Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས་གཏན་ཁེལ་བ།

བོད་ཀྱི་ཟློས་གར་ཚོགས་པ་ནས་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ ༣༡ བར་བཞུགས་སྒར་དྷ་རྨ་ས་ལར་ཉིན་གྲངས་གསུམ་གྱི་རིང་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་བ་བརྒྱུད་ནས་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་རྣམ་གཉིས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་གནང་སྟེ་འདི་ལོ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན་ཟློས་གར་ཚོགས་པའི་འགན་ལྷན་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ཚོགས་ཁང་གསར་པ་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་མ་ཟད། སྐབས་དེར་ཟློས་གར་འགན་ལྷན་ཡོངས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་རིག་གནས་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད།ལྷག་དོན་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ ༣༡ བཅས་ཉིན་གྲངས་གསུམ་གྱི་རིང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་ཐོག་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཆེས་ཐོག་མ་དེ་སྐོང་ཚོགས་གནང་རྒྱུ་དང་དེ་བཞིན་བོད་ཀྱི་ཟློས་གར་དགེ་ལས་དང་ཟློས་ཟུར་རྣམས་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ་ཡོང་སླད་གཞུང་འབྲེལ་གྱི་ཟློས་ཟུར་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་རྒྱུ་རེད་འདུགསྐབས་དེར་ཟློས་གར་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་དེའི་སྐོར་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་བདུན་ནས་སྒྱུ་རྩལ་མཁས་དབང་ཕྱི་རྒྱལ་བ་གྲངས་ ༡༩ དང་དེ་བཞིན་རྒྱ་གར་དང་བལ་ཡུལ་གཉིས་ནས་སྒྱུ་རྩལ་མཁས་པ་གྲངས་ ༧ བཅས་གཙོ་བོར་གྱུར་པའི་དེ་མིན་སྒྱུ་རྩལ་བ་གཞན་ཁག་ཅིག་ནས་བོད་ཀྱི་ཐུན་མིན་སྒྱུ་རྩལ་རིག་གཞུང་ཐད་རྩོམ་ཡིག་སྤེལ་ཐོག་དེ་དག་ཕྱིས་སུ་ལྷན་ཚོགས་མཇུག་སྒྲིལ་སྐབས་སྙན་ཐོ་ཞིག་འདོན་སྤེལ་གནང་རྒྱུ་ཡིན་པར་གསུངས་ཡོད།དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་འདི་ཐོག་མར་བོད་ནས་ཕེབས་པའི་སྒྱུ་རྩལ་བ་མི་གྲངས་ ༢༧ ཙམ་གྱིས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། རིམ་པས་རྒྱ་སྐྱེད་ཕྱིན་ནས་འདས་པའི་ལོ་ངོ་ ༦༠ རིང་ལ་གང་ཐུབ་ཅི་ཐུབ་ཀྱིས་སྤུས་ཚད་ལྡན་པའི་འཁྲབ་སྟོན་གནང་བ་བརྒྱུད་འཛམ་གླིང་སྤྱི་ཡོངས་ལ་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་གཟིགས་འབུལ་ཞུས་ཏེ་རིག་གཞུང་གོམས་སྲོལ་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་བཞིན་པར་ད་ལྟའི་ཟློས་གར་གྱི་དགེ་ལས་སློབ་ཕྲུག་དང་ལྷག་དོན་ཟློས་ཟུར་ཡོངས་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་སྟོན་རྒྱས་པའི་ཐོག་འཛམ་གླིང་ཤར་ནུབ་ཡུལ་གྲུ་དང་དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་གནས་བཞིན་པའི་ཟློས་ཟུར་དང་དེ་བཞིན་ད་ཆ་སློབ་གྲྭ་ཁག་ཏུ་ཟློས་དགེའི་ཕྱག་ལས་གནང་བཞིན་པ་རྣམས་ནས་མཉམ་ཞུགས་ཡོང་བར་འབོད་སྐུལ་གནང་སོང་།རྩ་བའི་འདི་ལོའི་དུས་སྟོན་ཐོག་བོད་པའི་སྒྱུ་རྩལ་མི་སྣ་བཅུ་ལ་འཁྲབ་སྟོན་གནང་རྒྱུའི་དམིགས་བསལ་གོ་སྐབས་གནང་རྒྱུ་རེད་འདུག

རྒྱ་ནག་དང་ལྷན་ཚོང་འབྲེལ་གནང་གལ་ཆེ་ཡང་རང་ཉིད་རྒྱལ་ཁབ་ཀྱི་བཟང་སྤྱོད་དོར་རྒྱུ་མེད།

ཁ་སང་ཕྱི་ཚེས་ ༨ ནས་ཤར་ཡོ་རོབ་རྒྱལ་ཁབ་ Lativa རྒྱལ་ས་ Riga ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། ཉིན་དང་པོའི་དབུ་འབྱེད་མཛད་སྒོ་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་ཆེན་ཐོག་ཆེད་དུ་ཕེབས་གནང་བ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Ripun Bora ལགས་དང་སྐུ་ཞབས་ Pradeep Tamta ལགས་བཅས་ནས་ད་ལྟའི་དུས་སུ་བོད་མི་ནས་གདོང་ལེན་གནང་དགོས་པའི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཚོགས་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་མི་ཚོར་མཉའ་གནོན་དང་མཐོང་ཆུང་། བོད་འདི་རྩ་གཏོར་གཏང་རྒྱུའི་ཐབས་བྱུས་འདྲ་མིན་བརྩམས་ཡོད་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་དང་། བོད་མིའི་སྙིང་སྟོབས། ལྷག་པར་དུ་རྒྱལ་སྤྱིའི་ཐོག་བོད་དོན་ལ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཚོའི་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་ད་ལྟ་ཡང་གསོན་པོར་གནས་ཡོད་པར་འགྲེལ་བརྗོད་གནང་ཡོད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་ཆེད་དུ་ཕེབས་པའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཚོགས་ཆེན་ཐོག་དངོས་སུ་བཅར་མ་ཐུབ་ཀྱང་བོད་དོན་ལ་རྒྱབ་སྐྱོར་གྱིས་གསུང་འཕྲིན་དང་བསྒྲགས་གཏམ་སྤེལ་མཁན་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་གནང་འདུག