Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་ཀྱི་རྐང་སྤོལ་རུ་ཁག་ནས་མཐོང་མཆན་གང་མགྱོགས་ཐོབ་པར་རེ་སྒུག  

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་འདི་ལོའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་གནང་ཆེད་མཐོང་མཆན་གང་མགྱོགས་ཐོབ་རྒྱུར་རེ་སྒུག་གནང་བཞིན་འདུག ཟླ་ ༥ ཚེས་ ༣༡ ནས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊན་ནང་ཕྱི་ལོ་ ༢༠༡༨ ལོའི་ Confederation of Independent Football Associations ཞེས་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཆེན་མོ་དབུ་འཛུགས་གནང་གི་ཡོད་པ་མ་ཟད།  རྩེད་འགྲན་གྱི་རུ་མིག་ལ་གཞིགས་ཚེ་ཟླ་ ༥ ཚེས་ ༣༡ ཉིན་རྩེད་འགྲན་གྱི་དབུ་འབྱེད་སྐབས་རྩེད་འགྲན་ཆེས་ཐོག་མ་དེ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་དང་ Abkhazia རྒྱལ་ཁབ་ཀྱི་རྐང་སྤོལ་རུ་ཁག་དབར་རྩེད་འགྲན་གནང་རྒྱུ་རེད་འདུག  འོན་ཀྱང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ལ་མཐོང་མཆན་མ་རག་པའི་གནས་སྟངས་འོག་ལྷག་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་ཐེངས་འདིའི་ CONIFA རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུར་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་སྤྱི་ཡོངས་སྦྱོང་བརྡར་དང་གྲ་སྒྲིག་ཇི་ལྟར་བྱུང་ཡོད་མེད་དང་འདི་བཞིན་རྩེད་འགྲན་པ་ཚོའི་མཐོང་མཆན་གྱི་གནས་སྟངས་ཇི་ཆགས་སྐོར་བཅར་འདྲི་ཞིབ་རྒྱས་ཞུས་པར་ཁོང་གིས་རྒྱ་གར་ནས་བོད་མི་རྩེད་འགྲན་པ་ཁྱོན་ ༡༥ འཁྲིད་རྒྱུར་ཐག་གཅོད་གནང་ཟིན་པ་དེ་ལྟར། རྩེད་འགྲན་པ་ཚོའི་མཐོང་མཆན་ད་དུང་མ་ཐོབ་སྟབས། རྩེད་རིགས་ཚོགས་པའི་ངོས་ནས་འཆར་གཞི་སྔོན་སྒྲིག་ལྟར་ལག་བསྟར་གནང་ཐུབ་མིན་ཐད་ལ་ཐུགས་འཁྲལ་དང་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་གསུངས་སོང་། རྩ་བའི་ Confederation of Independent Football Associations (CONIFA) ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནི། དུས་རྒྱུན་ FIFA འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མ་ཚུད་པའི་འཛམ་གླིང་ཁྲོད་ཀྱི་གྲངས་ཉུང་མི་རིགས་དང་སྐྱབས་བཅོལ་བ། དེ་བཞིན་རང་མི་རིགས་ཀྱི་རིག་གཞུང་དང་རྒྱལ་ཁབ་མཚོན་ཐུབ་པའི་མི་རིགས་ཁག་ལ་ཆེད་དམིགས་གནང་པའི་རྩེད་འགྲན་ཞིག་ཆགས་ཀྱི་ཡོད་པ་དང། ཚོགས་པ་དེའི་འོག་བྱང་ཨ་རི་དང་ཡོ་རོབ། ཨེ་ཤ་ཡ། ཨ་ཕི་རི་ཀ མཚོ་ངོས་རྒྱལ་ཁབ་བཅས་ཀྱི་ཚོགས་མི་རྒྱལ་ཁབ་ ༤༧ ཡོད་པ་རེད།

རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་ཐོབ་མཁན་བསྟན་འཛིན་དཀོན་མཆོག་ལགས་སུ་དམིགས་བསལ་བཅར་འདྲི།

རྒྱ་གར་གྱི་རྒྱལ་ལྡི་ལིའི་ནང་གནས་བཞུགས་བོད་མི་སྒྱུ་རྩལ་བ་བསྟན་འཛིན་དཀོན་མཆོག་ལགས་སུ་ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་ཁྲོད། Mrityubhoj the death feast ཞེས་པའི་གློག་བརྙན་དེར་ best editing འམ་གློག་བརྙན་ཕྱོགས་སྒྲིག་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་མི་སྒྱུ་རྩལ་བ་བསྟན་འཛིན་དཀོན་མཆོགས་ལགས་སུ་ཁོང་གི་ཆེད་ལས་དང་མྱོང་ཚོར་སྐོར་དམིགས་བསལ་བཅར་འདྲི་ཞུས་ཡོད།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༠ པ་མཇུག་སྒྲིལ་གནང་བ།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༠ པ་མཇུག་སྒྲིག་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གཞུང་གི་ངོས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་དགོས་འདུན་ལ་ངོས་ལེན་ཞུ་ཐབས་མེད་པ་ཞིག་མ་ཡིན་ཞིང་། བོད་ཀྱི་གནད་དོན་སེལ་འདོད་ཡོད་ཚེ་དེ་ལྟར་གནང་རྒྱུའི་གནང་སྟངས་ཡོད་པ་གསུངས་སོང་། དེ་ཡང་ཁ་ཉིན་ཟླ་ ༥ ཚེས་ ༡ ནས་དེ་རིང་ཚེས་ ༣ བར་འདི་ག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Asia Health resort གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༢༢ ཡོད་པ་ལས་ ༡༨ ལྷན་འཛོམས་ཀྱིས་བོད་ཀྱི་གནད་དོན་སེལ་ཆེད་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་གལ་གནད་ཆེ་བའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༠ པ་ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུའི་སྐབས་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་དང་ཐེ་ཝན་དང་རྒྱ་ནག་དབར་གྱི་འབྲེལ་ལམ། ཉེ་སྔོན་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ནང་ལུགས་མཇལ་མོལ་གནས་སྟངས་སྐོར། དེ་བཞིན་ཡི་ཤུའི་གདན་ས་ Vatican དང་རྒྱ་ནག་དབར་གྱི་འབྲེལ་ལམ། ཨོ་སི་ཊོ་ལི་ཡའི་ནང་རྒྱ་གཞུང་གིས་འཛིན་པའི་སྲིད་བྱུས་བཅས་ལ་གཞིར་བཞག་ཐོག་བོད་ཀྱི་གནད་དོན་ཐད་ལ་བཀའ་བསྡུར་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལག་ས་ཀྱིས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བར་ང་ཚོའི་ངོས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་དགོས་འདུན་བཏོན་པ་ལ་རྒྱ་ནག་གཞུང་ནས་དེ་ངོས་ལེན་ཞུ་ཐབས་མེད་པ་ཞིག་མ་ཡིན་ཞིང་། ལྷག་དོན་བོད་ཀྱི་གནད་དོན་སེལ་འདོད་ཡོད་ཚེ་དེ་ལྟར་གནང་རྒྱུའི་གནང་སྟངས་ཡོད་པ་སོགས་གསུངས་ཡོད། རྩ་བའི་ད་བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཟིན་ཡོད་པ་དེ་ལྟར་ཡང། འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ཟླ་མཇུག་ཏུ་གནང་རྗེས། འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀྱིས་ལས་གནས་ནས་དགོངས་ཞུ་གནང་བ་མ་ཟད། ད་བར་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་ཀྱང་། སྲིད་སྐྱོང་མཆོག་གིས་མ་འོངས་པའི་ལས་དོན་སྐོར་ལ་གསུང་བཤད་གནང་བའི་ནང་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུ་དེ་གནད་དོན་གཙོ་གྲས་སུ་བརྩི་བཞིན་ཡོད་པ་དང། བོད་མིའི་ཕྱོགས་ནས་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་དང་ལྷན་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་དུས་དང་ས་གནས་གང་ཞིག་ཏུ་གནང་ཡང་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་ཡོད་པ་རེད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཉེ་ཆར་གྲོས་ཚོགས་ཐོག་བོད་ཀྱི་གནད་དོན་ཐད་འབྱུང་འགྱུར་གྱི་ལོ་གསུམ་བཞིའི་ནང་བཟང་ཐག་ངན་ཐག་ཞིག་ཆོད་རྒྱུར་གནད་ཆེ་ཞིག་ཆགས་ཡོད་པ་གསུངས་ཡོད།

བོད་མི་སྒྱུ་རྩལ་བ་ཞིག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་ཐོབ་འདུག

