Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནད་དོན་འབུར་འདོན་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་གཉིས་ཀྱིས་གོ་སྒྲིག་འོག་བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ལས་དོན་སྐོར་གོ་རྟོགས། གནམ་གཤིས་འགྱུར་ལྡོག་བཅས་བརྒྱུད་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནད་དོན་འབུར་འདོན་དང་འབྲེལ་བའི་ཉིན་གྲངས་གཉིས་དང་ཕྱེད་ཀའི་ཟབ་སྦྱོང་དབུ་འཛུགས་གནང་སོང་།དེ་རིང་སྔ་དྲོ་ཚོུད་ ༩༌༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ TCRC ཚོགས་ཁང་དུ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དབུ་བཞུགས་ཐོག་དབུ་འཛུགས་ནང་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའིཐོབ་ཐང་ཚན་པ་དང་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་འཐུས་མི་ཁག་ཅིག དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༢༠ སྐོར་ཞིག་གིས་མཉམ་ཞུགས་གནང་འདུགཐེངས་འདིའི་ཟབ་སྦྱོང་ཐོག་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་བཅས་ཀྱི་ཐོག་ལོ་མང་རིང་ཕྱག་ལས་གནང་མྱོང་མཁན་ཁྱད་ལས་པ་བཞི་གདན་འདྲེན་ཞུས་འདུག དེ་དག་རྣམས་ནི་ཇི་ནི་ཝ་ ནས་ཡིན་པའི་སྐུ་ཞབས་ Adrien-Claude Zoller ལགས་དང་ལྕམ་ Marguerie Contat ལགས། སྐུ་ཞབས་ Yves Lador ལགས། Joshua Cooper ལགས་བཅས་རེད་འདུགསྐབས་དེར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཕྱག་ལས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་ཙམ་མིན་པར་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་གདན་འདྲེན་ཞུས་ཡོད་པ་དང། དེའང་བོད་ཀྱི་རྩ་དོན་དང་ཁོར་ཡུག་གི་གནས་སྟངས་དེ་དག་བོད་མི་ཚང་མར་འོས་འགན་ཡོད་པ་ཞིག་མཚོན་སྐོར་གསུངས་སོང། དེ་རིང་ཟབ་སྦྱོང་གི་ཉིན་དང་པོར་ཟབ་ཁྲིད་པ་དང་ཚོགས་བཅར་བ་རྣམས་ཀྱི་དབར་ཕན་ཚུན་ངོ་སྤྲོད་དང་ཟབ་སྦྱོང་འདི་ནས་ཐུགས་རེ་ཅི་གནང་སྐོར་དགོངས་ཚུལ་བརྗེ་རེས་ཀྱི་ལས་རིམ་དང། སང་དང་གནངས་ཉིན་སུད་སིའི་རྒྱལ་ཁབ་ཀྱི་ཆབ་སྲིད་འགྲོ་ལུགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ངོ་སྤྲོད། བོད་མིའི་ངོས་ནས་རྒྱལ་ཚོགས་ནང་བོད་ཀྱི་གནད་དོན་ཐོག་ཞུ་གཏུག་གནང་ཕྱོགས་དང་འགྲོ་ལུགས། དེ་བཞིན་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འབྲེལ་ལམ་གནང་ཕྱོགས་བཅས་ཀྱི་ཐོག་ཟབ་ཁྲིད་གནང་གི་འདུག ཇི་ནི་ཊ་ནས་ཕེབས་པའི་མི་སྣ་དེ་དག་ནས་ཁ་སང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་ལ་མཇལ་ཞུས་འདུག་པ་མ་ཟད། ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་ཚོགས་གཙོ་སྦྲེལ་པོར་ལྷན་མཇལ་གནང་ནས་བོད་ཀྱི་གནད་དོན་སྐོར་རྒྱུས་ལོན་གནང་འདུག

གངས་ལྗོངས་ནོར་འབྲས་བཟོ་གྲྭས་འབྲས་རིགས་ཁྱབ་སྤེལ་དང་ཚོང་འགྲེམ།

དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་དྷ་རམ་ས་ལ་གངས་ཅན་སྐྱིད་ཤོངས་ཀྱི་གཉའ་ཁྲི་ཚོགས་ཁང་དུ་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ་ཕུན་ཚོགས་བཀྲ་ཤིས་ལགས་དང་དྲུང་ཆེ་བསྟན་འཛིན་ཕན་བདེ་ལགས། བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམམ་པ་དཀོན་མཆོག་བརྩོན་འགྲུས་ལགས། ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་བཅས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་བརྒྱུད་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་གངས་ལྗོངས་ནོར་འབྲས་བཟོ་གྲྭས་ཆེས་ཐོག་མའི་ལོ་ཏོག་འབྲས་རིགས་མི་འདྲ་བ་བཞི་ངོ་སྤྲོད་ཁྱབ་སྤེལ་དང་ཚོང་འགྲེམ་དབུ་འཛུགས་གནང་སོང་། གཞི་རྩའི་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་གངས་ལྗོངས་ནོར་འབྲས་བཟོ་གྲྭ་དེ་ཐོག་མར་ཕྱི་ལོ་ ༢༠༡༤ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཆིབས་བསྒྱུར་བཀའ་དྲིན་མཛད་སྐབས་ས་གནས་བོད་མིའི་འཚོ་ཐབས་ལ་ཕན་སླད་འབྲས་ཐག་གི་འཕྲུལ་ཆས་གསར་ཉོའི་ཆེད་དུ་མ་དངུལ་ཧིན་སྒོར་འབུམ་ ༡༥༧ གསོལ་བསྩལ་གནང་བ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་མ་དངུལ་ཧིན་སྒོར་འབུམ་ལྔ་དང་ས་ཆའི་མཐུན་རྐྱེན་སོགས་སྐྲུན་ཏེ་རིམ་པས་གསར་རྒྱག་གིས་སྔར་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་དྲུང་ཆེ་བསྟན་འཛིན་ཕན་བདེ་ལགས་ནས་སྤྱིར་བྷན་ད་ར་ས་གནས་སུ་ལོ་གཅིག་ལ་འབྲས་ཀྱི་རིགས་མི་འདྲ་བ་བཅུ་གཉིས་ཙམ་ཐོན་གྱི་ཡོད་ཀྱང་། ཁོང་རྣམ་པས་རྒྱུན་དུ་ས་གནས་སུ་ནོར་འབྲས་དྲི་ཞིམ་དང་། ནོར་འབྲས་མུག་པོ། དེ་བཞིན་ནོར་འབྲས་གངས་དཀར་ལ་རིགས་གཉིས་བཅས་ཁྱོན་འབྲས་རིགས་མི་འདྲ་བ་བཞི་འདེབས་འཛུགས་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་གངས་ལྗོངས་ནོར་འབྲས་བཟོ་གྲྭ་ནས་ཐོན་པའི་འབྲས་དེ་དག་ཁ་ལ་འཇམ་པ་དང་ བཙོས་པའི་རྗེས་སུ་འཕེལ་རྒྱས་ཆེ་བ། གོང་ཚད་རན་པོ་དང་ཕྱིའི་རྫས་རིགས་བསྲེས་ལྷད་མེད་པ་སོགས་རྒྱུ་སྤུས་ཀྱི་ཆ་ནས་ལེགས་པོ་ཡོད་སྐོར་གསུངས་ཡོད། བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ད་རེས་བྷན་ད་ར་ནོར་རྒྱས་གླིང་ས་གནས་མཉམ་འབྲེལ་གྱི་འབྲས་རིགས་ཐོན་རྫས་དང་འབྲེལ་བའི་ལས་གཞི་དེ་རྒྱུན་དུ་ང་ཚོས་རང་ཁ་རང་གསོ་ཞེས་བརྗོད་བཞིན་པའི་དཔེ་མཚོན་ངོ་མ་ཆགས་ཡོད་པ་དང་། ལས་གཞི་དེས་བོད་མི་ཙམ་མ་ཡིན་པར་ས་གནས་ཡུལ་མི་ལའང་ཕན་ཐོགས་ཆེན་པོ་སྒྲུབ་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་ཆབས་ཅིག བྷན་ད་ར་ཐོན་འབྲས་དེ་དག་རིམ་པས་བོད་རིགས་ཡོད་སའི་ས་གནས་དང་ཚོགས་སྐྱིད་ཚང་མར་ཁྱབ་ཐུབ་ཐབས་དང་མ་འོངས་པར་རྒྱ་གར་གྱི་ཁྲོམ་རའི་ནང་ཚོང་འགྲེམ་ཐུབ་པའི་ཁྱད་ནུས་ལྡན་ཡོད་ཅེས་གསུངས་ཡོད། རྩ་བའི་ཁོང་རྣམ་ནས་རྒྱུན་དུ་བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་ས་ཨེ་ཀར་ ༡༠༤ ནས་ཐོན་པའི་འབྲས་རྣམས་བཟོ་གྲྭའི་འབྲས་ཐག་བརྒྱུད་གཙང་སེལ་བྱེད་བཞིན་ཡོད་པ་མ་ཟད། རིམ་པས་མ་འོངས་པར་འབྲས་ཐུག་དང་འབྲས་སྣུམ་སོགས་ཀྱི་ཐོན་སྐྱེད་ལས་དོན་གཉེར་ནས་ས་གནས་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་པར་ཡིད་ཆེས་གནང་གི་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་པ།

དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་དང་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་བུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། དཔལ་འབྱོར་ཆེད་ལས་སྐུ་ཞབས་ Ram Mohan Rao Lattipally ལགས་བཅས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་སྔར་ལོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་གཞུང་འབྲེལ་གྱི་ཁེ་ཡོད་ཚོང་གི་སྡེ་ཚན་དབུ་འབྱེད་གནང་ཡོད་པ་དང་། ཉེ་ཆར་ཟླ་ ༡༢ ཚེས་ ༡༣ ཉིན་ Reserve Bank of India ཞེས་རྒྱ་གར་དངུལ་ཁང་ཆེན་མོ་ནས་དངུལ་བུན་གཡར་སོགས་དང་འབྲེལ་བའི་ལས་གཞི་སྤེལ་ཆོག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་ཐོབ་ཡོད་པ་ཡོངས་བསྒྲགས་གནང་སོང་།   སྐབས་དེར་སྲོད་སྐྱོང་མཆོག་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་པ་དེས་མ་འོངས་པར་ཞབས་ཞུ་ཁང་ནས་ཕྱག་ལས་གང་གནང་ཡང་ཁྲིམས་མཐུན་རང་ཆགས་ཀྱི་ཡོད་པ་གསུངས་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བརྒྱུད་ལོ་ཤས་གོང་ནས་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་སྤྱིའི་དཔལ་འབྱོར་གྱི་རྨང་གཞི་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་རྒྱུན་གནས་ཡོང་ཐབས་སོགས་ལ་དམིགས་ཏེ་བུན་གཡར་གྱི་ལས་གཞི་ཁག་གཅིག་སྤེལ་མུས་ལྟར། འདི་ལོའི་ཕྱི་ཟླ་གཉིས་པ་ནས་རྒྱ་གར་གྱི་ས་གནས་ཁག་ ༡༣ ནང་དབྱར་ཚོང་གནང་བཞིན་པའི་བོད་མི་གྲངས་ ༦༠༠ ཙམ་ལ་སྒོར་ས་ཡ་ ༡༢༠ འི་བུན་གཡར་རོགས་སྐྱོར་གྱི་ལས་གཞི་གསར་པ་འགོ་འཛུགས་གནང་གཏན་ཁེལ་ཡོད་པ་གསུངས་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ནས་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཐོག་ཕྱི་སྡོད་བོད་མི་ཞེས་འཁོད་པ་དེ་ཆབ་སྲིད་སོགས་དང་འབྲེལ་བ་གང་ཡང་མེད་པར་ལས་དོན་ཁྲོད་ཉིས་ལྡབ་མི་ཡོང་བ་དང་གྲངས་ཀ་ཁག་ཏག་ཏག་ཐོབ་རྒྱུ་སོགས་ལ་དམིགས་ཏེ་བཞག་སྐོར་གསལ་བཤད་དང་སྦྲགས། ཐ་སྙད་དེ་དང་འབྲེལ་ཉེ་ལམ་ནས་བོད་པའི་སྤྱི་ཚོགས་དང་སྤྱི་ཚོགས་དྲྭ་ལམ་ཐོག་འཚོ་བ་རྣོ་བའི་རྣམ་པ་སྟོན་བཞིན་ཡོད་སྟབས། ཕྱི་སྡོད་བོད་མི་ཞེས་པའི་ཐ་སྙན་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསུངས་ཡོད།

༸གོང་ས་མཆོག་གིས་ལྕམ་ནན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་བར་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་ནན་སི་པེ་ལོ་སི་མཆོག་སྐབས་ ༡༡༦ པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་དུ་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་འདུག དེ་ཡང་ཁ་སང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་༸གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་འདོན་སྤེལ་གནང་བའི་ནང་དུ། ཨ་རི་ནི་འཛམ་གླིང་རང་དབང་ལུང་པའི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཡིན་པ་དང་། གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ལྕམ་སྐུ་མཆོག་གིས་ཚོགས་གཙོའི་ལས་དོན་བརྒྱུད་ཁ་ཕྱོགས་བཟང་པོ་ཞིག་ཏུ་སྣེ་འཁྲིད་ཐུབ་རྒྱུ་ཡིན་པར་༸མགོན་པོ་མཆོག་ལ་ཡིད་ཆེས་བརྟན་པོ་ཡོད་པ་བཀའ་ནན་དང་སྦྲགས། བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ལྕམ་སྐུ་མཆོག་ནས་སེམས་ཐག་ཉེ་པོ་དང་བློ་གཅིག་སེམས་གཅིག་གི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བ་དེ་ནི། བོད་མི་རྣམས་ལ་རེ་བ་དང་སྙིང་སྟོབས། དེ་བཞིན་བོད་དོན་བདེན་མཐའ་གསལ་རྒྱུའི་རེ་བ་སྐྱེ་གཞི་ཞིག་ཡིན་པ་བཀའ་གནང་འདུགལྷག་པར་དུ་དེང་སྐབས་བོད་ནང་སྡུག་སྦྱོང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་གཙོས་མ་འོངས་ངེས་གཏན་མེད་པར་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་འདིར། མཐར་དྲང་བདེན་དང་རྒྱུ་མཚན་ལ་བརྟེན་ནས་མི་སྡེའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཞིང་རྒྱས་པ་ཞིག་ཡོང་རྒྱུ་ཡིན་པར་༸མགོན་པོ་མཆོག་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀའ་གནང་འདུག དེ་ཡང་ཉེ་ཆར་ཨ་མི་རིའི་ཀའི་སྲིད་འཛིན་ལས་ཡུན་གྱི་བར་མའི་འོས་བསྡུའི་ཁྲོད། ཨ་རིའི་མང་གཙོ་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་ཡོད་པ་དང་། ཁ་སང་ཚེས་ ༣ ཉིན་སྐབས་ ༡༡༦ ཨ་རིའི་གྲོས་ཚོགས་ཀྱི་ལས་ཡུན་དབུ་འཛུགས་ཐོག་འཐུས་མི་གསར་འདེམས་བྱུང་བ་རྣམས་ཀྱིས་དམ་འབུལ་ཞུས་པ་དང་། སྐབས་ ༡༡༦ པའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་སླར་ཡང་འདེམས་ཐོན་བྱུང་བའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་མང་མོས་ཀྱི་ཐོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་བསྐོ་བྱུང་ཡོད་པ་རེད། ལྕམ་ནེན་སི་པེ་ལོ་སི་མཆོག་ཕྱི་ལོ་ ༡༩༨༧ ལོར་ཐོག་མར་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་བ་དང་། ཕྱི་ལོ་༢༠༠༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བ་དང་འབྲེལ། ཨ་རིའི་ནང་དུ་བུད་མེད་ཚོགས་གཙོར་བསྐོ་བཞག་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ལྕམ་ནེན་སི་པེ་ལོ་སི་མཆོག་ནི་ཡུན་རིང་ནས་བོད་དོན་དང་བོད་མིའི་གནས་སྟངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་དང་། ལྷག་པར་དུ་༧གོང་ས་མཆོག་ལ་གུས་བཀུར་ཆེ་བསྟོད་ཞུས་མཁན་ཞིག་ཡིན་པ་རེད། ལྕམ་ནན་སི་པི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་། གཞུང་འབྲེལ་དྲ་གནས་བརྒྱུད་བོད་མིའི་སྒྲིག་འཛུགས་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་འདུག་པ་དང། ད་རེས་ཁོང་བསྐྱར་འདེམས་བྱུང་བ་དེ་ནི་ཁོང་གིས་ཨ་རིའི་རྒྱལ་ཁབ་ཀྱི་རིན་ཐང་ལ་གཞིགས་པའི་དབུ་ཁྲིད་བཟང་པོའི་བྱ་བཞག་གི་མཚོན་རྟགས་ཤིག་ཡིན་པ་དང་། ད་ལན་ཁོང་ལ་རྒྱལ་ཁ་ཐོབ་བ་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་རྒྱལ་ཁ་ཡིན་པ་གསུངས་འདུག ཁ་སང་ལྕམ་ནན་སི་པི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་བ་དང་འབྲེལ། ཨ་རིའི་སྲིད་འཛིན་ Donald Trump མཆོག་གི་གཙོས་པའི་གནད་དོན་མི་སྣ་ཡོངས་ཀྱིས་ཁོང་ལ་འཚམས་འདྲི་གནང་མུས་ཡིན་པ་མ་ཟད། ངོ་དེབ་དང་ Twitter སོགས་སྤྱི་ཚོགས་དྲ་རྒྱ་ཐོག་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་ནས། ལྕམ་སྐུ་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་བཞིན་འདུག    

བོད་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་ལན་འདེབས།

རྒྱ་ནག་གཞུང་ནས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཡག་པོ་ཡོད་ཚུལ་དང་འབྲེལ་བའི་ཡིག་ཆ་དཀར་པོ་འདོན་སྤེལ་བྱས་པ་དང་འབྲེལ། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་ལྷན་འཚོགས་ཤིག་བསྐོང་ནས་ཤོག་གྲངས་ ༢༡ ཅན་གྱི་ལན་འདེབས་ཡིག་ཆ་ཞིག་འདོན་སྤེལ་གནང་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ཚོགས་ཁང་དུ་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང། བོད་ཀྱི་སྲིད་བྱུས་ཉམས་ཞི་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་དབུ་བཞུགས་ཐོག་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་གི་རྒྱབ་ཤ་དཀར་པོར་ལན་འདེབས་ཡིག་ཆ་དེ་འདོན་སྤེལ་གནང་སོང་བ་དང་། དེའི་ནང་བོད་མཐོ་སྒང་གི་གལ་གནད་དང། ལོ་རྒྱུས་ཐོག་བོད་མིའི་སྲོལ་རྒྱུན་གོམས་གཤིས་ཀྱི་ཐོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པ་དང་། རྒྱ་གཞུང་གི་བཙན་ཤེས་འོག་བོད་མི་དེ་དག་གནས་སྤོ་བྱེད་བཞིན་པ། གོ་ལའི་གནམ་ཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཅི་ཐེབས། རྒྱ་གཞུང་གིས་ཁོར་ཡུག་སྲིད་བྱུས་ནོར་བ་དང་གང་བྱུང་གཏེར་འདོན་དང་འཛུགས་སྐྲུན་ལས་གཞི་རྐྱེན་པས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་འགྲོ་བཞིན་པ། བོད་ནང་གད་སྙིགས་ཀྱི་དཀའ་ངལ་དང་རང་བྱུང་ཁོར་ཡུག་གི་གོད་ཆག་མང་དུ་འགྲོ་བཞིན་པ་སོགས་སྔར་འཕྲད་མྱོང་མེད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ཐེར་འདོན་གནང་འདུགསྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གཞུང་གི་བཏོན་པའི་རྒྱབ་ཤ་དཀར་པོ་དེ་དག་རྒྱ་ནག་གི་གཏན་འབེབས་བྱས་པའི་སྲིད་བྱུས་ཡིན་ལུགས་བརྗོད་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེར་གལ་འགངས་ཆེན་པོ་རྩིས་པའི་ཐོག་ནས་ཟླ་བ་མང་པོའི་རིང་ཉམས་ཞིབ་མཐིལ་ཕྱིན་པ་གནང་རྗེས་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་དང་བདེན་དཔང་ཐུབ་པའི་ལན་འདེབས་ཡིག་ཆ་དེ་ད་རེས་འདོན་སྤེལ་གནང་བ་ཡིན་སྐོར་གསུངས་སོང་། བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཤོག་གྲངས་ ༢༡ ཅན་གྱི་ཡིག་ཆ་དེའི་ནང་གཙོ་དོན་ཚན་བརྒྱད་འབུར་འདོན་གནང་ཡོད་པ་དང་། དོན་ཚན་རེ་རེས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་མི་འདྲ་བ་རེ་རེ་གསལ་སྟོན་བྱས་ཡོད་པ་དང། དེའི་ཁོངས་ནས་བོད་ནང་དེང་སྐབས་གད་སྙིགས་ཀྱི་དཀའ་ངལ་འཕྲད་བཞིན་པ། རང་བྱུང་གོད་ཆག་མང་དུ་འགྲོ་བཞིན་ཡོད་པ་བཅས་ཀྱི་གནད་དོན་གསར་པ་གཉིས་འཁོད་ཡོད་པ་དང་། དེ་བཞིན་ས་གནས་ས་ཐོག་ཏུ་རྒྱ་གཞུང་གི་དེ་གའི་ཁྲིམས་དང་འགལ་བའི་ལས་དོན་སྤེལ་བ་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་བཟོ་མུས་ཡིན་པ་སོགས་ཀྱི་གནད་དོན་བཞི་འབུར་འདོན་གནང་བ་དང་འབྲེལ། ཁོར་ཡུག་སྲུང་སྐྱོབ་འདི་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་ཡིན་སྟབས། བོད་རྒྱ་གཉིས་ཟུང་འབྲེལ་ཐོག་ནས་ཕྱག་ལས་གནང་ཐུབ་པ་ཞིག་དང་གནང་དགོས་གལ་ཡིན་སྐོར་གསུངས་ཡོད།

བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་ནི་རྒྱ་གཞུང་ལ་ཆབ་སྲིད་དང་བོད་མིར་བརྡ་ལན་ཞིག་ཡིན་པ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་སྲིད་འཛིན་ Donal Trump མཆོག་ནས་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་དངོས་སུ་ཁྲིམས་ལ་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁྲིམས་དེའི་ཐོག་ནས་རྒྱ་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་དང་བོད་མིར་རེ་བའི་བརྡ་ལན་སྤྲད་པ་ཞིག་རེད་ཅེས་གསུངས་འདུག ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༩ དགོང་དྲོར་ཨ་རིའི་སྲིད་འཛིན་ཕོ་བྲང་གིས་སྤྱི་བསྒྲགས་ཤིག་སྤེལ་ཏེ་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ Rciprocal Acess to Tibet Act ཞེས་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་སྤྱི་མོས་ཐོག་ནས་གཏན་འབེབས་གནང་བ་དེར་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱབ་སྐྱོར་མཚན་རྟགས་བསྐྱོན་ཐོག་དངོས་སུ་ཁྲིམས་ལུགས་ལ་གཏན་འབེབས་གནང་ཡོད་པར་ཡོངས་བསྒྲགས་གནང་ཡོད་པ་རེད། ཁྲིམས་འཆར་དེ་དངོས་སུ་གཏན་འབེབས་བྱུང་རྗེས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བློ་བཟང་སེང་གེ་མཆོག་ནས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་གནང་སྟེ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་འདུག་པ་དང་། སྲིད་སྐྱོང་མཆོག་གིས་ཁྲིམས་འཆར་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་དང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གལ་ཆེ་ཤོས་གཉིས་པ་ཆགས་ཀྱི་ཡོད་པ་ངོ་སྤྲོད་དང་སྦྲགས། ད་ལན་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་གཏན་འབེབས་གནང་ཐུབ་པ་དེས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་རྒྱ་རིགས་ལས་བྱེད་རྣམས་ལ་རང་གི་ནོར་འཁྲུལ་བྱས་པའི་འགན་དེ་རང་གིས་འཁྱེར་དགོས་པ་ཞིག་བཟོས་པ་མ་ཟད། སྲིད་འཛིན་ Trump མཆོག་གིས་སྣེ་ཁྲིད་གནང་བཞིན་པའི་ད་ལྟའི་ཨ་རིའི་གཞུང་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མངོན་གསལ་གནང་ཡོད་སྟབས། ཁྲིམས་དེ་བརྒྱུད་རྒྱ་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཤུགས་ཆེ་ཞིག་སྤྲད་པ་དང་ཆབས་ཅིག གཞིས་བཞུགས་བོད་མི་རྣམས་ལ་རེ་བའི་བརྡ་ལན་བཟང་པོ་ཞིག་ཀྱང་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག ཁྲིམས་འཆར་དེ་ཁྲིམས་མཐུན་གཏན་འབེབས་ཡོང་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་གནང་མཁན་གཙོ་གྲས་ཁོངས་སུ་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Mecacci