Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཚོགས་འདུག

ཁ་སང་ཟླ་ ༦ ཚེས་ ༡༢ ཉིན་ཕྱི་དྲོ་ཁེ་ན་ཌའི་རྒྱལ་ས་ Ottawa ནང་ཚོགས་པའི་ཡུལ་དེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཐོག་ཁེ་ན་ཌའི་རིག་གནས་སྲུང་སྐྱོབ་བློན་ཆེན་ལྕམ་ Melanie Joly ལགས་དང་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་དང་ཚོགས་གཞོན་སྐུ་ཞབས་ Garnett Genuis ལགས་གཙོས་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཁག་ཅིག ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་། དེ་བཞིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སོགས་ཕེབས་ཡོད་པ་མ་ཟད། ས་གནས་བོད་རིགས་མང་ཚོགས་ནས་ཀྱང་མཉམ་ཞུགས་གནང་ཐོག་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མངར་ཟས་ Cake འདེགས་འབུལ་དང་རིན་ཆེན་གཉིས་པ་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག དུས་ཚིགས་དེ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དང་ཁེ་ན་ཌའི་ཆེ་བསྟོད་མི་སེར་ཡིན་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། དེའི་ནང་༸གང་ཉིད་མཆོག་གིས་ཁེ་ན་ཌའི་གཞུང་མང་རྣམས་ནི་ལོ་ངོ་བཅུ་ཕྲག་ལྷག་གི་གོང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད།  ཡུལ་དེའི་ནང་གཏན་སྡོད་གནང་མཁན་སྐྱབས་བཅོལ་བ་བོད་མི་མང་པོར་མཐུན་འགྱུར་གང་ཐུབ་སྦྱོར་བཞིན་ཡོད་པ་དང་ལྷག་དོན་དཀའ་ངལ་ཆེ་བའི་ཡུལ་ལུང་འདྲ་མིན་གྱི་སྐྱབས་བཅོལ་བ་གཞན་རྣམས་ལའང་སྟབས་བདེའི་ཐོག་ངོས་བཞེས་གནང་མུས་ཡིན་པར་ངོ་མཚར་ལྡན་པའི་ཡི་རང་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཁེ་ན་ཌའི་རྒྱལ་ཁབ་དང་གཞུང་མང་བཅས་ལ་ང་ཚོ་ལུང་པ་མེད་པ་དང་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བའི་གནས་བབ་ཐོག་ནས་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་གནང་འདུག་པ་དང་ཆབས་ཅིག ང་ཚོ་བྱམས་བརྩེ་ལྡན་པའི་གཅེས་སྐྱོང་འོག་འཚོ་གནས་ཐུབ་ཡོད་པ་མ་ཟད། བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༠ འཁོར་ལ་ཉེ་བའི་དུས་ཡུན་འདིའི་ནང་གྲུབ་འབྲས་གང་ལེགས་སོན་ཡོད་པར་བརྟེན་ཁེ་ན་ཌའི་གཞུང་མང་ཚོའི་ངོས་ནས་དོན་སྙིང་ལྡན་པའི་མཐུན་འགྱུར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞེས་གསུང་འཕྲིན་བསྩལ་འདུག ཁ་སང་མཛད་སྒོའི་ཐོག་བཅར་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ ཁེ་ན་ཌའི་གཞུང་དང་བོད་མིའི་དབར་ཐོག་མ་འབྲེལ་བ་བྱུང་ཚུལ་ངོ་སྤྲོད་དང་འབྲེལ། ཁེ་ན་ཌའི་གཞུང་གི་ངོས་ནས་ཐོག་མ་རྒྱ་གར་ནས་བོད་མི་སྐྱབས་བཅོལ་བ་ ༢༢༠ ཙམ་ཞིག་ཡུལ་དེའི་ནང་གཏན་སྡོད་ཆོག་པའི་ངོས་ལེན་གནང་བ་དང་དེ་ནས་ཕྱི་ལོ་ ༡༩༨༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཐོག་མ་ཆིབས་བསྒྱུར་མཛད་ཡོད་པ་བཅས་ལུང་འདྲེན་གནང་སྟེ་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་གསུངས་འདུག དེ་བཞིན་ཁེ་ན་ཌའི་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སོགས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་གསུངས་པ་དང་སྦྲགས། ཁེ་ན་ཌའི་གཞུང་གིས་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་གཞན་ཚོས་ཀྱང་རྒྱ་གཞུང་ནས་རྒྱལ་སྤྱིའི་རྩ་ཁྲིམས་ཁག་ལ་སྲུང་བརྩི་གནང་ཐོག་བོད་མིའི་ཐོབ་ཐང་སྲུང་སྐྱོབ་དང་བོད་མིའི་གནད་དོན་ལ་ཐག་གཅོདཡོང་ཐབས་སུ་༸གོང་ས་མཆོག་གི་སྐུ་ཚབ་དང་བཀའ་བསྡུར་གནང་ནས་དོན་ཕན་སོན་ཐབས་ཡོང་བར་རེ་སྐུལ་ཞུས་འདུག ལྷག་དོན་ཁེ་ན་ཌའི་རིག་གནས་སྲུང་སྐྱོབ་བློན་ཆེན་ལྕམ་ Melanie Joly ལགས་ཀྱིས་གཙོས་པའི་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྦྲེལ་པོ་བཅས་ནས་ཀྱང་ཡུལ་དེར་གནས་སྡོད་བོད་མིའི་ངོས་ནས་ཁེ་ན་ཌའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་གནང་བར་བསྔགས་བརྗོད་དང་སྦྲགས། ཁོང་རྣམས་ནས་ད་བར་ས་གནས་སུ་ཡོད་པའི་བོད་རིགས་དང་ལྷན་དུ་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་རྒྱུའི་གོ་སྐབས་འབྱུང་བཞིན་པར་དགའ་ཚོར་ཆེན་པོ་འདུག་ཅེས་གསུངས་པ་མ་ཟད། ཁེ་ན་ཌའི་གཞུང་གི་ངོས་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་དུས་རྟག་ཏུ་རྒྱབ་སྐྱོར་གནང་གི་ཡོད་པ་གསུངས་འདུག གཞི་རྩའི་ད་རེས་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་དེ་ནི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཁག དེ་བཞིན་ CTC ཞེས་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་རྐང་གོ་སྒྲིག་དང་ཡུལ་དེའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་ཁག བོད་རིགས་ཚོགས་པ་ཁག་གིས་རྒྱབ་སྐྱོར་ཞུས་པའི་Canada Tibet  Lobby days Coalition ཞེས་པའི་མཐུན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༨ ལོ་འཁོར་མོ་འདི་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་གནང་དོན་བཞིན་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།