བོད་མི་ན་གཞོན་བསྟན་འཛིན་དཀོན་མཆོག་ལགས་སུ་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚོགས་པའི་ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ best editing འམ་གློག་བརྙན་ཕྱོགས་སྒྲིག་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག ལྡི་ལིར་གནས་བཞུགས་བསྟན་འཛིན་དཀོན་མཆོག་ལགས་དང་ཕྱག་རོགས་རྒྱ་གར་བ་ Sanjiv Monga ལགས་རྣམ་གཉིས་ Mrityubhoj the death feast ཞེས་པའི་གློག་བརྙན་ཕྱོགས་སྒྲིག་གནང་མཁན་ཡིན་པ་དང། ལོ་ལྟར་རྒྱ་གར་གྱི་སྲིད་འཛིན་མཆོག་གི་ཕྱག་ནས་གནང་སྲོལ་ཡོད་པའི་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་མཛད་སྒོ་ཐེངས་ ༦༥ པ་ཐོག་ཁོང་རྣམ་པ་གཉིས་ལ་གློག་བརྙན་ཕྱོགས་སྒྲིག་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག the death feast ཞེས་པའི་གློག་བརྙན་དེ་ནི་ལྕམ་ Akansha Sood ལགས་ཀྱིས་བཟོ་བསྐྲུན་གནང་བ་ཞིག་ཡིན་པ་དང་། གློག་བརྙན་དེ་གཙོ་བོ་རྒྱ་གར་ནང་འདས་ཆོས་གནང་སྟངས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དཀའ་ངལ་གསལ་བཏོན་གནང་བའི་གློག་བརྙན་ཞིག་ཡིན་པ་རེད། སྔ་ལོའི་ནང་ Kolkata ནང་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་ཐེངས་ ༢༣ ཐོག་དངོས་བྱུང་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད། བསྟན་འཛིན་དཀོན་མཆོག་ལགས་ནི་དྷ་སྟེང་བོད་ཁྱིམ་གྲྭར་སློབ་གཉེར་གནང་རྗེས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ Delhi college of Arts and Commerce ནས་མཐོ་རིམ་སློབ་སྦྱོང་གནང་སྟེ་རྒྱ་གར་གྱི་ NDTV བརྙན་འཕྲིན་ལས་ཁང་དང་སྦི་སྦི་སི་བརྙན་འཕྲིན་ལས་ཁང་བཅས་སུ་ཕྱག་ལས་གནང་མྱོང་ཡོད་པ་རེད་འདུག སྤྱིར་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་དེ་ལོ་ལྟར་རྒྱ་གར་སྲིད་འཛིན་མཆོག་གི་ཕྱག་ནས་གནང་སྲོལ་ཡོད་ཀྱང་། དེ་རིང་གི་མཛད་སྒོ་ཐོག་སྲིད་འཛིན་མཆོག་ཕེབས་མེད་སྟབས་ཁོང་གི་ཚབ་ཏུ་རྒྱ་གར་གྱི་འཕྲིན་གཏོང་བློན་ཆེན་ལྕམ་ Smriti Irani མཆོག་ཕེབས་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་འདུ་ཐེངས་ ༣༠ པ་དབུ་འཛུགས་གནང་སོང་།

དེ་རིང་ཟླ་ ༥ ཚེས་ ༡ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༠ པ་དབུ་འཛུགས་གནང་སོང་བ་དང་། ཚོགས་འདུ་འདི་དེ་རིང་ནས་དབུ་འཛུགས་ཀྱིས་གནངས་བར་ཉིན་གྲངས་གསུམ་རིང་ཚོགས་གནང་གི་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༢༢ ཡོད་པ་ལས་ ༡༨ ནས་མཉམ་ཞུགས་གནང་འདུག་ཅིང། ཐེངས་འདིའི་ཚོགས་འདུ་དབུ་འབྱེད་སྐབས་སྔར་རྒྱུན་ལྟར་གཞུང་འབྲེལ་མ་གཏོགས་ཕྱིའི་གསར་འགོད་པ་ཚོགས་འདུའི་ཐོག་བཅར་བཅུག་མེད་པ་རེད། ཚོགས་འདུ་དབུ་འབྱེད་དང་འབྲེལ་བའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་ཐོག་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་གིས་ཉེ་བའི་ཆར་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་མཚོན། རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་མ་འོངས་པར་བོད་ཀྱི་གནད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་སྲིད་སྐོར་གསུངས་པ་མ་ཟད། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་གྱི་དུས་བཀག་མེད་པ་བཟོས་པ་དང། རྒྱ་ནག་འགོ་ཁྲིད་གསར་པའི་ཁྲོད་ནས་བོད་ཀྱི་གནད་དོན་ཐོག་ལྟ་བ་མཁྲེགས་བཟུང་འཛིན་མཁན་ཁག་ཅིག་ཡོང་བཞིན་པ་བཅས་ལ་བརྟེན། ཕྱི་ལོ་ ༢༠༢༡ ལོ་ནས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་ཕྱིན་སྲིད་པ་བཅས་ལ་གཞིར་བཞག་ཐོག་འབྱུང་འགྱུར་ལོ་གསུམ་བཞིའི་ནང་བོད་རྒྱ་ཞི་མོལ་བསྐྱར་བཟོ་དང་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་ཐུབ་དང་མི་ཐུབ་ཀྱི་ཐག་གཅོད་ཡོང་རྒྱུའི་ཆེས་གཉན་འཕྲང་གི་དུས་སྐབས་ཤིག་ཆགས་ཡོད་པ་གསུངས་འདུག གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་ཁྲོད་བོད་ཀྱི་གནད་དོན་དང་འབྱུང་འགྱུར་རྒྱ་བོད་གཉིས་དབར་ཞི་མོལ་བསྐྱར་མཐུད་གནང་རྒྱུ་སོགས་ཀྱི་ཐད་ལ་བཀའ་བསྡུར་གནང་གི་ཡོད་པ་དང། ད་བར་བོད་རྒྱ་ཞི་མོལ་བསྐྱར་མཐུད་མ་ཐུབ་པར་དེ་མུར་གནས་དགོས་པའི་འགོག་རྐྱེན་གཙོ་བོ་ཞིག་ནི་རྒྱ་གཞུང་གིས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ལ་ཡིད་ཆེས་མེད་པར་བརྟེན་དེ་ལྟར་གནས་དགོས་བྱུང་ཡོད་སྐོར་གསུངས་སོང་།  གཞི་རྩའི་ཐེངས་འདིའི་ཚོགས་འདུ་དེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨ པ་དེ་ཆགས་ཀྱི་ཡོད་པ་དང་། ལྷག་དོན་ད་ལན་སྲིད་སྐྱོང་མཆོག་གིས་སྲིད་སྐྱོང་གི་ལས་ཡུན་གཉིས་པ་གནང་རྗེས་བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཚོགས་འདུ་ཐེངས་ ༣ པ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ད་བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཟིན་ཡོད་པ་དེ་ལྟར་ཡང། འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ཟླ་མཇུག་ཏུ་གནང་རྗེས། འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀྱིས་ལས་གནས་ནས་དགོངས་ཞུ་གནང་བ་མ་ཟད། ད་བར་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་ཀྱང་། སྲིད་སྐྱོང་མཆོག་གིས་མ་འོངས་པའི་ལས་དོན་སྐོར་ལ་གསུང་བཤད་གནང་བའི་ནང་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུ་དེ་གནད་དོན་གཙོ་གྲས་སུ་བརྩི་བཞིན་ཡོད་པ་དང། བོད་མིའི་ཕྱོགས་ནས་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་དང་ལྷན་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་དུས་དང་ས་གནས་གང་ཞིག་ཏུ་གནང་ཡང་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་ཡོད་པ་རེད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཉེ་ཆར་གྲོས་ཚོགས་ཐོག་བོད་ཀྱི་གནད་དོན་ཐད་འབྱུང་འགྱུར་གྱི་ལོ་གསུམ་བཞིའི་ནང་བཟང་ཐག་ངན་ཐག་ཞིག་ཆོད་རྒྱུར་གནད་ཆེ་ཞིག་ཆགས་ཡོད་པ་གསུངས་ཡོད།

སྲིད་བློན་མོ་དཱི་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ལ་ས་ག་ཟླ་བའི་མངོན་བསྟོད་ཀྱི་གཟེངས་རྟགས་ཕུལ་བ།

གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་ཁྱད་འཕགས་བ་གསུམ་འཛོམས་ Buddha Purnima ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཁ་སང་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Indira Gandhi Indoor Stadium ཚོགས་ཁང་དུ་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དང་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་དབུ་བཞུགས་གཙོས། རྒྱ་གར་གྱི་ས་གནས་འདྲ་མིན་ཁག་གི་ནང་པ་སངས་རྒྱས་པའི་རྗེས་འབྲང་ཆོས་ཚོགས་དང་དགོན་ཁག་གི་དགེ་བཙུན་ཁྲི་ལ་ཉེ་བ་དང་བོད་མི་ ༡༠༠༠ ལྷག་འདུ་འཛོམས་ཀྱིས་དུས་ཆེན་དེ་སྲུང་ཞུས་འདུག སྲིད་བློན་ན་རེནྡྲ་མོ་དཱི་མཆོག་གིས་སྐབས་དེར་རྒྱ་གར་ཡུ་པི་མངའ་སྡེ་ནང་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་རྒྱ་གར་རྒྱལ་ཡོངས་དགེ་འདུན་འདུ་ཚོགས་པ་གཉིས་ནས་ནང་ཆོས་ཀྱི་བསླབ་པ་སློབ་གཉེར་འཛིན་སྐྱོང་སྤེལ་གསུམ་གནང་བར་  