ལགས་ཀྱིས་ད་ལན་ཨ་རིའི་གཞུང་ནས་དོན་ཕན་ལྡན་པ་དང་གསར་གཏོད་རང་བཞིན་ཅན་གྱི་ཁྲིམས་ལུགས་ཤིག་དངོས་སུ་གཏན་འབེབས་གནང་ཐུབ་པ་དེས་རྒྱ་གཞུང་ནས་ད་བར་ཨ་རིའི་མི་སེར་དང་བོད་མི་རྣམས་ལ་དབྱེ་འབྱེད་བྱས་པའི་མཇུག་འབྲས་རྣམས་ད་ཆ་རྒྱ་གཞུང་རང་ཉིད་ཀྱིས་དངོས་སུ་མྱོང་རྒྱུ་ཡིན་པའི་བརྡ་ལན་ཁ་གསལ་ཞིག་གནང་ཡོད་པ་མ་ཟད། རྒྱལ་ཁབ་གཞན་ཚོས་ཀྱང་ལམ་ཁ་དེའི་ཐོག་མདུན་བསྐྱོད་བྱ་རྒྱུར་མེ་ལྕེ་སྤར་ཡོད་པར་ནན་བརྗོད་གནང་འདུག རྩ་བའི་ཁྲིམས་འཆར་དེ་སྤྱི་མོས་ཀྱིས་གཏན་འབེབས་གནང་བར་རྒྱ་གཞུང་གིས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་འབྲེལ། ཨ་རིའི་སྲིད་འཛིན་མཆོག་ལ་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་རྒྱུ་མེད་པར་འབོད་སྐུལ་ཞུས་པ་མ་ཟད། ཁྲིམས་འཆར་དེ་དངོས་ཡོད་གནས་སྟངས་དང་མ་འཚམས་པ་དང་ལྷག་དོན་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ཚུལ་བརྗོད་དེ་ཨ་རིའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་གཞུང་གི་འཁྱོག་བཤད་ལ་དགག་པ་གནང་སྟེ་དོན་དངོས་ཐོག་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་མཁན་ནི་རྒྱ་གཞུང་རང་ཉིད་ཡིན་པར་ནན་བརྗོད་གནང་ཡོད་པ་རེད། རྒྱ་གཞུང་གིས་གནོན་ཤུགས་དང་སྐྱོན་བརྗོད་བྱས་དང་བྱེད་མུས་ལ་ལྟོས་མེད་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབས་གནང་རྗེས་ཁ་སང་ཨ་རིའི་སྲིད་འཛིན་མཆོག་གིས་དངོས་སུ་ཁྲིམས་དེར་མཚན་རྟགས་བསྐྱོན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཨ་རིའི་གྲོས་ཚོགས་འཐུས་མི་གཙོ་གྱུར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཀུན་ལ་འཚམས་འདྲི་དང་ཐུགས་རྗེ་ཞུས་ཡོད་པ་རེད།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་བཞུགས་སྒར་དྷ་རྨ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Pradeep Tamta མཆོག་དང། དམིགས་བསལ་སྐུ་མགྲོན་ Sassoufit འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེའི་ཚོགས་གཙོ་སྐུ་ཞབས་ Andrea Papus Ngombet Malewa མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སོགས་ལྷན་འཛོམས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ད་བར་མགོན་པོ་༸གང་ཉིད་མཆོག་གིས་བོད་འབངས་སྤྱི་དང་ཡང་སྒོས་མཐའ་ཡས་པའི་སྐྱེ་འགྲོའི་ཕན་བདེའི་སླད་དུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བཀྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ང་ཚོ་བོད་མི་ཚོའི་ངོས་ནས་༸མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གྲུབ་ཕྱིར་འཚེ་བ་མེད་པ་དང་། ཡ་རབས་བཟང་སྤྱོད། དེ་བཞིན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས། སེམས་ཀྱི་འཕྲོད་བསྟེན་སྤྱོད་རྒྱུ་སོགས་ཀྱི་ཐོག་བཀའ་སློབ་བསྩལ་བ་རྣམས་ཉམས་ལེན་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བས་ཚང་མས་དེ་མཚུངས་ལག་བསྟར་གནང་རོགས་ཞེས་འབོད་སྐུལ་གནང་སོང་།འདི་ལོའི་ཕྱི་ཟླ་ ༡༠ དང་ ༡༡ ནང་བོད་ནང་གི་ཡར་ཀླུང་གཙང་པོ་དང་འབྲི་ཆུ་འགག་ནས་རི་ཉིལ་རྐྱེན་ཆུ་འགག་པས་མཚོ་གླིང་གསར་ཆགས་བྱུང་ནས་ཉེ་འདབས་སུ་ཆགས་པའི་དུད་ཚང་རྣམས་ཡུལ་གཞན་དུ་གནས་སྤོས་བྱས་དགོས་པ་དང་། དེ་བཞིན་ལོ་རྒྱུས་ལྡན་པའི་དགོན་པ་དང། སློབ་གྲྭ་སོགས་ཆུས་བསྣུབས་ནས་དཀའ་ངལ་དུ་མ་འཕྲད་པ་རྣམས། རྒྱ་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་སྔོག་འདོན་དང་། ཆུ་རགས་གསར་རྒྱག་སོགས་ཀྱི་ལས་གཞི་ལ་བརྟེན་ནས་ཡིན་སྟབས། རྒྱ་གཞུང་ནས་དཀའ་ངལ་དེ་དག་གཙང་སེལ་སླད་འགན་ཁུར་སྒོ་ནས་གླེང་སློང་ཐོག་འཕྲལ་མར་དཀའ་ངལ་སེལ་དགོས་པར་སྐུལ་མ་གནང་སོང་བ་དང་། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པར་བསྐྱར་ནན་གནང་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་ད་ཆ་དགུང་ལོ་མཐོ་པོར་ཕེབས་པས་བོད་མི་རྣམས་