སྲིད་སྐྱོང་མཆོག་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཡང་། བོད་མིའི་ངོས་ནས་དབུས་མའི་ལམ་གྱི་སྲིད་བྱུས་ཐོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་པའི་ཚད་མཐོའི་གྲོས་ཆོད་ཅིག་བཞག་ཐུབ་རྒྱུར་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་འདུགཆོས་སྡེ་གཏོར་བཤིག་གཏོང་མཁན་དང་ཆོས་དུག་ཏུ་ངོས་འཛིན་བྱེད་མཁན་གྱི་རྒྱ་ནག་དཔོན་རིགས་ཚོ་ལ་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བོད་མིའི་ཆོས་ཕྱིགས་ཀྱི་ལས་དོན་ལ་ཐེ་བྱུས་བྱ་རྒྱུའི་རང་དབང་དང་ཐོབ་ཐང་རྩ་བ་ནས་ཡོད་མ་རེད་ཅེས་ནན་གསུངས་གནང་བ་དང་ཆབས་ཅིག དེང་སྐབས་རྒྱ་ནག་གཞུང་ནས་བོད་གཙོས་པའི་ས་གནས་མང་པོ་ཞིག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། རྒྱལ་སྤྱིའི་ཐོག་རྒྱལ་ནག་རང་ཉིད་བྱེད་ལུགས་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་གོ་དོན་གསར་པ་ཞིག་འགྲེལ་བརྗོད་བྱེད་བཞིན་པར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་ངེས་པར་དུ་གདོང་ལེན་གནང་དགོས་པ་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་དང་མང་གཙོ། ཞི་བདེ་དང་དྲང་བདེན། དེ་བཞི་གྲོས་མོལ་བཅས་ལ་རྒྱབ་སྐྱོར་དང་ཡི་རང་ཞུ་མཁན་ཞིག་ཡིན་ཚེ་བོད་ཀྱི་གནད་དོན་ལ་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་པར་གསུངས་ཡོད། ད་དུང་སྲིད་སྐྱོང་མཆོག་ནས་ད་ལྟའི་ཆ་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་འོག་བོད་དུ་གསར་འགོད་པའི་རང་དབང་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ཆེས་ཞན་ཤོས་ཀྱི་གྲས་སུ་ཚུད་བཞིན་པ་སོགས་གསལ་བཤད་གནང་བ་མ་ཟད། འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་བརྒྱུད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ལས་དོན་ལ་ཐེ་བྱུས་དང་གནོན་ཤུགས་རིགས་འདྲ་མིན་སྤྲོད་བཞིན་པར་འགྲེལ་བརྗོད་ཀྱིས་རྒྱ་ནག་གི་གནོན་ཤུགས་དེར་རྒྱལ་སྤྱིའི་ངོས་ནས་མཉམ་མཐུན་ཐོག་ཁ་གཏད་གཅོག་དགོས་གལ་ཡིན་པ་གསུངས་འདུགསྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་འབྲེལ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེ་ནི་གསར་པ་གང་ཡང་མིན་པར་དེ་སྔ་བོད་ནང་ཡང་ལམ་ཁ་གསར་རྒྱག་གི་ལས་གཞི་སྤེལ་ཏེ་རིམ་པས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་ཏེ་ད་ལྟའི་ཆར་བོད་ཀྱི་གཏེར་ཁ་ཚང་མ་འོར་འདྲེན་བྱེད་ཀྱི་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ནས་བོད་ཀྱི་གནད་དོན་ནས་ཉམས་མྱོང་བླངས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གནང་གལ་ཆེ་ཡང་རང་ཉིད་རྒྱལ་ཁབ་ཀྱི་བཟང་སྤྱོད་དོར་རྒྱུ་མེད་ཅེས་གསུངས་འདུགདེ་བཞིན་སྐབས་དེར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Ripun Bora ལགས་ཀྱིས་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ནས་ཚོང་དང་འཛུགས་སྐྲུན་གྱི་ལས་གཞི་སོགས་ལ་དམིགས་ཏེ་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྣང་མེད་དུ་བཞག་རྒྱུ་མེད་པ་དང་། མི་གཅིག་གི་ཚེ་སྲོག་ཡིན་ཡང་ཤིན་ཏུ་ནས་གལ་ཆེན་པོ་ཡིན་སྟབས། བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་ཐུབ་ཐབས་དང་། རྒྱ་ནག་གི་བོད་ནང་དགོན་སྡེ་གཏོར་བཤིག་གཏོང་བཞིན་པའི་ལས་དོན་རྣམས་མཐའ་གཅིག་ཏུ་འགོག་ཐབས་སུ་ནུས་པ་མཉམ་སྤུངས་གནང་དགོས་གནད་ཡིན་པ་སོགས་གསུངས་འདུགཁོང་དང་ཁོང་གི་ཕྱག་རོགས་སྐུ་ཞབས་ Pradeep Tamta ལགས་གཉིས་ཚོགས་ཆེན་འདིའི་ཆེད་དུ་རྒྱ་གར་ནས་མ་ཕེབས་གོང་དུ་རྒྱ་གཞུང་གི་མི་སྣ་སླེབས་ཏེ་ཚོགས་ཆེན་དེར་བཅར་རྒྱུ་མེད་སྐོར་ཞུས་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་ནག་གི་གནོན་དེ་དག་ལ་ཡང་ང་ཚོས་ངེས་པར་དུ་གདོང་ལེན་གནང་དགོས་པ་གསུངས་ཡོད། དེ་བཞིན་སྐབས་དེར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Pradeep Tamta ལགས་ཀྱིས་བོད་ཀྱི་འཐབ་རྩོད་དེ་ནི་རང་དབང་དང་འདྲ་མཉམ། འཚེ་མེད་ཞི་བ་བཅས་ལ་དགའ་བའི་འཛམ་གླིང་མི་ཚོའི་རེ་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