Vaishakh Sammaan Prashasti Patra ཞེས་ས་ག་ཟླ་བའི་མངོན་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་ཕུལ་འདུག སྲིད་བློན་མཆོག་གིས་དེ་རྗེས་ནང་པ་སངས་རྒྱས་པའི་ཆོས་ཀྱི་གལ་གནད་དང། ལྷག་པར་དུ་རྒྱ་གར་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དམིགས་བསལ་བ་དེ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་ནས་ཉམས་གསོ་དང་དར་སྤེལ་གནང་བ་ལྟར་ང་ཚོའི་ངོས་ནས་དེ་ལྟར་གནང་དགོས་གལ་ཡིན་པ་གསུངས་འདུག སྲིད་བློན་མཆོག་གིས་ཁྱད་པར་དུ་རྒྱ་གར་འདི་འཚེ་མེད་ཞི་བའི་རྒྱལ་ཁབ་ཞིག་ཡིན་པ་དང། རྒྱལ་ཁབ་འདི་དང་ལྷག་དོན་ཡུལ་འདི་ནས་དར་བའི་ནང་པའི་ཆོས་ཀྱི་ནང་སྐད་ཡིག་བཅས་ཀྱི་དབྱེ་བ་རྩ་བ་ནས་མེད་པར་ནན་གསུང་གནང་བ་དང་འབྲེལ། སྲིད་བློན་མཆོག་གིས་སྣེ་ཁྲིད་པའི་གཞུང་གི་ངོས་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་སྲུང་སྐྱོབ་ཞུ་སླད་ཕུགས་རྒྱང་རིང་པོའི་ལས་གཞི་སྤེལ་བཞིན་ཡོད་སྐོར་གསུངས་པ་མ་ཟད། རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ཅིག་ཡར་རྒྱས་གཏང་ཆེད་དུ་རྒྱ་གར་སྒོར་མོ་འབུམ་༣༦༠ མ་དངུལ་བཀའ་འཁྲོལ་གནང་འདུག རྩ་བའི་རྒྱ་གར་གཞུང་གི་ངོས་ནས་ས་ག་ཟླ་བའི་དུས་ཆེན་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་རྒྱུ་དབུ་འཛུགས་གནང་བ་ནས་བཟུང་སློབ་གཉེར་ཁང་དང་སྒྲིག་འཛུགས། དེ་བཞིན་གང་ཟག་སྒེར་བཅས་ལ་བསྟན་པའི་ཞབས་འདེགས་དང་ཤེས་ཡོན། རིག་གཞུང་སོགས་ཀྱི་ཐད་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་རྣམས་ལ་ Vaishakh Sammaan Prashasti Patra ཞེས་ས་ག་ཟླ་བའི་མངོན་བསྟོད་ཀྱི་གཟེངས་རྟགས་དེ་གནང་སྲོལ་ཡོད་པ་དང། དེ་སྔོན་ཕྱི་ལོ་ ༢༠༡༦ ལོའི་ས་ཟླའི་དུས་ཆེན་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་གཟེངས་རྟགས་དེ་ཕུལ་ཡོད་པ་མ་ཟད། འདི་ལོ་སླར་ཡང་གཟེངས་རྟགས་དེ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ཕྱག་ལས་ལ་མངོན་སྟོད་ཀྱི་ཚུལ་དུ་ཕུལ་ཡོད་པ་རེད། གཞི་རྩའི་ས་ག་ཟླ་བའི་དུས་ཆེན་དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་དགའ་ལྡན་གྱི་གནས་ནས་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ཤིང་ལུམ་བྷིའི་ཚལ་དུ་སྐུ་བལྟམས་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་མེད་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་འདུལ་བ་དང་ཐོ་རེངས་ལ་མངོན་པར་རྫོགས་པར་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་དེ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་བཅས་དུས་ཆེན་ཁྱད་པར་བ་གསུམ་དུས་གཅིག་ཏུ་ཁེལ་བའི་དུས་ཚིགས་བྱིན་ཅན་ཞིག་ཡིན་པ་རེད། ཐེངས་འདིའི་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཐོག་རྒྱ་གར་གྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Mahesh Sharma དང་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་Kiren Rijiju མཆོག་བཅས་ཆེད་ཕེབས་གནང་བ་མ་ཟད། བོད་མིའི་ཕྱོགས་ནས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་མཁན་བླ་སྤྲུལ་ཁག་ཅིག་ཆེད་ཕེབས་གནང་འདུག

