས་སྐོར་གླེང་སློང་གནང་འདུག

ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་ཞེས་བཀའ་བསྩལ་འདུག

ཁ་སང་ཟླ་ ༦ ཚེས་ ༢༦ ཉིན་ཐེ་ཝན་དུ་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གི་ཆོས་ཚོགས་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག ཐེ་ཝན་ནང་རྟེན་གཞི་བྱས་པའི་ Dr. Sun Yat Sen དྲན་རྟེན་ཚོགས་ཁང་དུ་མི་མང་སྟོང་ཕྲག་ལྷག་མཉམ་འཛོམས་ཀྱིས་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་སྦྲགས། ཐེ་ཝན་བོད་བརྒྱུད་ནང་བསྟན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གི་ཆོས་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།  ༸གང་ཉིད་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཐེ་ཝན་དད་ལྡན་མང་ཚོགས་ཚོར་བཀའ་སློབ་དང་བཀའ་འདྲིར་བཀའ་ལན་མཛད་པ་དང་འབྲེལ། ངོས་ཀྱི་སྐྱེས་སྐར་རྟེན་འབྲེལ་གྱི་ལག་རྟགས་ཡག་ཤོས་ནི་ཁྱེད་རྣམ་པས་བྱམས་པ་དང་སྙིང་རྗེའི་ཐོག་ནས་གཞན་ལ་སེམས་པ་བཟང་པོ་བྱ་རྒྱུ་དང་།  ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ།   དེ་བཞིན་མཉམ་རུབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་སྐྱོང་བྱ་དགོས་ཞེས་དང་ལྷག་དོན་ཁྱེད་རྣམས་ངོས་ཀྱི་གྲོགས་པོ་ཡིན་ན་ངོས་ནས་ཤད་པ་དེ་ལག་ལེན་བསྟར་དགོས་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་འབྲེལ་ཐེ་ཝན་མི་མང་ནས་མགོན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བརྟན་པ་དང་༸གང་ཉིད་མཆོག་གི་མཛད་འཕྲིན་མཐའ་དག་ཡར་ངོས་ཟླ་ལྟར་འཕེལ་བར་ཐུགས་སྨོན་དང་བཅས་༸གོང་ས་མཆོག་གི་མཚན་ཐོག་ཏུ་སྨན་ཁང་ཁག་ལ་ནད་པ་འདྲེན་བྱེད་ཀྱི་འགྲུལ་འཁོར་ཞལ་འདེབས་ཕུལ་འདུག གཞན་ཡང་རིང་མིན་ཟླ་བ་ ༧ ཚེས་ ༡ ཉིིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་རྐང་འགན་བཞེས་ཐོག་ཐེ་ཝན་དུ་གནས་བཞུགས་བོད་མི་རྣམས་དང་།   དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་གདན་ཞུས་ཀྱིས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དགའ་སྟོན་གྱི་རྟེན་འབྲེལ་དང་། སྨོན་ལམ་གསོལ་འདེབས་ཀྱི་ལས་རིམ་འཚོགས་རྒྱུ་རེད་འདུག དེ་དང་ཕྱོགས་མཚུངས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་བཀའ་ཤག་ནས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ཀྱི་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་དགོས་པའི་ལམ་སྟོན་གནང་བ་ལྟར་འདི་ལོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་གནང་ནས་ལོ་ངོ་ ༢༠ འཁོར་བ་དང་བསྟུན་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་འགྲིམ་འགྲུལ་སྣུམ་འཁོར་ངོས་སུ་ཐེ་ཝན་གཞུང་མང་གཉིས་ནས་ད་བར་བོད་མི་ཚོར་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་ཞུས་འདུག གཞན་ཡང་འདི་ལོའི་ལོ་ཐོ་འདོན་སྤེལ་དང་བོད་གཞུང་ཟློས་གར་ཚོགས་པས་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་ཅིག་གཟིགས་འབུལ་བརྒྱུད་ཐུགས་རྗེ་ཆེ་ཞུ་གནང་རྒྱུ་རེད་འདུག