རི་གྷ་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས།

དེ་རིང་ཤར་ཡོ་རོབ་རྒྱལ་ཁབ་ Lativa རྒྱལ་ས་ Riga ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་བ་དང་འབྲེལ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྱུང་འགྱུར་གོ་ལ་སྤྱིའི་འགྲོ་བ་མིའི་རིགས་ལ་ཕན་ནུས་ཀྱི་ཆེད་བོད་མཐོ་སྒང་གི་ཁོར་ཡུག་དང་བོད་མི་རིགས་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་པ་བཀའ་བསྩལ་འདུག དེ་ཡང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འདི་ནི་ Riga ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ Lativa གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ Lativa བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་མཐུན་འགྱུར་ཐོག་དེ་རིང་ནས་ཕྱི་ཚེས་ ༡༠ བར་ཉིན་གྲངས་གསུམ་རིང་འཚོགས་ཀྱི་ཡོད་ཅིང། ཐེངས་འདིའི་ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་ ༡༢ ནས། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ ༢༠ དང་འཐུས་མི་ལས་ཟུར་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་བོ་རྣམ་གཉིས་ཀྱི་གཙོས་པའི་ཕྱག་འབྲེལ་སྤྱི་འཐུས་རྣམ་པ་ཁག་ཅིག་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༩༠་ཙམ་ལྷན་ཞུགས་གནང་ཡོད་པ་རེད། དེ་རིང་སྔ་དྲོ་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ནས་བརྙན་འཕྲིན་བརྒྱུད་གསུངས་འཕྲིན་ཞིག་བསྩལ་གནང་བ་དང་འབྲེལ། ༸གང་ཉིད་མཆོག་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཚོ་ནི་བོད་དོན་རྒྱབ་སྐྱོར་གནང་མཁན་ཁོ་ན་ཞིག་མིན་པར་དུས་རྟག་ཏུ་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པར་བཀའ་བསྩལ་ཏེ། བོད་མིའི་འཐབ་རྩོད་ནི་འགྲོ་བ་མིའི་བཟང་སྤྱོད་ཀྱི་ལྟ་གྲུབ་གཞིར་བཞག་གི་ཆོད་སེམས་གཡོ་བ་མེད་པའི་ངང་འཚེ་མེད་ཞི་བ་བརྒྱུད་རྩོད་བཞིན་ཡོད་པ་དང་། དེར་བརྟེན་ད་ལྟའི་ཆར་རྒྱ་རིགས་མི་མང་གཙོ་བོར་གྱུར་བའི་འཛམ་གླིང་མི་མང་པོ་ཞིག་གིས་ཀྱང་བོད་ཀྱི་གནད་དོན་ཐོག་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བཀའ་བསྩལ་མ་ཟད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་ ༧༠ རིང་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག དངོས་ཡོད་དང་མཐུན་པའི་སྲིད་བྱུས་ལག་བསྟར་མ་བྱས་པ་ལ་བརྟེན་ནས་ད་ཆ་བོད་མིའི་དཀའ་ངལ་སེལ་མ་ཐུབ་པར་རང་སོར་གནས་ཡོད་པར་བཀའ་གནང་སྟེ། རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་དཀའ་ངལ་སེལ་ཐབས་སུ་དོན་དངོས་དང་མཐུན་པའི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་བསམ་བློ་ངེས་པར་གཏོང་དགོས་པ་བཀའ་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་བོད་གཉིས་ཀྱི་དཀའ་ངལ་སེལ་ཆེད་དུ་བོད་མིའི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བ་བཞིན། རང་སྲིད་རང་སྐྱོང་གི་གནས་བབ་ཐོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་འདུག་རྒྱུའི་འདུན་པ་ཡོད་པ་དང། དེ་དེ་བཞིན་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཡུ་གུར་དང་ནང་སོག་ལ་སོགས་པའི་ཐོག་ལའང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ཐབ་ཐོང་ཁག་ས་གནས་སོ་སོའི་ནང་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་བྱེད་དགོས་ཞེས་བཀའ་བསྩལ་འདུག ལྷག་པར་དུ་༸མགོན་པོ་མཆོག་གིས་ཕྱི་ལོ་ ༢༠༠༡ ལོ་ནས་༸གང་ཉིད་མཆོག་གིས་ཆབ་སྲིད་འགན་དབང་བཞག་པ་ནས་བཟུང་བོད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་ཐོག་ཐུགས་འགན་མཛད་བཞིན་ཡོད་སྐོར་བཀའ་གནང་པ་དང་འབྲེལ། བོད་མཐོ་སྒང་གི་ཁོར་ཡུག་ནི་ཨེ་ཤ་ཡ་གཙོ་བོར་གྱུར་པའི་འཛམ་གླིང་གོ་ལ་སྤྱིའི་གནམ་གཤིས་དང་མང་ཚོགས་འཚོ་རྟེན་ལ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། དེ་དེ་བཞིན་ལོ་ངོ་ ༣༠༠༠ ལྷག་གི་འགྲོ་བ་སྤྱི་ལ་ཕན་པའི་རྒྱ་གར་གནའ་བོའི་སེམས་ཁམས་རིག་པ་དང་ཚན་མ་རིག་པ། ལྟ་གྲུབ་སོགས་ད་ལྟའི་ཆར་ཆ་ཚང་ཞིག་བོད་ཀྱི་སྐད་ཡིག་ཁོ་ནའི་ནང་ལས་མེད་པ་གལ་གནད་བཀའ་བསྩལ་ཏེ། འབྱུང་འགྱུར་གོ་ལ་སྤྱིའི་འགྲོ་བ་མིའི་རིགས་ལ་ཕན་ནུས་ཀྱི་ཆེད་བོད་མཐོ་སྒང་གི་ཁོར་ཡུག་དང་བོད་མི་རིགས་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་བྱ་རྒྱུ་ཤིན་དུ་ནས་གལ་ཆེན་པོ་ཆགས་ཡོད་ཅེས་ཀྱང་བཀའ་བསྩལ་འདུག