ཟློས་དགེ་དང་ལྷ་མོ་ཚོགས་པ་ཟུང་འབྲེལ་ཐོག་འཁྲབ་སྟོན་ཡར་རྒྱས་གཏོང་དགོས།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ ཚོགས་པ་དང་བསྟུན་རྒྱལ་ཡོངས་ཨ་ཅེ་ལྷ་མོ་ཚོགས་པའི་ཚོགས་འདུ་ཐོག་མ་འོངས་པར་སློབ་གྲྭ་ཁག་གི་ཟློས་དགེ་དང་ལྷ་མོ་ཚོགས་པ་ཁག་ཟུང་འབྲེལ་ཐོག་ལྷ་མོའི་འཁྲབ་སྟོན་ཡར་རྒྱས་གཏོང་དགོས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ནས་ས་གནས་ཁག་ཏུ་ཕྱོགས་ཕེབས་སྐབས་ལྷ་མོའི་སྒྱུ་རྩལ་ཐོག་བཀའ་སློབ་གནང་དགོས་གལ་ཡིན་སོགས་པ་དགོངས་ཚུལ་ཤུགས་ཆེ་ཕུལ་འདུག དེའང་ཟླ་ ༤ ཚེས་ ༢༠ ནས་ཁ་སང་ཚེས་ ༢༤ བར་ཀྱི་ཟློས་གར་ཚོགས་པས་རྐང་འགན་བཞེས་ཐོག་བཞུགས་སྒར་གཙོ་གྱུར་དྷ་ས་ཉེ་འཁོར་གྱི་ཅོན་ཏཱ་ར་བོད་མིའི་གཞི་སྒར་དང་། ནོར་བུ་གླིང་ཁ་བཅས་བོད་མི་གནས་ཡུལ་ཁག་ཏུ་ལྷ་མོ་ཚོགས་པ་འཆར་འགོད་ཀྱིས་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་བརྒྱུད་ཞོ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད། ཁ་སང་བོད་ཀྱི་ཞོ་སྟོན་ཉིན་མཐའ་མའི་ཐོག་བཞུགས་སྒར་དུ་བོད་ཀྱི་ཟློས་གར་ཚོགས་པས་རྒྱལ་བཟའ་དང་བལ་བཟའ་གཉིས་ཀྱི་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་བརྒྱུད་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པ་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དབང་འདུས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཞོ་སྟོན་འདིའི་ཐོག་ལྷ་མོ་ཚོགས་པ་ཁག་འདུ་འཛོམས་དང་བསྟུན་ནས་རྒྱལ་ཡོངས་ཨ་ཅེ་ལྷ་མོའི་ཚོགས་པའི་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད་པ་དང། ཚོགས་འདུ་ཐོག་ཐེངས་རྗེས་མའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ པ་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞི་སྒར་དུ་འཚོགས་གཏན་ཁེལ་འདུག ལྷ་མོའི་ཚོགས་པ་ཁག་གི་ངོས་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ཡར་རྒྱས་གོང་འཕེལ་ཡོང་སླད་མ་འོངས་པར་སློབ་གྲྭ་ཁག་གི་ཟློས་དགེ་དང་ལྷ་མོ་ཚོགས་ཁག་ཟུང་འབྲེལ་ཐོག་ལྷ་མོའི་འཁྲབ་སྟོན་ཡར་རྒྱས་གཏོང་དགོས་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ས་གནས་ཁག་ཏུ་ཕྱོགས་ཕེབས་སྐབས་ལྷ་མོའི་སྒྱུ་རྩལ་ཐོག་བཀའ་སློབ་གནང་དགོས་པ་དང། ལྷ་མོ་ཚོགས་པ་ཁག་གི་སྒྱུ་རྩལ་བ་ཚོས་རྣམ་ཐར་དང་འཁྲབ་འཁྱེར། དེ་བཞིན་ཆས་གོས་སོགས་ཡར་རྒྱས་གཏོང་རྒྱུར་བོད་ཀྱི་ཟློས་གར་ཚོགས་པས་རྐང་འགན་བཞེས་དགོས་པ་བཅས་ཀྱི་དགོངས་ཚུལ་གཙོ་བོ་གསུམ་ཕུལ་འདུག རྩ་བའི་ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པའི་ཐོག་བཙན་བྱོལ་ནང་གི་བོད་པའི་ལྷ་མོ་ཚོགས་པ་ཁག་ ༡༢ ནས་སྒྱུ་རྩལ་བ་སྐྱེས་པ་གྲངས་ ༢༤༡ དང་བེུད་སྒྱུ་རྩལ་བ་གྲངས་ ༡༨༤ བཅས་ཁྱོན་ ༤༢༦ ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་མི་འདྲ་བ་བརྒྱད་གཟིགས་འབུལ་ཞུས་ཡོད། ཐེངས་འདིའི་བོད་ཀྱི་ཞོ་སྟོན་ཐོག་བྱེས་ཀྱི་ལྷ་མོའི་ཚོགས་ཁག་མང་ཤོས་ནས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