ནས་༸གང་ཉིད་མཆོག་༸སྐུ་ཚེ་རིང་དུ་བཞུགས་ཕྱིར་སྒྲིག་འཛུགས་དང་ཚོགས་སྒེར་ཁག་ནས་མཇལ་ཞུ་སོགས་ཉུང་འཕྲི་ཡོང་ཐབས་ཀྱི་དགོངས་བཞེས་གནང་གནད་ཡིན་པར་འབོད་སྐུལ་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་མགོན་པོ་༸གང་ཉིད་མཆོག་ལ་གུས་ཕྱག་དང་བཅས་བཀའ་དྲིན་རྗེས་དྲན་ཞུས་པ་དང་། མཛད་སྒོའི་སྐུ་མགྲོན་རྣམ་པ་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་ཁག་སོགས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ༸གོང་ས་མཆོག་གི་མཛད་འཕྲིན་འཛམ་བུ་གླིང་ནང་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་སྐོར་དང་སྦྲགས། ༸མགོན་པོ་མཆོག་དང་མཇལ་འཕྲད་གནང་མྱོང་མཁན་གྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་སོགས་ནས་༸གང་ཉིད་མཆོག་གི་ཕྱག་དེབ་བཀླགས་ནས་རང་ཉིད་ཀྱི་མི་ཚེ་དང་། ནང་མི། དེ་བཞིན་མང་ཚོགས་ལ་སེམས་འགུལ་དང་འགྱུར་ལྡོག་ཕྱིན་སྐོར་གསུངས་ཁག་ལུང་འདྲེན་དང་འབྲེལ། བོད་མི་ཚོའི་ངོས་ནས་༸གོང་ས་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད་ཅེས་ནན་པོ་གསུངས་སོང་།དེ་རིང་གི་ཉིན་མོ་འདི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བ་དང་སྦྲགས། རྒྱ་གཞུང་ནས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་གཏང་ཕྱིར་འདི་ལོའི་ལོ་མགོར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཟེར་བས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་དོན་ཚན་ཉེར་གཉིས་ཅན་ཞིག་སྤེལ་བ་དང། དེའི་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དབུ་མའི་ལམ་སྐོར་དྲིལ་བསྒྲགས་གནང་ཚེ་ལོག་སྤྱོད་དང་བསམ་བློ་གུ་དོག་དྲིལ་བསྒྲགས་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པའི་ཉེས་འཛུགས་བྱས་ཏེ་རྡུང་རྡེག་གཏང་དགོས་སྐོར་འཁོད་ཡོད་པ་དང་འབྲེལ། རྒྱ་གཞུང་གི་ཕྱོགས་གཅིག་ནས་༸གོང་ས་མཆོག་དང་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་པ་བརྗོད་ཀྱང་དབུ་མའི་ལམ་དྲིལ་བསྒྲགས་གནང་ཚེ་ནག་གཤེད་ཁོངས་སུ་རྩིས་པ་དེ་ཁ་ཞེ་མི་མཚུངས་པ་ཡིན་པར་གསུངས་ཡོད།ཨ་རིའི་མི་སེར་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་ཨ་རི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་གཏན་འབེབས་གནང་ཡོད་པ་བཞིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཀྱང་ཁྲིམས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་གནང་ཡོད་པ་དང། ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་རྒྱུ་དང་དེ་འབྲེལ་ཁྲིམས་སུ་གྱུར་པར་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།བོད་མི་རྣམས་གཞན་ཡུལ་དུ་གྱར་ནས་མི་ལོ་ ༦༠ འཁོར་ཟིན་པ་དང་སྦྲགས། བོད་མི་ཚོས་༸གོང་ས་མཆོག་གི་དགུང་ནའི་བབས་དང་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་ཐོག་དགོངས་པ་ཆེ་བཞེས་ཀྱིས་རང་ལ་འཁྲི་བའི་ལས་འགན་རྣམས་ལྷག་བསམ་རྣམ་དག་ཐོག་ཞུ་རྒྱུ་དང་ཕྱར་བ་གྲུ་འདེགས་ཞུ་དགོས་པའི་ཐོག་བོད་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེར་གསོག་དགོས་གལ་ཡིན་པར་འབོད་སྐུལ་གནང་ཡོད་པ་རེད།མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་སྐུ་ཞབས་ Shri Pradeep Tamta