དེ་བཞིན་དེ་རིང་སྔ་དྲོ་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་ཚོགས་ཆེན་གྱི་སྡིངས་ཆ་དེ་བརྒྱུད་ནས་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ཐོག་ཐེ་བྱུས་མཚམས་འཇོག་དགོས་པའི་གཞུང་འབྲེལ་གྲོས་ཆོད་བཞག་ནས་ཕྱིར་བསྒྲགས་གནང་རྒྱུ་དང་། དེ་བཞིན་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུར་ཤུགས་སྣོན་རྒྱབ་སྐྱོར་ཡོང་བའི་ནན་སྐུལ་ཞུས་སོང་བ་མ་ཟད། ལྷག་པར་དུ་ཚོགས་དུས་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ་དབུ་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་དཀའ་ངལ་སེལ་རྒྱུར་ནན་བརྗོད་གནང་བ་དང་འབྲེལ། དེ་ནི་བོད་རྒྱ་གཉིས་ཀར་ཕན་པའི་སྲིད་བྱུས་ཤིག་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད། ད་དུང་ད་རེས་ཚོགས་འདུའི་ཐོག་གཞན་ཡང། Lativan གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Artuss Kaimins མཆོག་དང། Lativan བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Janis Martins Skuja ལགས་གཉིས་ནས་རྒྱ་གཞུང་གིས་རྩ་ཁྲིམས་ནང་གསལ་བ་བཞིན་མང་ཚོགས་ཀྱི་ཐོབ་ཐང་ཁག་ལག་བསྟར་དོན་འཁྱོལ་གནང་དགོས་པ་དང་། བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་ དཀའ་ངལ་སེལ་རྒྱུར་རྒྱ་གཞུང་ལ་ནན་སྐུལ་གནང་བ་མ་ཟད། ལྷག་པར་དུ་ད་རེས་ཚོགས་ཆེན་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པའི་སྐུ་ཞབས་ Janis ལགས་ཀྱིས་ད་རེས་འདུ་འཛོམས་དེ་བརྒྱུད་ནས་རྒྱ་ནག་གཞུང་གི་བོད་མིའི་ཐོག་འཛིན་པའི་ལྟ་ཕྱོགས་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་པ་དང། བོད་མིའི་ཆོས་དད་དང་མངོན་འདོད་ལ་གུས་བརྩི་བྱས་ཏེ། བོད་མི་ཚོར་རང་རེའི་ཕ་ཡུལ་དུ་ཞི་བདེ་ངང་འཚོ་བ་སྐྱེལ་དུ་འཇུག་དགོས་པ་ཞེས་རྒྱ་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། མ་ཟད། ད་རེས་ཚོགས་ཆེན་འདིའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་ནས་རྒྱབ་སྐྱོར་མཚོན་ཆེད་དུ་ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་དམིགས་བསལ་སྐུ་ཚབ་ཆེད་གཏོང་གིས་ལྕམ་སྐུ་མཆོག་གི་གསུངས་འཕྲིན་སྒྲོག་སྦྱངས་གནང་བ་མ་ཟད། དེ་བཞིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ Jim McGovern ལགས་ནས་བརྙན་འཕྲིན་ལམ་ནས་གསུངས་འཕྲིན་ཡང་གནང་སྟེ་མང་གཙོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཁག་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་སོགས་ཀྱང་ཞུས་ཡོད་པ་རེད། རྩ་བའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འདི་ནི་གཙོ་བོ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་འདུ་འཛོམས་ཀྱིས་བོད་ཀྱི་གནད་དོན་ཐོག་རང་རང་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གླེང་སློང་དང་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུར་དམིགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་དེ། ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་སྐོང་ཚོགས་གནང་ཡོད་པ་རེད།

བྷོ་རྩ་ཝ་ནའི་སྲིད་འཛིན་ཟུར་པས་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་བ།

གླིང་ཆེན་ཨ་ཕི་རི་ཀའི་བྷོ་རྩ་ཝ་ནའི་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས Ian Khama མཆོག་གིས་ཁ་སང་ནས་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དང་བསྟུན། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་འདུག དེ་ཡང་ཁ་སང་ཚེས་ ༧ ནས་ ༡༠ བར་ Baltic མཁའ་ཁུལ་གྱི་ Latvia རྒྱལ་ས་ Riga ཞེས་པའི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་དེ་དབུ་འཛུགས་ཞུས་ཡོད་པར་བརྟེན། སྲིད་འཛིན་ཟུར་བ་སྐུ་ཞབས་ Ian Khama མཆོག་གིས་ཚོགས་ཆེན་དེར་ཆེད་དམིགས་ཀྱིས་སྒྲགས་གཏམ་ཞིག་སྤེལ་ཏེ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་ནི་བོད་དོན་ཐོག་གོ་རྟོགས་རྒྱ་ཆེར་སྤེལ་རྒྱུའི་སླད་གོ་སྒྲིག་ཞུས་པ་ཞིག་ཡིན་པར་ནན་སྐུལ་གནང་བ་དང་འབྲེལ། བོད་རྒྱལ་ཁབ་ཀྱི་ཟིངས་ཆས་ཁེངས་བའི་ལོ་རྒྱུས་ཀྱི་ཁྲོད་དུ། བོད་དེ་རྒྱ་ནག་གིས་སྤྱི་ལོ་ ༡༩༥༠ ལོར་དམག་དྲངས་ནས་བཙན་འཛུལ་མ་བྱས་པའི་སྔོན་དུ། བོད་དེ་སྐབས་འགར་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་པ་དང་། ལན་རེར་སྟོབས་ཤུགས་ཆེ་བའི་རྒྱ་ནག་དང་སོག་པོའི་རྒྱལ་རྒྱུད་ཀྱིས་བཙན་བཟུང་བྱས་མྱོང་ཡོད་པ་བསྒྲགས་འདུག ཁོང་གིས་ད་དུང་སྤྱི་ལོ་ ༡༩༥༩ ལོར་བོད་དམག་གིས་རྒྱ་ནག་ལ་འཐབ་ནས་ཕམ་ཉེས་བྱུང་རྗེས། ༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་རྗེས་སུ་རྒྱ་ནག་གིས་བོད་ཁུལ་དུ་རིག་གནས་གསར་བརྗེ་ཀྱི་ལས་འགུལ་སྤེལ་བའི་ཁྲོད། བོད་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་དང་ལྷ་རྟེན་སྐུ་གསུམ་ལ་གཏོར་རྒོལ་དྲག་པོ་ཐེབས་ཡོད་པ་མ་ཟད། བོད་མི་ཁྲི་ཕྲག་མང་པོ་དྲག་པོའི་དམག་འཐབ་ཀྱི་ཁྲོད་ནས་ཚེ་སྲོག་ཤོར་ཡོད་པ་ལུང་འདྲེན་གནང་བ་དང་ཆབས་ཅིག རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེ་སྔ་ལྷོ་ཨཕ་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་མཉམ་རུབ་ཀྱི་ཐོག་ནས་ཕྱག་ལས་རྒྱ་ཆེར་གནང་བ་ལྟར། བོད་མིའི་མངོན་འདོད་ཀྱི་ཐོག་ཏུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེ་ལྟ་བུའི་འཕྱར་གྲུ་མཉམ་འདེགས་དགོས་བའི་འབོད་སྐུལ་གནང་འདུག རྩ་བའི་བྷོ་རྩ་ཝ་ནརྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Ian Khama མཆོག་འདི་ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་དྲུག་ཅུ་འཁོར་བའི་སུམ་བཅུའི་དུས་དྲན་གྱི་ཉིན་མོར་བཞུགས་སྒར་དུ་གཞུང་འབྲེལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་ལྟར། སྐབས་དེར་ཁོང་གིས་བོད་མི་དང་ལྷན་དུ་དུས་ཚིགས་དེ་དྲན་གསོ་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་སྤྲོ་དང་དུས་དྲན་དེའི་ཐོག་བོད་ཀྱི་རྒྱལ་དར་འཁོད་པའི་བོད་ཕྲུག་ལྷན་དུ་པར་བསྐྱོན་པ་དག་ཁོང་གིས་རྒྱ་ནག་གཞུང་ཚབ་ཁང་གཏང་གི་ཡིན་ཞེས་གསུངས་ཡོད་པ་མ་ཟད། དེ་སྔ་ཁོང་ཉིད་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་ཡིན་སྐབས་༸གོང་ས་མཆོག་ཡུལ་དེར་གདན་ཞུ་གནང་དུས་རྒྱ་ནག་གཞུང་གི་གནོན་ཤུགས་འདྲ་མིན་སྤྲད་ཀྱང་རྩ་བ་ནས་དཔའ་ཞིམ་མེད་པར་བརྗོད་དེ། བྷོཌ་སཱ་བ་ན་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་གི་གནོན་ཤུགས་འོག་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ནས་དོན་དམ་པའི་སྤྱི་མཐུན་ཞེས་པའི་ཐ་སྙད་ཀྱི་གོ་དོན་ངེས་བའི་ཐོག་མི་སེར་སྤྱི་ལ་གུས་བརྩི་དང་འགྲོ་བ་མིའི་ཐོབ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་གསུང་བཤད་གནང་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཚེ་བོད་དོན་ཐོག་ངེས་པར་དུ་རྒྱབ་སྐྱོར་གནང་དགོས།

ཁ་ཉིན་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡོ་རོབ་ Baltic མངའ་ཁུལ་གྱི་རྒྱལ་ས་ Lithuania ནང་ཕེབས་འབྱོར་གྱིས་ཁ་སང་ Lithuania གྲོས་ཚོགས་འཐུས་མིའི་ཆབ་སྲིད་ཚོགས་པ་བཞི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུགསྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ངོ་སྤྲོད་གནང་བ་དང་། དེང་སྐབས་ཡོ་རོབ་ཁུལ་དུ་སྤེལ་བཞིན་པའི་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དང་འབྲེལ། དེ་སྔ་རྒྱ་ནག་གིས་བོད་ནང་ཐོག་མར་གཞུང་ལམ་གསར་རྒྱག་དང་དེ་རྗེས་ལམ་དེའི་ཐོག་དམག་མི་དང་དམག་དོན་འཕྲུལ་ཆས་འོར་འདྲེན་བྱས་ཏེ་བོད་བཙན་བཟུང་བྱས་པའི་དེ་བྱུང་དེ་དཔེ་མཚོན་ཞིག་ཡིན་སྟབས་དེང་སྐབས་ཀྱི་སྲིད་བྱུས་གསར་པ་དེར་དོགས་ཟོན་གནང་དགོས་གལ་ཡིན་པ་དང་། ལྷག་པར་དུ་དེ་སྔ་ཨུ་རུ་སུའི་དབང་སྒྱུར་འོག་ Baltic མངའ་ཁུལ་གྱི་ Estonia དང་། Latvia དེ་བཞིན་ Lithuania བཅས་རྒྱལ་ཁབ་གསུམ་ལ་དཀའ་ངལ་འཕྲད་མྱོང་ཡོད་པ་ལྟར། རྒྱ་ནག་དམར་པོའི་དབང་སྒྱུར་འོག་བོད་ནང་གི་བོད་མི་ཚོ་དཀའ་སྡུག་དེ་ལྟར་མྱོང་བཞིན་ཡོད་པ་ཆེས་གསལ་འདོན་གནང་ཐོག་ཅི་སྟེ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཚེ་བོད་དོན་ཐོག་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུགཨིན་ཡུལ་སྐུ་ཚབ་དོན་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་དགའ་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་སྲིད་སྐྱོང་མཆོག་ Vilnius Institute for Policy Analysis