བཙན་བྱོལ་བོད་མི་ཚོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༤ ཕྱི་ཚེས་ ༢༥ ཉིན་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་ས་གཉིས་ཀྱི་བོད་ཀྱི་བེུད་ལྷན་ཚོགས་ཟུང་འབྲེལ་ཐོག་མང་ཚོགས་ལ་མངར་ཟས་བགོས་འགྲེམས་གནང་བའི་བརྒྱུད་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་བ་དང་། སྐབས་དེར་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བེུད་ལྷན་ཚོགས་དབུས་པའི་བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་གཞུང་ཚོགས་ཁག་ནས་གནད་དོན་དེའི་ཐོག་གླེང་སློང་གནང་གི་ཡོད་པ་དང་། ད་ལོ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་སེལ་རྒྱུའི་རེ་བ་དམིགས་གསལ་ཡོད་པ་གསུངས་ཡོད། དེ་བཞིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་རྒྱལ་ས་ལྡི་ལི། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་ཏུ་མངར་ཟས་བགོས་འགྲེམས་དང་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་འདྲ་མིན་སྤེལ་བའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད་པ་རེད། ཡང་དེའི་བར་ན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་ཐོག་ལ་ཡོངས་ཁྱབ་ཕྱག་བྲིས་ཤིག་འདོན་སྤེལ་དང་སྦྲགས་ཏེ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་མ་ཟད། སྤྱིར་རྒྱ་ནག་གཞུང་གི་ངོས་ནས་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་ངོ་བོ་དང་ཐོབ་ཐང་ཡོངས་སུ་རྫོགས་པ་བཙན་འཕྲོག་བྱས་ཡོད་ཀྱང། རིན་པོ་ཆེ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཕྲུལ་བྲལ་ཡིན་པ་དེ་ནམ་ཡང་འགྱུར་བ་གཏོང་ཐབས་མེད་ཅེས་གསུངས་འདུག བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕྱག་བྲིས་དེའི་ནང་དེ་རིང་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཚིགས་འདིའི་ཐོག་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་མི་རྣམ་པ་དང། ལྷག་པར་དུ་བོད་མི་དང་བོད་ཀྱི་གྲོགས་པོ་ཡོངས་ནས་རིན་པོ་ཆེ་མཆོག་ལ་སྙིང་དབུས་ནས་དྲན་བཞིན་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་ང་ཚོའི་ངོས་ནས་རིན་པོ་ཆེ་མཆོག་དྲན་ཡུལ་ནས་ཡོངས་སུ་བརྗེད་པའི་རེ་བ་བྱེད་བཞིན་ཡོད་ཀྱང་། ལོ་ཟླ་ཞག་བཅས་སོང་བ་དང་དུས་མཚུངས་སུ་ང་ཚོས་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་འཚོལ་ཞིབ་དང་༸སྐུ་ཉིད་མཆོག་ཁྲི་འདོན་མངའ་གསོལ་ཞུ་རྒྱུའི་ཆོད་སེམས་དེ་བས་ཀྱང་བརྟན་དུ་སོང་ཡོད་པ་གསུངས་འདུག གཞི་རྩའི་བསྟན་འཛིན་རྡོ་རྗེ་ལགས་སྔ་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་གཞུང་གི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་བསྐོ་གཞག་གནང་བ་ནས་བཟུང་ཁོང་གིས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་སུ་ཤུགས་སྣོན་གནང་སྟེ་སྔ་ལོ་གཅིག་པོའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐེངས་གཉིས་ཀྱི་ཐོག་དབུ་བཞུགས་གནང་ནས་རིན་པོ་ཆེ་མཆོག་གི་གནས་སྟངས་འབུར་བཏོན་གནང་བ་མ་ཟད། ཟླ་བ་འདིའི་ཚེས་ ༡༨ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཆོས་དད་རང་དབང་གི་ཁྲིམས་སྒྲིག་གཏན་འབེབས་གནང་ནས་ལོ་ ༢༠ འཁོར་བ་དང་བསྟུན། བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་༸པཎ་ཆེན་རིན་པོ་ཆེ་མཆོག་དང་གཞན་ཡང་ཡུ་གུར་གྱི་ཆབ་སྲིད་བཙོན་པ་ Gulmira Imin ལགས་ཀྱི་གནད་དོན་སྐོར་ཞུ་འབོད་གནང་ཡོད་པ་རེད།