ཁེ་ན་ཌའི་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་ལྷན་ཞུགས་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཚོགས་པ།

ཟླ་ ༦ ཚེས་ ༡༡ ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁེ་ན་ཌའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་གནང་རྒྱུ་གཙོས་ས་གནས་ཀྱི་གནད་ཡོད་མི་སྣ་ཚོར་བོད་དོན་ཞུ་སྐུལ་སོགས་གནང་བཞིན་ཡོད་པ་དང་བསྟུན། ཁ་སང་ཁེ་ན་ཌའི་གྲོས་ཚོགས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཁག་ཅིག དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Robert Nault ལགས་སོགས་ལྷན་ཞུགས་ཐོག་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་མདུན་དུ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་དུས་སུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་སྐུ་ཚབ་རུ་ཁག་ཞིག་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐོག་གཏམ་བཤད་བྱས་པ་དེ་དག་ཆེད་མངགས་རྒྱ་གཞུང་གི་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྣམས་སྦས་གསང་བྱེད་ཆེད་ཡིན་པ་གསུངས་པ་དང་སྦྲགས། ད་རེས་འདིར་ཕེབས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གཙོས་པའི་སྐུ་ཚབ་དོན་གཅོད་རྣམ་པ་བོད་ཆོལ་གསུམ་མི་མང་གི་སྐུ་ཚབ་ངོ་མ་ཡིན་ཞེས་ངོ་སྤྲོད་གནང་འདུག དེ་བཞིན་ཉེ་ཆར་རྒྱ་ནག་གི་སྐུ་ཚབ་རྣམས་ནས་བོད་ནང་རང་དབང་ཆེན་པོ་ཡོད་སྐོར་བཤད་ཡོད་ཀྱང་ལོ་ལྟར་ཨ་རིའི་རང་དབང་ཁང་པས་འདོན་སྤེལ་གནང་བཞིན་པའི་བོད་ནང་གི་འགྲོ་བ་མའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་ནང་གྱི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༡༦༌༌༡༧ ལོའི་སྙན་ཐོའི་ནང་བོད་འདི་འཛམ་གླིང་ཐོག་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་ཀྱི་གྲས་སུ་ཐེར་བཏོན་གནང་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། བོད་ནང་ཡོད་པའི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་དབང་གིས་ད་བར་རྒྱ་གཞུང་གི་སྲིད་བྱུས་ལ་མ་བཟོད་པར་བོད་མི་ ༡༥༢ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཁོང་རྣམ་པའི་ནང་མིའི་གནས་སྟངས་གཙོས་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་གྱར་མི་ཡོང་བའི་ཆེད་མུ་མཐུད་རྒྱལ་སྤྱིའི་གསར་འགོད་པ་དང་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ། ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་དུ་རང་དབང་ཐོག་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག སྐབས་དེའི་སྲིད་སྐྱོང་མཆོག་གི་གསུང་བཤད་གྲུབ་མ་ཐག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genius ལགས་ནས་རྒྱ་ནག་གཞུང་གིས་བར་སྐབས་ཤིག་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་ཤུགས་སྣོན་བྱ་རྒྱུ་ཡིན་སྐོར་བརྗོད་པ་དེ་བདེན་པ་ཇི་ཙམ་རེད་དམ་ཞེས་བཀའ་འདྲི་གནང་བར་སྲིད་སྐྱོང་མཆོག་གིས་བར་སྐབས་ནས་ཞི་ཅིང་ཕིང་གིས་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་བཤད་ཡོད་ཀྱང་། འདས་པའི་ལོ་དུས་ནས་རྒྱ་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ས་གནས་མི་མང་གི་སྲོལ་རྒྱུན་དང་མི་མཐུན་པའི་འཛུགས་སྐྲུན་ཀྱི་ལས་གཞི་རྒྱ་ཆེ་སྤེལ་ནས་བོད་མིའི་ཆོས་ཕྱོགས་ཀྱི་རང་དབང་ལའང་དོ་ཕོག་ཆེན་པོ་གཏོང་བཞིན་པ་གསུངས་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani  ལགས་དང་སྐུ་ཞབས་ Raj Saini ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་སྲིད་སྐྱོང་མཆོག་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྐད་ཡིག་ཐོག་ལས་འགུལ་སྤེལ་བ་དེ་དག་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཡོངས་སུ་མཐུན་པ་ལས་ཁྲིམས་འགལ་གང་ཡང་མ་རེད། འོན་ཀྱང་རྒྱ་གཞུང་གིས་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་མ་བྱས་པར་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ཐག་བཅད་པ་དེས་རྒྱ་གཞུང་གི་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པའི་རྣམ་པ་གསལ་པོ་ཞིག་རེད་ཅེས་གསུངས་ཡོད་པ་རེད། རྒྱ་གཞུང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མུ་མཐུད་ཁ་གསལ་གང་ཡང་མེད་པར་བཞག་པ་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་པའི་རྣམ་པ་མངོན་གསལ་ཞིག་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཐག་གཅོད་ཀྱི་འགན་དབང་དེ་༸གོང་ས་མཆོག་༸སྐུ་སྒེར་ལ་ཡོད་པ་མ་གཏོགས་རྒྱ་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་རྒྱ་ནག་གཞུང་ནས་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་དང་རང་དབང་མེད་ཅེས་གྲོས་ཆོད་བཞག་པ་ལྟར་ཁེ་ན་ཌའི་གྲོས་ཚོགས་ནས་ཀྱང་དེ་ལྟར་གནང་ཐུབ་རྒྱུར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག གཞི་རྩའི་ཉན་ཞིབ་ཀྱི་ལས་རིམ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཙམ་མ་ཟད་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། གཞིས་ཆགས་དང་མི་མང་གི་ཤེས་ཡོན་གནས་སྟངས། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་གཉིས་ཀར་ཕན་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་སོགས་ནན་བརྗོད་གནང་འདུག

བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག

ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པ་བོད་མི་ཨ་རི་བ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ལྷན་ཚོགས་དེའི་ཚོགས་གཙོར་བསྐོ་གཞག་གནང་བ་དང་། ཚོགས་གཙོ་གཞོན་པར་ལྕམ་ Kristina Arriaga ལགས་དང་ལྕམ་ Gayle Manchin ལགས་རྣམ་གཉིས་བསྐོ་གཞག་གནང་འདུག ཐེངས་འདིའི་འོས་འདེམས་དེ་སྔ་རྒྱུན་ལྟར་གསང་བའི་ཐོག་ནས་འོས་འདེམས་གནང་བ་ཞིག་མ་ཡིན་པར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་མི་རེ་ངོ་རེ་ནས་སྲིད་དོན་ཕྱོགས་ལྷུང་སྤངས་ཏེ་སྤྱི་མོས་ཀྱི་ཐོག་ནས་ཁོང་ཚོགས་གཙོར་བསྐོ་གཞག་གནང་ཡོད་པ་རེད། གསལ་བསྒྲགས་ནང་འཁོད་པར་གཞིགས་ཚེ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁོང་རང་ཉིད་ཚོགས་གཙོར་སྤྱི་མོས་ཀྱི་ཐོག་ནས་འདེམས་ཐོན་བྱུང་བ་ནི་ཆེ་བསྟོད་ཞིག་དང་རྩ་ཆེན་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་དང་། གོ་ལ་འདིའི་ཐོག་ཆོས་དད་རང་དབང་གི་དཀའ་ངལ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་ང་ཚོ་ཕྱག་སྦྲེལ་ཀུན་མཉམ་རུབ་ཀྱི་ཐོག་ནས་གདོང་ལེན་གྱི་ལས་གཞི་སྤེལ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད་མྱོང་བཞིན་པའི་དཀའ་ངལ་དེ་དག་སེལ་སླད་ཨ་རིའི་ཕོ་བྲང་དཀར་པོ་དང་། སྲིད་གཞུང་གི་དྲུང་ཆེ། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུའང་ཞུ་སྐུལ་གནང་ངེས་ཡིན་པ་གསུངས་འདུག རྩ་བའི་བསྟན་འཛིན་རྡོ་རྗེ་ལགས་སྔ་ལོའི་ཕྱི་ཟླ་ ༡ ནང་ཨ་རིའི་གཞུང་གི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྱི་གྲས་སུ་བསྐོ་གཞག་གནང་བ་དང་ཉེ་ལམ་ལས་གནས་དེའི་ཐོག་སླར་བསྐོ་གཞག་གནང་ཡོད་པ་རེད།  

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ལས་དོན་དབུ་འཛུགས།

ཁ་སང་ཟླ་ ༦ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དགུ་པའི་ལས་དོན་དབུ་འཛུགས་གནང་ཡོད་པ་དང་། ལས་དོན་དེའི་ཁོངས་སུ་བོད་མི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་སྡེ་ཚན་ཁག རང་དབང་ཅན་གྱི་སྡེ་ཚན། སྒེར་གྱི་ཚོགས་པ་སོགས་ཀྱི་རྩིས་ལོ་ ༢༠༡༥ ནས་ ༢༠༡༦ དང་། རྩིས་ཞིབ་ཟིན་པའི་ ༢༠༡༧ ལོའི་རྩིས་ཁྲ་ཁག་ཅིག དེ་བཞིན་ཕྱི་ལོ་  ༢༠༡༤ ལོའི་ལྷག་ལུས་རྩིས་ཁྲར་ཞིབ་འཇུག་གནང་རྒྱུ་རེད་འདུག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ངོས་ནས་བོད་མི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༥༌༌༡༦ ལོར་ཞིབ་འཇུག་གནང་ཟིན་པའི་སྙན་ཐོ་དེ་ལོ་རྗེས་མའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་སུ་འབུལ་རྒྱུ་རེད་འདུག སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་ལགས་ཀྱིས་ལོ་རེ་ནས་ལོ་རེ་བཞིན་རྩིས་རྙོག་རྣམས་གཙང་དུ་འགྲོ་བཞིན་པའི་རྣམ་པ་ཞིག་ཡོང་གི་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ལའང་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་པ་གསུངས་སོང་། རྩ་བའི་འདི་ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དགུ་པའི་མི་འགྲོར་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་ལགས་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་བསྐོ་གཞག་གནང་ཡོད་པ་རེད།