ནས་མགྲོན་འབོད་གནང་བ་ལྟར་མཁས་དབང་དང་ཆབ་སྲིད་རིག་པར་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་མང་དག་ཅིག་འདུ་འཛོམས་གནང་སར་ཡོ་རོབ་ནང་དུ་རྒྱ་ནག་གི་ཆབ་སྲིད་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་སྐོར་གསུངས་སོང་། རྩ་བའི་སྲིད་སྐྱོང་མཆོག་ཐེངས་འདིའི་ཡོ་རོབ་ཁུལ་དུ་ཕེབས་དོན་གཙོ་བོ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟླ་བ་འདིའི་ཕྱི་ཚེས་ ༧ ནས་ ༡༠ བར་ཡོ་རོབ་བྷལ་ཊིག་མངའ་ཁུལ་གྱི་ Estonia དང་ Lithuania བར་དུ་ཡོད་པའི་རྒྱལ་ས་ Latvia  འི་རྒྱལ་ས་རི་གྷ་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་དེ་འཚོགས་གཏན་ཁེལ་ཡོད་པ་ལྟར་དེར་མཉམ་ཞུགས་གནང་ཆེད་ཁུལ་དེར་ཕེབས་པ་ཞིག་ཡིན་པ་དང་། སྲིད་སྐྱོང་མཆོག་ཚོགས་ཆེན་དེའི་ཆེད་དུ་དེ་རིང་ཉིན་རྒྱབ་ལཊ་ཝི་ཡ་ནས་རི་གྷར་ཕེབས་ཀྱི་འདུག པར་རིས་ཁག་བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཇལ་འཕྲད་ཀྱི་གནད་དོན་རྐྱེན་པས་རྒྱ་གཞུང་གིས་པྲརགྷ་ཡི་རིག་གཞུང་འཁྲབ་སྟོན་ལས་རིམ་བཀག་སྡོམ།

ཉེ་ཆར་ཕྱི་ཟླ་ ༣ པའི་ཟླ་མགོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ Pirate ཆབ་སྲིད་ཚོགས་པའི་ཚོགས་མི་དང་ Prague གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Zdenek Hrib མཆོག་གིས་སྲིད་སྐྱོང་མཆོག་གྲོང་ཁྱེར་དེར་ཕེབས་པར་དགའ་བསུའི་སྣེ་ལེན་གནང་བ་མ་ཟད། སྲིད་སྐྱོང་མཆོག་ལ་ཆེ་བསྟོད་མཚོན་ཆེད་ Prague གྲོང་ཁྱེར་གྱི་ལྡེ་མིག་ཞིག་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་པྲརགྷ་སྤྱི་ཁྱབ་མཆོག་གི་གནང་ཕྱོགས་ལ་དགག་པ་དང་འབྲེལ། པྲརགྷ་ནང་གི་ Philharmonic Orchestra གཙོས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་འཁྲབ་སྟོན་ལས་རིམ་ཁག་ལ་བཀག་སྡོམ་བྱས་འདུག ཁ་སང་ European Interest དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ Prague གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་  Zdenek Hrib མཆོག་གིས་ཕྱི་ཟླ་ ༣ པའི་ཟླ་མགོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་དགའ་བསུའི་སྣེ་ལེན་གནང་བ་མ་ཟད་ཆེ་བསྟོད་མཚོན་ཆེད་ Prague གྲོང་ཁྱེར་གྱི་ལྡེ་མིག་ཞིག་ཕྱག་རྟགས་སུ་གནང་བ་དང་། དེ་བཞིན་ཟླ་བ་གཅིག་གི་སྔོན་ལ་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་སྐྱོད་ཕེབས་ཡོད་པ་རེད།ལྷག་དོན་རིང་མིན་ཕྱི་ཟླ་དགུ་པ་དང་བཅུ་པའི་ནང་རྒྱ་ནག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བའི་ Prague ཡི་ Philharmonic འཁྲབ་སྟོན་རུ་ཁག་ནང་ཐེ་ཝན་གྱི་མི་སེར་གཅིག་ཡོད་པ་དེ་རྒྱ་ནག་གཞུང་གིས་བཀོད་ཁྱབ་ལྟར་ཕྱིར་འཐེན་མ་གནང་སྟབས་རྒྱ་གཞུང་གིས་གོང་དུ་བརྗོད་པའི་ Prague རིག་གཞུང་འཁྲབ་སྟོན་རུ་ཁག་གཙོས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་འཁྲབ་སྟོན་ལས་རིམ་རྣམས་བཀག་སྡོམས་བྱས་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ Pirate ཆབ་སྲིད་ཚོགས་པའི་འོས་མི་ཡིན་པ་དང་། ཁྲིམས་སྒྲིག་མཁས་པ་དང་ཁྲིམས་རྩོད་པ་སྐུ་ཞབས་ Lukar Lev Cervinka ལགས་ཀྱིས་ང་ཚོའི་ངོས་ནས་ Czech སྲིད་གཞུང་ལ་དངུལ་ལས་མི་གལ་ཆེ་བ་ཡིན་པའི་བརྡ་ལན་དེ་སྤྲད་པ་དང་སྦྲགས། ང་ཚོས་རང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྣམས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་གནས་ཚུལ་གང་ཞིག་བྱུང་ཡང་དེར་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡིན་ཞེས་གསུངས་འདུག དེ་བཞིན་ཁ་སང་ TaiwanNews ཀྱིས་གནས་ཚུལ་སྤེལ་བར་པྲརགྷ་སྤྱི་ཁྱབ་སྐུ་ཞབས་  Zdenek Hrib མཆོག་གིས་རྒྱ་ནག་གཞུང་གིས་བྱེད་ཕྱོགས་ལ་དགག་ལན་དང་འབྲེལ། གལ་ཏེ་རྒྱ་ནག་གཞུང་གིས་ Prague ཡི་རིག་གཞུང་འཁྲབ་སྟོན་རུ་ཁག་ལ་རྒྱ་ནག་ནང་གཟིགས་འབུལ་ཞུ་རྒྱུར་བཀག་སྡོམ་བྱས་ཡོད་སྟབས་རིག་གཞུང་འཁྲབ་སྟོན་གྱི་སྐོར་སྐྱོད་དེ་ Taiwan གཙོས་པའི་རྒྱལ་ཁབ་གཞན་ཁག་ཏུ་གནང་རྒྱུའི་ཐག་གཅོད་གནང་འདུག རྩ་བའི་ Czech སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་བར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་མཉམ་འབྲེལ་ལས་གཞིའི་ནང་ཞུགས་མེད་ཀྱང་། དཔྱད་ཞིབ་པ་རྣམས་ཀྱིས་ཅེཀ་གཞུང་འཛིན་པ་རྣམས་ནས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་ཡར་རྒྱས་གནང་བ་དང་འབྲེལ། རྒྱ་ནག་དང་མཉམ་འབྲེལ་ལས་གཞིར་ཞུགས་རྒྱུའི་ཐག་གཅོད་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་སྐོར་གསུང་མཁན་མང་དག་ཅིག་བྱུང་ཡོད་པ་རེད། དེའི་ཁྲོད་སྐུ་ཞབས་ Zdenek Hrib མཆོག་སྔ་ལོའི་ཕྱི་ཟླ་ ༡༡ ནང་ Prague གྲོང་ཁྱེར་སྤྱི་ཁྱབ་དུ་བསྐོ་གཞག་གནང་བ་ནས་བཟུང་ཁོང་གིས་བོད་མིའི་དབུ་ཁྲིད་ལ་ཕེབས་བསུ་སྣེ་ལེན་དང་མཇལ་འཕྲད་གནང་བ་མ་ཟད། ཐེ་ཝེན་ནང་ཕེབས་ཡོད་པ་དང་། དེ་བཞིན་ཟླ་བ་སྔོན་མའི་ནང་རྒྱ་གཞུང་གི་བཙོན་འཇུག་འོག་ཡུན་རིང་བཞུགས་མྱོང་ཡོད་མཁན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ཀྱི་སྐུ་བརྙན་ཞིག་ Prague ནང་གི་སྒྱུ་རྩལ་ཁང་དུ་རྒྱ་ནག་གི་གནམ་སྡེ་སྒོར་མོ་ཆེ་ཐང་ཆེན་གི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་ཏེ་གཟིགས་འབུལ་ཞུས་པ་སོགས་ཀྱི་ཐོག་ནས་རྒྱ་ནག་གི་བཙན་དབང་ལ་མངོན་གསལ་དོད་པོས་གདོང་ལེན་གནང་ཡོད།  

བོད་མིའི་སྤྱི་ཚོགས་ཁྲོད་བེུད་ལ་རྩུབ་སྤྱོད་དང་བཙན་གཡེམ་གྱི་གནད་དོན་ཐོག་གོ་རྟོགས་ཞན་པོ་ཡོད་པ་མངོན་གསལ།

དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་ནས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སྤྱི་ཚོགས་ཁྲོད་བེུད་ཀྱི་གནས་སྟངས་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བར་བོད་མིའི་སྤྱི་ཚོགས་ཁྲོད་བེུད་ལ་རྩུབ་སྤྱོད་དང་བཙན་གཡེམ་གྱི་གནད་དོན་ཐོག་གོ་རྟོགས་ཞན་པོ་ཡོད་པར་མངོན་གསལ་གནང་འདུགཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་གྱིས་སྙན་ཐོ་དེ་འདོན་སྤེལ་གནང་བའི་ནང་བོད་པའི་སྤྱི་ཚོགས་ཁྲོད་ Gender Stereotypes འམ་ཕོ་མོའི་མ་དག་རྒྱུན་འབྱམས་དང་ཁྱིམ་ཚང་དང་ལས་ཀ་བྱ་ཡུལ། དེ་བཞིན་སྤྱི་ཚོགས་ཁྲོད་བེུད་ཀྱི་གནས་བབ་ལ་ལྟ་ཚུལ་དང་། ཐག་གཅོད་གནང་རྒྱུའི་བརྒྱུད་རིམ་ཁྲོད་བེུད་ནས་ཆ་ཤས་བཞེས་ཕྱོགས། སྤྱི་ཚོགས་ཁྲོད་ཕོ་མོ་འདྲ་མཉམ་དང་ཕོ་མོའི་རྟགས་ཀྱི་ཁྱད་པར་དང་འཕྲོད་བསྟེན། དེ་བཞིན་བེུད་ཐོག་རྩུབ་སྤྱོད་དང་བཙན་གཡེམ་ཀྱི་གནད་དོན། བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་བཅས་ཀྱི་སྐོར་གོ་རྟོགས་ཇི་ཙམ་ཡོད་མེད་ཐོག་ཕྱི་ལོ་ ༢༠༡༧ ལོ་ནས་ཉམས་ཞིབ་གནང་བ་ཞིག་ཆགས་ཀྱི་འདུགདེའི་ཁྲོད་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་སློབ་ཕྲུག་དང་དགེ་རྒན། གྲྭ་བཙུན་དང་མང་ཚོགས། དེ་བཞིན་བོད་མི་མང་སྤྱི་འཐུས་དང་བོད་མིའི་སྒྲིག་འཛུགས་ཀྱི་དབང་ལྡན་མི་སྣ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༠༠༠ ཙམ་ལ་འདྲི་རྩད་གནང་བ་ལས་བོད་པའི་སྤྱི་ཚོགས་ནང་སྤྱིར་དེང་སྐབས་བེུད་གཙོ་གྱུར་བུ་ཕྲུག་ཡོངས་ལ་ཤེས་ཡོན་གྱི་གོ་སྐབས་ཐོབ་བཞིན་ཡོད་པ་དང་། ཁྱིམ་ཚང་ནང་བེུད་ཀྱི་ཤུགས་རྐྱེན་ཆེ་བ་ཡོད་པ། སྤྱི་ཚོགས་ཀྱི་གནད་དོན་ཐོག་བེུད་ནས་ཐག་གཅོད་གནང་རྒྱུ་སོགས་ཤུགས་རྐྱེན་དེ་ཙམ་མེད་པ་མ་ཟད་དེ་བཞིན་འོས་བསྡུ་སོགས་ཀྱི་སྐབས་སུའང་བེུད་རྣམས་ལ་གནོན་ཤུགས་མེད་པར་འོས་འཕང་རྒྱུའི་རང་དབང་ཡོད་པ་སོགས་མངོན་གསལ་བྱུང་ཡོད་པ་དེ་ལྟར་ཡང་། བོད་མིའི་སྤྱི་ཚོགས་ཁྲོད་ཟླ་མཚན་དང་ཕྲུ་གུ་མངོན་འགོག་སོགས་བེུད་དང་འབྲེལ་བའི་གནད་དོན། ལྷག་དོན་བེུད་ཐོག་རྩུབ་སྤྱོད་དང་བཙན་གཡེམ་སོགས་ཀྱི་གནས་ཚུལ་འཕྲད་སྐབས་ཞལ་གསང་པོའི་ཐོག་ནས་གསུང་མཁན་ཉུང་ཉུང་ཡིན་ཁར་གོ་རྟོགས་ཀྱང་ཞན་པོ་ཡོད་པ་མ་ཟད། ལྷག་པར་དུ་མང་ཚོགས་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟབས་གོང་འཕེལ་དང་འབྲེལ་བའི་སྲིད་བྱུས་དང་སྡེ་ཚན་ཆེད་འཛུགས་གནང་བའི་ཐོག་ལ་གོ་རྟོགས་ཞན་པོ་ཡོད་སྐོར་སོགས་ཆེས་མངོན་གསལ་གནང་འདུག་པ་མ་ཟད། མཐོ་སློབ་ཏུ་སྐྱོད་བཞིན་པའི་སློབ་ཕྲུག་ཁྲོད་བེུད་ཀྱི་ལས་འགན་ནི་ཕྲུ་གུའི་སྐྱེས་མ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་ཀྱང་གསལ་འདོན་གནང་ཡོད་པ་རེད།ཐེངས་འདིའི་སྙན་ཐོ་འདོན་སྤེལ་གནང་བ་དང་འབྲེལ། གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཡན་ལག་འདྲ་མིན་ནང་བེུད་ཀྱི་གནད་དོན་དང་འབྲེལ་བའི་གོ་རྟོགས་ལས་རིམ་ཤུགས་ཆེ་རུ་གཏང་རྒྱུ་དང་། བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་དེ་ལས་འཆར་ཞིག་གི་ངོ་བོར་ངོས་འཛིན་གནང་བ་ཙམ་མིན་པར་སྒྲིག་འཛུགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་དགོས་གལ་ཡིན་པ་དང་། དེའི་ནང་ད་ལྟའི་ཆར་བེུད་ཀྱི་གནད་དོན་དང་འབྲེལ་བའི་སློབ་སྦྱོང་གནང་མྱོང་ཡོད་པའི་ལས་བྱེད་གཉིས་མ་གཏོགས་མེད་སྟབས། ཆེད་ལས་སློབ་སྦྱོང་གནང་མྱོང་ཡོད་མཁན་མང་བ་ཆེད་བསྐོ་གནང་དགོས་པ་དང་སྡེ་ཚན་གྱི་ལས་གཞི་ཁག་ལ་དུས་ནས་དུས་སུ་དཔྱད་ཞིབ་དགོས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ནང་བེུད་ཀྱི་གནད་དོན་དང་འབྲེལ་བའི་ལས་བྱེད་བསྐོ་གཞག་གནང་གནད་ཡིན་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་ཡོད་པ་རེད།རྩ་བའི་ལས་གཞི་དེ་ US AID ཞེས་པའི་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༡༧༌༡༨ ལོ་གཉིས་ལ་གནད་དོན་དེའི་ཐོག་ཕྱིའི་ཁྱད་ལས་མི་སྣས་སྣེ་ཁྲིད་འོག་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ལས་ཡར་རྒྱས་ཐེབས་རྩ་དང་བེུད་ནུས་སྟོབས་གོང་འཕེལ་སྡེ་ཚན་གཉིས་ཀྱི་ལས་བྱེད་དབུས་པའི་ས་གནས་སུ་རྟོག་ཞིབ་ཆེད་མི་སྣ་ ༨ ཆེད་བསྐོ་ཐོག་རྒྱ་གར་དང་བལ་ཡུལ་གྱི་ས་གནས་གང་སར་ལོ་གཉིས་ཙམ་གྱི་རིང་ལ་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་འདོན་སྤེལ་གནང་བ་ཞིག་ཡིན་པ་རེད།

འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་རྒྱུ།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་འདི་ལོ་ཟླ་ ༨ ནང་བཞུགས་སྒར་དྷརྨ་ས་ལར་རྒྱ་བལ་འབྲུག་གསུམ་གཙོ་གྱུར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིའི་ཁྲོད་ནས་བོད་རིགས་གཞོན་སྐྱེས་གྲངས་ ༡༠༠ འདེམས་སྒྲུབ་ཀྱིས་ ‘Five-Fifty Youth Forum: Shaping Tibet’s Future’ འམ་འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས་ཐེངས་གཉིས་པ་གནང་གཏན་ཁེལ་འདུག་པ་ལྟར། ཚོགས་འདུ་དེའི་ནང་མཉམ་ཞུགས་གནང་བློ་ཡོད་རིགས་ནས་རིང་མིན་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ནང་ཚུད་འགེངས་ཤོག་འབུལ་ཟིན་པ་དགོས་ཀྱི་འདུགགཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གཉིས་པ་དང་འབྲེལ་བའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་ནུ་ལགས་སུ་བཅར་འདྲི་ཞུས་ཡོད།

དགོན་སློབ་ཁག་གི་ནང་དོན་རིག་པའི་དགེ་རྒན་ཚོར་ལེགས་གསོལ་ལས་གཞིའི་གསལ་བསྒྲགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཙན་བྱོལ་དུ་རྟེན་གཞི་བྱས་པའི་བོད་པའི་དགོན་སྡེ་ཁག་གི་ནང་དོན་རིག་པའི་དགེ་རྒན་ཚོར་ལེགས་གསོལ་གནང་རྒྱུའི་ལས་གཞི་གསལ་བསྒྲགས་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་ཁེལ་བ་དང་བསྟུན། མགོན་པོ་༸གང་ཉིད་མཆོག་གིས་དབུ་ཁྲིད་ལམ་སྟོན་དང་། བླ་ཆེན་དང་མཁན་སློབ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་དུ་བོད་ཀྱི་ནང་བསྟན་རིག་པའི་ཆོས་བརྒྱུད་བདག་ཉར་གནང་ཐུབ་པ་དང་། འཛམ་བུ་གླིང་ནང་བོད་ཀྱི་ནང་བསྟན་ཆོས་བརྒྱུད་དེ་གཟེངས་སུ་ཐོན་ཐུབ་པ་བྱུང་བ་མ་ཟད། སྒོས་༸གོང་ས་མཆོག་གི་དགོངས་གཞི་རྒྱ་གར་གྱི་གནའ་བོའི་རིག་གཞུང་༸དཔལ་ནཱ་ལནྡཱིའི་ཆོས་བརྒྱུད་སླར་གསོ་དང་ངོ་སྤྲོད་དོན་དུ་དགོན་སློབ་ཁག་ལ་མཐུན་འགྱུར་ཞུ་ཕྱིར་ཆོས་རིག་ལས་ཁུངས་ནས་བཙན་བྱོལ་བོད་པའི་དགོན་སྡེ་ཁག་གི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་གཙོ་གྱུར་སྒྲུབ་སྡེ་ཁག་གི་སྒོམ་ཁྲིད་དགེ་རྒན། དགོན་སློབ་ཁག་གི་གཞི་རིམ་ནང་དོན་རིག་པའི་དགེ་རྒན། དེ་བཞིན་དགོན་སྡེ་ཆུང་ཁག་གི་དཔེ་སློབ་དགེ་རྒན་བཅས་ཁྱོན་དགེ་རྒན་ ༤༡༦ ཙམ་ཞིག་ལ་འདི་ལོའི་ཟླ་བ་ ༤ པ་ནས་བཟུང་ཟླ་རེར་ཧིན་སྒོར་ ༣༠༠༠ རེ་ཕུལ་རྒྱུ་ཡིན་པ་དང་། དེ་ཡང་གླ་ཕོགས་ཀྱི་ངོ་བོ་མིན་པར་ལེགས་གསོལ་མཚོན་བྱེད་ཡིན་པ་རེད་འདུགགཞི་རྩའི་ཆོས་རིག་ལས་ཁུངས་ཀྱིས་དགོན་སློབ་ཁག་གི་དགེ་རྒན་ཚོར་གསོལ་དོད་ཕུལ་རྒྱུ་དེ་ལས་གཞི་གསར་པ་ཞིག་ཡིན་པ་མ་ཟད། ཉེ་ལམ་གྲུབ་ཟིན་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩་༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འབུར་སྐབས་ཆོས་རིག་ལས་ཁུངས་བརྒྱུད་དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་དང་དཀོན་གཉེར་ལ་གསོལ་ཕོགས་སྒོར་ས་ཡ་བཅུ་དྲུག་དང་དྲུག་འབུམ་རྒྱབ་གཉེར་ཞུས་པ་དང་ཕྱོགས་མཚུངས། དགོན་སྡེ་ཁག ༣༠༠ ལྷག་གི་དཔེ་ཁྲིད་དགེ་རྒན་ལ་གསོལ་ཕོགས་གི་དོད་ཕུལ་རྒྱུའི་བཀའ་འཁྲོལ་བྱུང་བ་རེད།   སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དཔེ་ཁྲིད་དགེ་རྒན་ཚོར་དོད་ཕུལ་འཆར་གྱི་རྒྱབ་ལྗོངས་དང་སྦྲགས། དཔེ་ཁྲིད་དགེ་རྒན་ཚོར་གཟིགས་སྐྱོང་གནང་རྒྱུའི་དགོངས་པ་དེ་དེ་སྔ་ནས་ཡོད་སྟབས། ད་རེས་གདན་ས་ཁག་གི་གཞུང་ཆེན་གྱི་དཔེ་ཁྲིད་དགེ་རྒན་གྱིས་གཙོས་པའི་རིས་མེད་དགོན་སྡེ་ཆེ་ཆུང་ལ་གནང་རྒྱུ་དེ་དགོན་སྡེ་ཁག་ནས་ཡར་ཞུས་པ་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ནས་དགོན་ཁག་གི་དགེ་རྒན་ཚོར་དགོངས་པ་ཆེ་བཞེས་གནང་ནས་གཏན་འབེབས་གནང་བ་ཡིན་སྐོར་སོགས་གསུངས་ཡོད།

Latest news