ནང་པའི་སེམས་ཁམས་རིག་པ་དང་དེང་རབས་ཀྱི་དབང་རྩའི་ཚན་རིག་དབར་བགྲོ་གླེང་གནང་བ།

དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚན་རིག་སྡེ་ཚན་དང་རྗེ་ཀླུ་འབུམ་ཁང་ཚན་ཐུན་མོང་ནས་གོ་སྒྲིག་གནང་ཐོག་ཁ་སང་ཚེས་ ༢༦ ཕྱི་དྲོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་དུ་ནང་པའི་དགེ་བཤེས་མཁས་དབང་དང་དེང་རབས་ཚན་རིག་མཁས་དབང་དབར་ནང་པའི་སེམས་ཁམས་རིག་པ་དང་དེང་རབས་དབང་རྩའི་ཚན་དབར་གཞི་རྒྱ་ཆེ་བའི་བགྲོ་གླེང་ཞིག་ཚོགས་གནང་ཡོད་པ་རེད། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚན་རིག་སྡེ་ཚན་དང་རྗེ་ཀླུ་འབུམ་ཁང་ཚན་ཐུན་མོང་ནས་གོ་སྒྲིག་གནང་བའི་ནང་པའི་སེམས་ཁམས་རིག་པ་དང་དེང་རབས་ཀྱི་དབང་རྩའི་ཚན་རིག་དབར་གྱི་བགྲོ་གླེང་ཐོག་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་དབུ་ཆོས་རྣམ་པ། དཔེ་ཁྲིད་དགེན་རྣམ་པ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་དབྱར་ཁའི་ཟབ་སྦྱོང་ཐོག་ཆེད་ཕེབས་གནང་བའི་ནུབ་ཕྱོགས་པའི་ཚན་རིག་དགེ་རྒན་ཆེན་མོ་རྣམས། དེ་བཞིན་བཙུན་མ་རྣམ་པ། མོན་གྷོ་གཏན་སློབ་ཀྱི་སློབ་མ་རྣམས། གཞན་ཡང་དགེ་འདུན་འདུས་མང་དང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་འདུག དགའ་ཤར་དགེ་བཤེས་ལྷ་རམས་པ་བྱམས་པ་ཤེས་རབ་ལགས་ཀྱིས་ཀླད་པ་ལས་འདས་པའི་སེམས་ཀྱི་གནས་ལུགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཚན་རིག་དགེ་རྒན་ལྕམ་རི་ཆར་ཇཱེ་ཀོབ་སི་ལགས་ཀྱིས་ཀླད་པ་གཙོ་བོར་འཛིན་པའི་ཀླད་རྩའི་རྣམ་གཞག། དགའ་བྱང་ལྷ་རམས་པ་རྒན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ནང་པའི་སེམས་ཁམས་རིག་པ་ལས་བྱུང་བའི་མིག་ཤེས་ཀྱི་ངོ་བོ་དང་དེ་ཡུལ་ལ་འཇོག་ཚུལ།  ཚན་རིག་དགེ་རྒན་སྦི་རི་ཌི་ལྦ་སྦལ་ལགས་ནས་དེང་རབས་ཚན་རིག་ལས་མཐོང་ཚོར་མ་ལག་དང་འབྲེལ་བའི་སྒོ་ནས་ཡུལ་ལ་འཇུག་ཚུལ་བཅས་ཀྱི་ཐོག་གསུང་བཤད་གནང་བ་མ་ཟད་དེ་འབྲེལ་བརྗོད་གཞིའི་ཐོག་དྲི་བ་དྲིས་ལན་ཡང་གནང་ཡོད་པ་རེད། རྩ་བའི་དགའ་ལྡན་རྗེ་ཀླུ་འབུམ་ཁང་ཚན་དང་བྱང་རྩེ་གྲྭ་ཚང་ཐོུང་ནས་ད་བར་ཚན་རིག་བགྲོ་གླེང་ཐེངས་གསུམ་གནང་ཡོད་པ་དང་ད་རེས་ཐེངས་བཞི་པ་དེ་ཆགས་ཀྱི་འདུག

Latest news