བོད་ཀྱི་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་མཐའ་མའི་རྒྱལ་ཁ་དྭང་སློབ་བོད་དམག་རུ་ཁག་ལ་ཐོབ་པ།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མའི་ཨང་དང་པོའི་བྱ་དགའ་དེ་རྡེ་ར་ལྡུན་ཁུལ་དུ་ཡོད་པའི་བོད་མིའི་དང་ཞབས་དམར་སྒར་གྱི་ Victory FC རྐང་སྤོལ་རུ་ཁག་ལ་ཐོབ་སོང་། ཁ་སང་ཉིན་རྒྱབ་བཞུགས་སྒར་རྡ་སྟེང་བོད་ཁྱིམ་གྱི་རྐང་སྤོལ་རྩེད་ཐང་དུ་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མ་དེ་བདེ་སྐྱིད་གླིང་ས་གནས་གཞོན་ནུ་རྐང་སྤོལ་རུ་ཁག་དང་བོད་མིའི་དང་ཞབས་དམར་སྒར་གྱི་ Victory FC རྐང་སྤོལ་རུ་ཁག་གཉིས་དབར་འགྲན་རྩོད་གནང་ཡོད་པ་རེད། རུ་ཁག་གཉིས་པོ་ཕན་ཚུན་དབར་རྩེད་འགྲན་གནང་སྐབས་ཐོག་མའི་སྐར་མ་ ༤༥ འི་བར་སེང་བར་རུ་ཁག་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་རེད། བར་སེང་རྗེས་ཀྱི་སྐར་མ་ ༦༠ དང་ ༧༠ ནང་ཚུད་ལ་དང་དམག་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ཡོད་པ་དང་། སྐབས་དེར་བདེ་སྐྱིད་གླིང་ས་གནས་གཞོན་ནུ་རུ་ཁག་གི་རྩེད་འགྲན་པ་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་རྩེད་འགྲན་ཧུར་ཐག་རྩེད་ཡོད་སྟབས་དང་དམག་རུ་ཁག་ལ་སྤོ་ལོ་གཅིག་བླུགས་ཐུབ་པ་བྱུང་ཡོད་པ་རེད། འོན་ཀྱང་རྩེད་འགྲན་གྱི་མཐའ་མའི་དུས་ཚོད་རྫོགས་མཚམས་སུ་སླེབས་པར་བརྟེན་བདེ་སྐྱིད་གླིང་རུ་ཁག་ནས་སྤོ་ལོ་གཅིག་མཚུངས་བླུགས་མ་ཐུབ་པར་དང་ཞབས་དམག་སྒར་གྱི་ Victory FC  རྐང་སྤོལ་རུ་ཁག་ལ་སྤོ་ལོ་གཉིས་དང་བདེ་སྐྱིད་གླིང་ས་གནས་གཞོན་ནུ་རུ་ཁག་ལ་སྤོ་ལོ་གཅིག་བཅས་ ༢༠༡༨ ལོའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་བོད་ཀྱི་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་མཐའ་མའི་རྒྱལ་ཁ་དྭང་སློབ་བོད་དམག་རུ་ཁག་ལ་ཐོབ་ཡོད་པ་རེད། སྐབས་དེར་རྩེད་འགྲན་གྱི་བྱ་དགའ་དེ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གནང་སོང་བ་དང་། སྐབས་དེར་ཁོང་གིས་མ་འོངས་པར་ཕ་མ་ཚོ་དང་སློབ་གྲྭའི་སྒྲིག་འཛུགས་སོགས་ནས་ཕྲུ་གུའི་རྩེད་རིགས་ཤེས་ཡོན་ཐོག་མཐུན་འགྱུར་གནང་དགོས་གལ་ཡིན་པ་གསུངས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྩེད་འགྲན་ཨང་དང་པོ་སོན་པར་བྱ་དགའ་བུམ་པ་དང་ཧིན་སྒོར་འབུམ་གཅིག ཨང་གཉིས་པར་བུམ་པ་དང་ཧིན་སྒོར་ཁྲི་ལྔ་བཅས་གནང་ཡོད་པ་རེད། ཐེངས་འདིའི་རྩེད་འགྲན་ནང་ཁྱོན་སྤོ་ལོ་བདུན་བླུགས་མཁན་ Victory FC རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་འཕྲིན་ལས་ལགས་སུ་རྩེད་འགྲན་ལེགས་ཤོས་ཀྱི་བྱ་དགའ་དང་དེ་བཞིན་བདེ་སྐྱིད་གླིང་རུ་ཁག་གི་རྩེད་འགྲན་པ་སངས་རྒྱས་མཁར་ལ་སྒོ་རགས་པ་ལེགས་ཤོས་ཀྱི་བྱ་དགའ་བཅས་གནང་ཡོད་པ་རེད། རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ཐེངས་འདིའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བོད་ཀྱི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེན་མོའི་ཐོག་རྒྱ་གར་བྱང་ཤར་ཁུལ་གྱི་ཏི་ཛུ་དང་། ལྷོ་ཕྱོགས་མོན་གྷོ། སྦེང་ལོར། དེ་བཞིན་བྱང་ཕྱོགས་ལྡི་ལི། རྡེ་ར་ལྡུན།  ཅན་ཌཱི་གྷར། མ་ན་ལི། སྦིར། སིམ་ལ་སོགས་བོད་མིའི་གནས་སྡོད་ས་གནས་ཁག་འདྲ་མིན་ནས་རྩེད་འགྲན་རུ་ཁག་ ༡༦ གི་ན་གཞོན་རྩེད་འགྲན་པ་ ༡༥༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད། རྩེད་འགྲན་དེ་འདི་ལོ་ཟླ་ ༦ ཚེས་ ༡ ཉིན་ནས་ཁ་སང་ཟླ་ ༦ ཚེས་ ༡༠ བར་ཁྱོན་ཉིན་གྲངས་བཅུའི་རིང་རྩེད་གནང་ཡོད་པ་དང་། ཁ་སང་ཉིན་མཐའ་མའི་རྩེད་འགྲན་དབུ་འཛུགས་མ་གནང་གོང་དྷ་ས་ཁུལ་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལས་གྲུབ་པའི་རྐང་སྤོལ་རུ་ཁག་དང། དེ་བཞིན་དྷ་ས་ཁུལ་གྱི་རྒྱ་གར་ཡུལ་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ལས་གྲུབ་པའི་རུ་ཁག་གཉིས་དབར་མཛའ་མཐུན་གྱི་རྐང་སྤོལ་རྩེད་འགྲན་གནང་ཡོད་པ་རེད།