མཆོག་གིས་དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོར་ཁོང་དང་ཁོང་གི་སྐུ་ཟླ་གཉིས་མཛད་སྒོར་མཉམ་ཞུགས་གནང་རྒྱུའི་གོ་སྐབས་གནང་བར་གོ་སྒྲིག་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རང་ཉིད་ནས་༸མགོན་པོ་མཆོག་དང་དངོས་སུ་མཇལ་མྱོང་མེད་ཀྱང་། ད་ཆ་རྩོད་རྙོག་དང་དྲག་པོའི་དུས་རབས་འདིའི་ནང་འགྲོ་བ་མི་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་དེ་དག་སེལ་རྒྱུར་འབད་རྩོན་བྱེད་པའི་ཐོག་སྙིགས་མའི་དུས་རབས་འདིའི་ནང་ང་ཚོའི་ཁྲོད་༸གོང་ས་མཆོག་ལྟ་བུ་སྐྱེས་བུ་ཆེན་པོ་ཞིག་ཡོད་པ་ནི་བསོད་ནམས་ཅན་ཞིག་ཡིན་པ་དང། ༸མགོན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པར་སྨོན་འདུན་གནང་སོང་།ནང་པའི་སྐྱབས་སྟོན་པ་པོ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་འཛམ་བུ་གླིང་ཀུན་གྱི་སྡུག་བསྔལ་སེལ་ཐབས་སླད་སེམས་ཅན་གྱི་ལས་དོན་ལ་ཞུགས་སྟབས་དེང་གི་འཛམ་གླིང་ནང་སྟོན་པ་མིའི་གཟུགས་སུ་འབྱོན་པ་ནི་༸མགོན་པོ་མཆོག་ཡིན་པ་སོགས་གསུངས་ཡོད།དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་གཙོས་པའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་བརྒྱད་ལ་ཞབས་ལོ་ ༢༥ འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲིད་ཞུ་བ་བགྲེས་ཡོལ་ཕེབས་མཁན་ལ་ལེགས་གསོའི་ཕྱག་འཁྱེར་གནང་སོང་། གཞི་རྩའི་དེ་རིང་གི་ཉིན་མོ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༣ པ་སྲུང་བརྩི་ཞུ་གནང་གི་ཡོད་པ་རེད། བོད་མིའི་གཞིས་སྒར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་གསར་འགྱུར།

སྦེལ་ཀོབ་ཏུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤  འཚོགས་རྒྱུ།

བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༢ ཚེས་ ༡༥ ནས་ ༢༠ དང་བོད་ཟླ་ ༡ ཚེས་ ༡༡ ནས་ ༡༧ བར་དུས་ཡུན་ཉིན་གྲངས་དྲུག་རིང་བོད་མིའི་གཞིས་སྒར་སྦེལ་ཀོབ་ཏུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ སྲུང་བརྩི་གནང་གཏན་ཁེལ་འདུག འདི་ག་རླུང་འཕྲིན་ཁང་གིས་དྷ་ས་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་ངག་དབང་ཡོན་ཏན་ལགས་དང་སྦེལ་ཀོབ་བོད་ཀྱི་ལྷ་མོ་ཚོགས་པའི་ཚོགས་གཙོ་ཆོས་སྒྲོན་ལགས་རྣམ་གཉིས་ལ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ པའི་སྟ་གོན་དང་དེའི་ཐོག་བཙན་བྱོལ་ནང་གི་བོད་མིའི་ལྷ་མོ་ཚོགས་པ་ག་ཚོད་ནས་མཉམ་ཞུགས་གནང་གི་ཡོད་མེད་དང་དེ་བཞིན་འཁྲབ་གཞུང་གང་དང་གང་ཡོད་པ་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་ཡོད།

འབྲས་ལྗོངས་མངའ་སྡེའི་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་ཕྱག་བསྟར་གནང་རྒྱུ།

རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་ཞིག་གཏན་འབེབས་གནང་ཡོད་པ་ལྟར། ཉེ་ལམ་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ནང་སྲིད་བྱུས་དེ་ཕྱག་བསྟར་གནང་རྒྱུར་མངའ་སྡེ་གཞུང་གིས་བཀའ་ཤག་ལྷན་ཚོགས་ཐོག་སྤྱི་མོས་རྒྱབ་སྐྱོར་དང་ཐུགས་ཐག་གཅོད་པའི་གཞུང་འབྲེལ་ཡིག་ཆའི་ངོ་བཤུས་ཤིག་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་སུ་གནང་འབྱོར་བྱུང་འདུག འདི་ག་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་སྒང་ཏོག་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་ད་བར་བཀའ་བློན་རིམ་ཕེབས་དང་། ས་གནས་འགོ་འཛིན་རིམ་ཕེབས། དེ་བཞིན་ནང་སྲིད་ལས་ཁུངས་བཅས་ནས་སྲིད་བྱུས་དེའི་ཐོག་རྒྱུན་རིང་པོ་ཞིག་ནས་ཞུ་གཏུགས་གནང་བར་བརྟེན་རྒྱ་གར་མངའ་སྡེའི་གཞུང་ནས་ཞལ་བཞེས་ཐེངས་མང་གནང་ཡོད་ནའང་། དངོས་སུ་སྲིད་བྱུས་དེར་རྒྱ་གར་མངའ་སྡེའི་གཞུང་ནས་ཕྱག་བསྟར་གནང་རྒྱུའི་ཐུགས་ཐག་གཅོད་པའི་གཞུང་འབྲེལ་ཡིག་ཆའི་ངོ་བཤུས་ཤིག་ས་གནས་འགོ་འཛིན་ལས་ཁུངས་སུ་གནང་འབྱོར་བྱུང་སྐོར་གསུངས་སོང་། རྩ་བའི་རྒྱ་གར་དབུས་གཞུང་ནས་ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་གཏན་འབེབས་གནང་རྗེས་རྒྱ་གར་གྱི་མངའ་སྡེ་ཧི་མཱ་ཅལ་དང་། ཨུ་ཏར་ཁཱནྚ། ཀ་ན་ཊ་ཀ་བཅས་ཀྱི་ནང་ཕྱག་བསྟར་གནང་ཟིན་ཡོད་པ་རེད།

Latest news