ཨ་རིར་སློབ་སྦྱོང་ཆེད་བསྐྱོད་མཁན་ཚོ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་ཕྱིར་ལོག་གནང་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཚོགས་པའི་ཨ་རི་དང་བོད་མིའི་སྤྱི་ཚོགས་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་གཉེར་ནས་མི་ལོ་ ༣༠ འཁོར་བའི་དགའ་སྟོན་ཐོག་གཙོ་བཞུགས་གནང་བ་དང་འབྲེལ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་འོག་ཨ་མི་རི་ཀའི་ནང་སློབ་སྦྱོང་ཆེད་བསྐྱོད་མཁན་ཚོས་མ་འོངས་པར་སློབ་ཡོན་དེ་མུ་མཐུད་གནས་ཐབས་སུ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཆེད་ཕྱིར་ལོག་གནང་དགོས་ཞེས་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༢༡ ཉིན་སྔ་དྲོ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཨ་རིའི་གཞུང་དང་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་དཔལ་འབྱོར་མཐུན་འགྱུར་གནང་ཐོག་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་དེའི་འོག་ཤེས་ཡོན་གྱི་གོ་སྐབས་ཐོབ་པའི་སློབ་ཟུར་ཚོགས་པས་གོ་སྒྲིག་འོག་ལོ་ངོ་སུམ་ཅུའི་རིང་བོད་མིའི་སྤྱི་ཚོགས་དང་ཨ་རིའི་དབར་ཤེས་ཡོན་བརྗེ་ལེན་ཐུབ་པའི་དགའ་སྟོན་ལ་རོལ་བ་ཞེས་པའི་མཛད་སྒོའི་སྟེང་ཨ་རིའི་གཞུང་གི་སློབ་ཡོན་ལས་འཆར་འབྲེལ་མཐུད་པ་ལྕམ་ Jilian Turner ལགས་དང། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་དྲུང་ཆེ་ལྕམ་ Bryce Isham ལགས་དང་འབྲེལ་ཡོད་ལས་བྱེད་ J.P Das ལགས། དེ་བཞིན་ཨ་རིའི་སློབ་ཡོན་ལས་འཆར་དེའི་འོག་བསླབ་པ་མཐར་སོན་པའི་སློབ་ཟུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་རྣམ་གཉིས་ཀྱིས་གཙོས་པའི་སློབ་ཟུར་རྒན་གཞོན་ཁྱོན་མི་གྲངས་ ༦༠ ལྷག་ཙམ་ཕེབས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་མཆོག་གི་བཀྲིན་ལ་བརྟེན་ནས་ཨ་རི་གཞུང་གི་སློབ་ཡོན་ལས་འཆར་དེའི་ཐོག་ད་བར་ཁོང་རང་ཉིད་ཀྱིས་གཙོས་པའི་བོད་མིའི་སྤྱི་ཚོགས་ནང་སློབ་ཕྲུག་མང་པོ་ཞིག་ལ་ཤེས་ཡོན་གྱི་གོ་སྐབས་གནང་བ་ལྟར་སྤྱི་ཚོགས་ཁྱོན་ལ་ཕན་རླབས་ཆེན་པོ་ཞིག་བྱུང་ཡོད་པར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་སོང་། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་སློབ་ཡོན་ལས་གཞི་དེའི་འོག་བསྐྱོད་མཁན་སློབ་མ་ཁག་ཅིག་གིས་བསླབ་པ་མཐར་སོན་རྗེས་ཚུར་ཕེབས་ནའང་བོད་མིའི་སྤྱི་ཚོགས་སུ་ཕྱག་ལས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱག་ལས་གནང་གི་མི་འདུག་ཅེས་གསུངས་པ་དེ་དག་ནི་བདེན་པ་རྩ་བ་ནས་མ་རེད་ཅེས་ནན་གསུངས་གནང་སོང་བ་དང་ལྷན་ཅིག་ཏུ་མ་འོངས་པར་སློབ་ཡོན་དེ་མུ་མཐུད་གནས་ཐབས་སུ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཆེད་ཕྱིར་ལོག་གནང་དགོས་གལ་ཡིན་པ་གསུངས་སོང་། རྩ་བའི་ཨ་རིའི་བོད་མིའི་སློབ་ཡོན་གྱི་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༡༩༨༨ ལོར་གསར་འཛུགས་གནང་བ་ལྟར་ད་བར་འདས་པའི་ལོ་ངོ་ ༣༠ དེའི་རིང་ལ་ལས་གཞི་དེའི་འོག་བོད་ཕྲུག་སློབ་མ་ ༤༥༡ ལ་ཨ་རིའི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བའི་བརྒྱུད་ཤེས་ཡོན་གྱི་གོ་སྐབས་ཐོབ་ཡོད་པ་རེད། དེ་དག་གི་ཁྲོད་ནས་ཕྱི་ལོ་ ༡༩༩༢ ལོར་ནས་བསླབ་པ་མཐར་སོན་པའི་སློབ་མ་ ༩༩ ཕྱིར་ལོག་གནང་མེད་པ་རེད། དེ་རིང་གི་མཛད་སྒོའི་ཐོག་སློབ་ཡོན་ལས་གཞི་དེའི་འོག་ཨ་རི་ནང་སློབ་གཉེར་མཐར་སོན་རྗེས་བོད་པའི་སྤྱི་ཚོགས་ནང་ཕྱིར་ལོག་གིས་ད་བར་གཞུང་འབྲེལ་ཚོགས་པ་ཁག་ཏུ་ལོ་ངོ་ ༣༠ ལྷག་གི་རིང་ཞབས་ཕྱི་ཞུས་དང་ཞུ་མུན་ཡིན་པ་རྣམས་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཡང་གནང་སོང།

Latest news