བོད་རིགས་བེུད་གཅིག་ཆེས་ཐོག་མའི་ཁེ་ན་ཌའི་ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་འདུག

ཁེ་ན་ཌའི་ Ontario མངའ་ཁུལ་གྱི་ Parkdale ས་གནས་སུ་གནས་སྡོད་ལོ་ན་ ༣༤ སོན་པའི་བོད་རིགས་བེུད་བུ་འཁྲིད་དཀར་པོ་ཆེ་ལགས་མངའ་ཁུལ་དེའི་ Parkdale High ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱས་འདུག དེ་ནི་ད་བར་བྱང་ཨ་རིའི་གླིང་ཕྲན་ཁུལ་ནས་བོད་རིགས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཁོངས་སུ་འོས་འདེམས་བྱུང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་སྔ་ལོའི་ཕྱི་ཟླ་ ༩ ནང་ཁེ་ན་ཌའི་ Parkdale ས་གནས་ཀྱི་ New Democratic ཆབ་སྲིད་ཚོགས་པའི་ཚོགས་འདུའི་ཐོག་ཕྱི་ལོ་ ༢༠༡༨ ལོའི་ Ontario མངའ་ཁུལ་འོས་བསྡུ་ནང་ Parkdale High ས་གནས་ནས་བཞེངས་སྐབས་བུ་འཁྲིད་དཀར་པོ་ཆེ་ལགས་ས་གནས་གྲོས་ཚོགས་ཀྱི་འཐུས་མིའི་འོས་གཞིའི་ཁོངས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཁ་སང་ Parkdale High ས་གནས་གྲོས་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་ཐེངས་འདིའི་འོས་བསྡུའི་ནང་བོད་རིགས་བེུད་དཀར་པོ་ཆེ་ལགས་སུ་འོས་ཤོག་ཚད་མཐོ་པོའི་ཐོག་ནས་ Ontario མངའ་ཁུལ་གྱི་ Parkdale ས་གནས་གྲོས་ཚོགས་ཀྱི་ཁོངས་སུ་འོས་འདེམས་བྱུང་འདུག འདི་ག་རླུང་འཕྲིན་ཁང་ནས་ད་རེས་ Parkdale ས་གནས་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བ་བུ་འཁྲིད་དཀར་པོ་ཆེ་ལགས་སུ་ཞལ་པར་བརྒྱུད་འབྲེལ་བ་ཞུ་ཐབས་ལན་མང་ཞུས་ཀྱང་འབྲེལ་བ་གཅིག་ཀྱང་ཞུ་ཐུབ་མ་སོང་། འོན་ཀྱང་ཁ་སང་ས་གནས་གྲོས་སུ་འཐུས་མིར་རྒྱལ་ཁ་ཐོབ་པའི་དགའ་སྟོན་མཛད་སྒོའི་ཐོག་མང་ཚོགས་ལ་གཏམ་བཤད་གནང་བའི་བརྙན་ཐུང་ཞིག་དེ་རིང་ངོ་དེབ་ཐོག་ཐོན་འདུག བརྙན་ཐུང་དེའི་ནང་ཁོང་གིས་འོས་བསྡུའི་བརྒྱུད་རིམ་ཁྲོད་རྒྱབ་སྐྱོར་གནང་མཁན་ཆབ་སྲིད་ཚོགས་པ་གཙོ་གྱུར་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་ཁེ་ན་ཌའི་ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེབས་བྱུང་བ་འདི་ནི་ས་གནས་ཀྱི་བོད་མི་དང་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་དང་ཆོད་སེམས་ལ་བརྟེན་ནས་ཡིན་པར་ངོས་འཛིན་ཐོག་དགའ་སྤོབས་དང་སྤྲོ་སྣང་བྱེད་དགོས་པ་ཞིག་དང་། ལྷག་དོན་ང་ཚོ་ཁེ་ན་ཌའི་བོད་མི་ཚོའི་ངོས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཀོད་ཐུབ་ཡོད་སྐོར་གསུངས་འདུག རླུང་འཕྲིན་ཁང་ནས་ Ontario ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ལང་དཀར་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་བུ་འཁྲིད་དཀར་པོ་ཆེ་ལགས་ད་རེས་ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་བ་དེ་ནི་འདི་ག་ཁེ་ན་ཌ་ཙམ་མ་ཟད་བྱང་ཨ་རིའི་ཁུལ་ནས་ཀྱང་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས་ས་གནས་བོད་མི་ཚོས་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པར་དགའ་སྤོབས་གནང་བཞིན་ཡོད་པ་དང་། མ་འོངས་པར་ཁེ་ན་ཌ་ཙམ་མ་ཟད་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་གཞོན་སྐྱེས་ཚོ་ལའང་དམིགས་དཔེ་བཟང་པོ་ཞིག་དང་སེམས་ཤུགས་འཕར་མ་ཞིག་སྐྲུན་ཡོད་པ་གསུངས་ཡོད། བོད་རིགས་བེུད་བུ་འཁྲིད་དཀར་པོ་ཆེ་ལགས་ནི། ཐོག་མར་ཕྱི་ལོ་ ༢༠༠༢ ལོར་ཁོང་རང་ཉིད་ལོ་ན་ ༡༨ སོན་པའི་སྐབས་རང་ཉིད་ཀྱི་ནང་མི་དང་ལྷན་དུ་ཁེ་ན་ཌའི་ནང་གཞི་སྤོས་གནང་བ་ཞིག་ཡིན་ཞིང། ལོ་ ༡༤ ལྷག་རིང་ས་གནས་མི་མང་གི་འཕྲོད་བསྟེན་དང་ཤེས་ཡོན། རིག་གཞུང་། སྐྱབས་བཅོལ། དེ་བཞིན་གསར་འབྱོར་གྱི་གནས་སྟངས་འོག་གནས་སྤོས་གནང་མཁན་ཚོར་རོགས་རམ། གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་སོགས་ལས་དོན་མང་དག་ཞིག་གཉེར་གནང་ཡོད་པ་མ་ཟད། ཁོང་ནས་ཁུལ་དེའི་བོད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་ཡང་གནང་ཡོད་པ་རེད། ད་ལྟའི་ཆར་ཁོང་ཁུལ་དེར་ཡོད་པའི་ Ryerson གཙུག་ལག་སློབ་གཉེར་ཁང་དུ་སྤྱི་ཚོགས་འཕྲོད་བསྟེན་སྲིད་བྱུས་ཐོག་འབུམ་རམས་པའི་སློབ་གཉེར་གནང་བཞིན་ཡོད་པ་རེད། ད་རེས་ཁོང་ Ontario མངའ་ཁུལ་གྱི་ས་གནས་གྲོས་ཚོགས་འཐུས་མིར་འོས་འདེམས་གནང་བའི་ Pardale ས་གནས་དེ་འཛམ་གླིང་ཡུལ་གྲུ་གཞན་ནས་ Canada ནང་སྐྱབས་བཅོལ་ཞུ་བར་ཕེབས་མཁན་རྣམས་ཀྱི་བཞུགས་གནས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། ས་གནས་དེར་རྒྱ་བལ་འབྲུག་གསུམ་གྱི་མི་རིགས་རྗེས་སུ་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་མང་ཤོས་ཆགས་ཀྱི་ཡོད་པ་རེད། ཁ་སང་བུ་འཁྲིད་དཀར་པོ་ཆེ་ལགས་ཁེ་ན་ཌའི་ Ontario མངའ་ཁུལ་ས་གནས་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་ལ་འཚམས་འདྲི་དང་མ་འོངས་པའི་ལས་དོན་ཁག་ལམ་ལྷོང་ཡོང་བའི་སྨོན་འདུན་གནང་བ་དང་འབྲེལ། གཏམ་བཟང་འདི་ནི་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་ཚང་མའི་ངོས་ནས་དགའ་སྤོབས་ཞུ་འོས་པ་ཞིག་ཡིན་པ་རེད། མ་འོངས་པར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོའི་ཁྲོད་ནས་ས་གནས་སོ་སོའི་གཞུང་ནང་ཁོང་ལྟ་བུའི་ལས་སྣེ་གནང་ཐུབ་པར་བོད་མི་གང་མང་ཐོན་རེ་ཡོད་པ་གསུངས་འདུག འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་འཆར་སྣང་ཞིག་ཀྱང་ཡིན་པ་གསུངས་ཡོད་པ་རེད།

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་རྗེས་དྲན་གྱི་ཚོགས་འདུ་ཚོགས་པ།

དེ་རིང་བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གཙོ་བཞུགས་ཐོག་རྒྱ་གར་ནས་བོད་བར་བོད་དོན་ཆེད་གོམ་བགྲོད་བསྐྱོད་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྗེ་ལགས་ཀྱི་བློས་བཏང་ལ་རྗེས་དྲན་ཞུ་རྒྱུའི་གཏམ་བཤད་ཀྱི་ལས་རིམ་ཞིག་ཚོགས་གནང་སོང། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་རང་གི་ཨ་མ་ལགས་དང་སྲིང་མོའི་ལྷན་དུ་རྒྱ་གར་དང་བལ་ཡུལ་བརྒྱུད་བོད་བར་ཞི་བའི་གོམ་བགྲོད་གནང་འཆར་ཡོད་ཀྱང། བལ་ཡུལ་ས་མཚམས་སུ་ཉེན་རྟོག་པས་བཀག་སྡོམ་འོག་གོམ་བགྲོད་དེ་མུར་མཚམས་འཇོག་གནང་དགོས་བྱུང་ཡོད་པ་རེད།  འོན་ཀྱང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང། ༸པཎ་ཆེན་རིན་པོ་ཆེས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་ཆེད་བཏོན་གྱིས་ཕྱི་ལོ་༢༠༡༣ ལོར་གསུམ་བཅུའི་དུས་དྲན་ཉིན་ཁོང་ཁེར་རྐྱང་སླར་བོད་བར་ཞི་བའི་གོམ་བགྲོད་ཕེབས་ཡོད་ཀྱང། ལོ་དེའི་ཕྱི་ཟླ་ ༦ པའི་ནང་རྒྱ་གར་བྱང་ཤར་བོད་རྒྱ་ས་མཚམས་འབྲས་ལྗོངས་ས་ཁུལ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ད་བར་ཁོང་ཤི་གསོན་གང་ཡིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་གྱུར་ནས་ལོ་ལྔ་ཧྲིལ་པོ་འཁོར་གྱི་ཡོད་པ་རེད། དེ་རིང་ཟླ་ ༦ ཚེས་ ༨ ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དང་བསྟུན། དྷ་ས་དབུས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་གནང་ཐོག་བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ་ཞེས་པའི་གཏམ་བཤད་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱལ་གཅེས་པ་ཁོང་གིས་བོད་དོན་ཆེད་ཞུམ་པ་མེད་པའི་བློས་བཏང་གནང་བར་ཆེ་བསྟོད་དང་རྗེས་དྲན། དེ་བཞིན་འབྲེལ་ཡོད་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུས་སོང་བ་མ་ཟད། ང་ཚོ་བོད་མི་ཚོའི་ངོས་ནས་ཁོང་གི་གནད་དོན་དང་ལྷག་པར་དུ་ཁོང་གི་རེ་འདུན་དང་མཐའ་མའི་ཞལ་ཆེམས། དེ་བཞིན་རྒྱལ་ཚོགས་སུ་སྡིངས་ཆའི་ཐོག་བསྐྱལ་ཐུབ་དགོས་གལ་ཡིན་པ་གསུངས་སོང། དེ་བཞིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་དང། བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་གཉིས་ཀྱིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མཚན་གནས་རྗེས་དྲན་ཞུ་རྒྱུ་འདི་ནི་ཚོགས་པ་བྱེ་བྲག་ཞིག་གི་འགན་མིན་པར་བོད་མི་ཚང་མར་འགན་ཡོད་པ་ཞིག་ཡིན་སྐོར་གསུངས་ཡོད།

འགྱིག་སྣོད་ཀྱིས་ཁོར་ཡུག་ལ་འབགས་བཙོག་བཟོ་བའི་གོ་རྟོགས་ལས་འགུལ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་དང་བསྟུན་མང་ཚོགས་ལ་འགྱིག་སྣོད་ཀྱིས་ཁོར་ཡུག་ལ་འབགས་བཙོག་བཟོ་བའི་གོ་རྟོགས་ལས་འགུལ་སྤེལ་སོང་། དེ་རིང་ཟླ་ ༦ ཚེས་ ༥ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་མེག་གྷན་རླངས་འཁོར་བབས་ཚུགས་སུ་འགྱིག་རིགས་བེད་སྤྱོད་གནང་རྒྱུ་མཚམས་འཇོག་དགོས་པ་དང་།  དེ་ལྟར་མ་བྱུང་ཚེ་འགྱིག་རིགས་སྤྱོད་ཚར་རྗེས་བསྐྱར་དུ་སྤྱོད་དགོས་སྐོར་འཁོད་པའི་ཕྲེད་དར་དང། སྦྱར་པང་དུ་འགྱིག་སྣོད་རིགས་བེད་སྤྱོད་གནང་རྒྱུ་ལས་ཁོར་ཡུག་ལ་མི་གནོད་པའི་དངོས་པོ་གཞན་སྤྱོད་རྒྱུ་ཡོད་པ་འགྲེམས་སྟོན་གནང་བ་མ་ཟད་མང་ཚོགས་ལ་དེ་འབྲེལ་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་གྱིས་གོ་རྟོགས་ལས་འགུལ་སྤེལ་སོང་། རྩ་བའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དེ་རིང་གི་ཉིན་མོ་དང་བསྟུན་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་བའི་ནང་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་དང།  གནས་སྐོར་བ། རྒྱ་ནག་གི་འཛུགས་སྐྲུན་འཕེལ་རྒྱས་སོགས་ལས་གད་སྙིགས་ཕོན་ཆེ་བྱུང་རྐྱེན་ཁོར་ཡུག་ཐོག་དཀའ་ངལ་མང་དག་འཕྲད་སྐོར་གསལ་བཏོན་གནང་འདུག དབུས་བེུད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་ཟླ་བ་སྒྲོལ་མ་ལགས་ཀྱིས་འཛམ་གླིང་ནང་མི་འབོར་འཕེལ་རྒྱས་བྱུང་བ་ལྟར་གད་སྙིགས་འགྱིག་ལ་སོགས་པའི་ཐོན་ཡང་དེ་ཙམ་མང་བ་བྱུང་བ་དང་།  དེང་སྐབས་མི་རྣམས་ཀྱིས་འཚོ་བ་སྟབས་བདེར་རོལ་ནས་འགྱིག་སྣོད་སོགས་ཚོད་མེད་སྤྱོད་སྟབས་ཁོར་ཡུག་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པ་རེད། དེས་ན་མི་རེ་ངོ་རེ་ནས་འགན་ཁུར་ཐོག་དགོངས་པ་ཆེ་བཞེས་གནང་དགོས་གལ་སྐོར་སོགས་གསུངས་ཡོད། གཞི་རྩའི་འཛམ་གླིང་ཁོར་ཡུག་ཉིན་མོ་དེ་རྒྱལ་ཚོགས་ནས་ཕྱི་ལོ་ ༡༩༧༢ ལོར་གཏན་འབེབས་གནང་ཡོད་པ་དང་། ༡༩༧༤ ལོར་གོ་ལ་གཅིག་ཁོ་ན་ཞེས་པའི་བརྗོད་གཞི་ཐོག་ཆེས་ཐོག་མ་སྲུང་བརྩི་གནང་ཡོད་པ་ལྟར་ལོ་ལྟར་འཛམ་གླིང་གི་རྒྱལ་ཁབ་ ༡༤༣ ལྷག་ནས་མཉམ་ཞུགས་གནང་བའི་ཉིན་མོ་དེའི་ཐོག་འབགས་བཙོག་གི་གནད་དོན་དང་།  མི་འབོར་འཕེལ་རྒྱས།  གོ་ལའི་ཚ་དྲོད།  རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ནག་ཉེས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པ་རེད། འདི་ལོའི་བརྗོད་གཞི་ནི་འགྱིག་སྣོད་ཀྱིས་ཁོར་ཡུག་འབགས་བཙོག་བཟོ་བའི་དཀའ་ངལ་ལ་གདོང་ལེན་ཞེས་པ་དེ་ཡིན་པ་རེད།

དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ ༢༩ འཁོར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༦ ཚེས་ ༤ ཉིན་མོ་སྟེ་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གྱི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོར་ཆོ་ཐང་ཆེན་དུ་རྒྱ་ནག་གི་མཐོ་རིམ་སློབ་མ་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་རྒྱ་ནག་རང་དབང་དང་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་དགོས་འདུན་བཏོན་པར་རྒྱ་གཞུང་གིས་གོ་མཚོན་དམག་མི་ཆེད་གཏོང་གིས་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་བསད་བཏང་བའི་གནད་དོན་དེ་བྱུང་ནས་ལོ་ངོ་ ༢༩ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གནད་དོན་དེ་དང་འབྲེལ་ཤུལ་ལུས་ནང་མི་དང་རྒྱ་རིགས་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་གོ་རྟོགས་ལས་འགུལ་སྤེལ་བའི་བརྒྱུད་དུས་ཚིགས་དེ་དྲན་གསོ་ཞུས་སོང་། མེག་གྷན་རླངས་འཁོར་བབས་ཚུགས་སུ་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་དྲུག་བཞི་དོན་རྐྱེན་དང་འབྲེལ་བའི་དངོས་ཡོད་གནད་དོན་བཅུ་ཞེས་འཁོད་པའི་ཡིག་ཆ་འགྲེམས་སྤེལ་དང་དོན་རྐྱེན་དེའི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། སྦྱར་པང་ཞིག་གི་སྟེང་དུ་འདས་པོ་དང་འདས་པོའི་ཤུལ་ལུས་ནང་མི་བཅས་པ་ལ་རང་ཉིད་ཀྱི་སེམས་གསོའི་དགོངས་ཚུལ་འབྲི་ས་ཆེད་སྐྲུན་ཞུས་འདུག་པ་དང་། དེར་དོ་སྣང་དང་ཆ་ཤས་བླངས་མཁན་མང་དག་ཞིག་བྱུང་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་གྲགས་པ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཞུས་པར་དེ་སྔ་ ༡༩༨༩ ལོའི་དོན་རྐྱེན་དེའི་འོག་རྒྱ་རིགས་སློབ་མ་སྟོང་ཕྲག་མང་པོ་དམར་བསད་བཏང་བའི་གནད་དོན་དེ་རྒྱ་རིགས་མང་ཚོགས་ཀྱི་ཁྲོད་ཤེས་རྟོགས་མེད་སྟབས་དེའི་སྐོར་གོ་རྟོགས་སྤེལ་རྒྱུ་ཆེད་དུ་ཡིན་པ་དང་། རྒྱ་ནག་རྒྱལ་ཁབ་ལ་མང་གཙོ་ཞིག་བྱུང་ཚེ་བོད་མི་རིགས་དང་བོད་ཀྱི་རྩ་དོན་ལ་ཁེ་ཕན་ཡོད་སྐོར་གསུངས་སོང་། སྐར་མ་ལྔ་ཅན་གྱི་རྒྱ་ནག་རྒྱལ་དར་དེ་རྣམ་པ་བསྒྱུར་ཏེ་མེ་སྒྱོགས་ལྔ་ཅན་གྱི་མདུན་དུ་བློ་སྟོབས་ཅན་གྱི་རྒྱ་རིགས་ཤིག་ལངས་བསྡད་པའི་རྒྱལ་དར་ནི་ད་བར་ལོ་རྒྱུས་ཀྱི་ཁྲོད་སུ་ཀྱང་ཤེས་རྟོག་མེད་པའི་མི་ཞིག་གིས་དེ་སྔ་དྲུག་བཞིའི་དོན་རྐྱེན་བྱུང་སྐབས་མེ་སྒྱོགས་ཀྱི་མདུན་དུ་ལངས་ནས་འཐབ་རྩོད་བྱས་ཡོད་པ་ནི་ཁོང་གི་བློ་སྟོབས་དེ་མཚོན་བཞིན་ཡོད་པ་གསུངས་ཡོད། དེ་དང་ཕྱོགས་མཚུངས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་ཨ་རིར་གནས་སྡོད་བྱེད་མཁན་གྱི་ཤེས་ལྡན་རྒྱ་རིགས་རང་བཙན་འཐབ་རྩོད་པ་དང་མང་གཙོ་རྩོད་ལེན་བྱེད་མཁན་གྱིས་གོ་སྒྲིག་འོག་རྒྱ་ནག་གཞུང་ཚབ་ཁང་གྱི་མདུན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ ༢༩ འཁོར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་དུས་དྲན་སྲུང་བརྩི་ཞུས་འདུག རྩ་བའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༢༩ འཁོར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞིག་ཆགས་ཡོད་པ་དང་། ས་གནས་གང་སར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཁག་ནས་དྲན་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་།  ལྷག་པར་དུ་མཐོ་སློབ་ཁག་འགྲིམ་བཞིན་པའི་སློབ་མ་རྣམས་ནས་ཀྱང་རང་ཉིད་ཀྱི་མཐོ་སློབ་ཁག་ཏུའང་དོན་རྐྱེན་དེའི་སྐོར་ངོ་སྤྲོད་གནང་གི་ཡོད་པ་རེད་འདུག  

Latest news