Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཏཱ་ལའི་བླ་མའི་དགེ་རྩས་ཊན་ཌཱ་སྨན་ཁང་ལ་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་ཞལ་འདེབས་གནང་འདུག

ད་ལྟའི་ཆར་ཆེས་གཉན་འཕྲང་གི་དུས་སྐབས་འདིར་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཆེད་དུ་ཕྱག་ལས་གནང་མཁན་སྨན་པ་དང་སྨན་ཞབས། འབྲེལ་ཡོད་ལས་བྱེད་དང་བཅས་པར་ཉེ་བར་མཁོ་བའི་ཁ་རས་དང་ཉེན་སྲུང་ཡོ་ཆས་རང་འགྲིགས་སམ་ Personal Protective Equipment ཞེས་པ་དེ་རག་ཐབས་དཀའ་བའི་གནས་སྟངས་སུ་གྱུར་ཡོད་པ་མ་ཟད། ལྷག་དོན་རྒྱ་ནག་གིས་བཟོས་པའི་ཁ་རས་དང་ཉེན་སྲུང་ཡོ་ཆས་དེ་དག་སྤུས་ཚད་ཞན་རྐྱེན་རྒྱ་གར་གཙོས་རྒྱལ་ཁབ་གཞན་ཁག་གཅིག་གིས་རྒྱ་ནག་ལ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། རྒྱ་གར་ལྟ་བུར་ཆ་མཚོན་ན་དེང་སྐབས་སྨན་ཁང་ཆེ་ཁག་ཏུ་ཕྱག་ལས་གནང་མཁན་སྨན་པ་དང་སྨན་ཞབས། དེ་བཞིན་ཞབས་ཞུ་བའི་འབྲེལ་ཡོད་ལས་བྱེད་ཁག་ལ་ཆེས་ཉེ་བར་མཁོ་བའི་ཉེན་སྲུང་ཡོ་ཆས་རང་འགྲིགས་ཀྱི་མཐུན་རྐྱེན་ཞན་པའི་ངལ་བ་འཕྲད་བཞིན་ཡོད་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༢ ཉིན་ཏཱ་ལའི་བླ་མའི་དགེ་རྩས་བཞུགས་སྒར་ཉེ་ཁྲིས་སུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་སྨན་ཁང་ཊན་ཌཱ་ལ་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་ཞལ་འདེབས་གནང་འདུགརླུང་འཕྲིན་ཁང་གིས་ཏཱ་ལའི་བླ་མའི་དགེ་རྩའི་ལས་འཆར་འགན་འཛིན་འཛུམ་ཆུང་བཀྲིས་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་གསོལ་བསྩལ་གནང་བའི་རྒྱབ་ལྗོངས་དང་བཅས་ངོ་སྤྲོད་གནང་བ་དང་སྦྲགས། དེ་བཞིན་ཏཱ་ལའི་བླ་མའི་དགེ་རྩའི་ངོས་ནས་རྒྱ་གར་ཡུལ་མི་ཉམ་ཐག་དང་དབུལ་ཕོངས་གྲོང་རྡེལ་གནས་སྡོད་རྒྱ་གར་མང་ཚོགས། དེ་བཞིན་ས་གནས་གཞན་ནས་ཡོང་བའི་ཉིན་གླར་བརྟེན་པའི་རྒྱ་གར་བ་རྣམས་ལ་ཐེམ་སྤང་གི་དུས་སྐབས་སུ་སྐམ་ཟས་སོགས་བགོ་འགྲེམས་མང་དག་ཅིག་གནང་ཡོད་སྐོར་གསུངས་སོང་། རྩ་བའི་༸གོང་ས་མཆོག་གིས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་ཆེད་ PM cares fund ཞེས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཕྱིར་ཉེ་ཆར་གསར་འཛུགས་གནང་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་མ་དངུལ་གྱི་ཞལ་འདེབས་གནང་བ་དང་། དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐབས་རྩར་ཞལ་འདེབས་གནང་ཡོད་པ་རེད།དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་འདིར་ང་ཚོས་བྱམས་བརྩེ་ཀུན་ནས་བླངས་པའི་ཐོག་རིམས་ནད་དེར་གདོང་ལེན་བྱེད་དགོས་པར་བཀའ་བསྩལ་བ་དང་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པའང་སྟོན་གྱི་ཡོད་སྐོར་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད།

ཆོས་ཞུ་བ་ཚོས་སྤྱི་ཚོགས་རྒྱང་ཁྱད་ཀྱི་བཀའ་རྒྱ་ལས་མི་འདའ་བ་གནང་དགོས་པའི་གཞེན་བསྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་རྒྱ་གར་གྱི་ཆུ་ཚོད་ ༨ ནས་ ༩༌༣༠ བར་བཀའ་ཆོས་ཞིག་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་ལྟར། ཆོས་ཞུ་བ་ཚོས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་དགོས་པའི་གཞེན་བསྐུལ་འདུགདེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་བཀའ་ཆོས་དང་འབྲེལ་བའི་བཀའ་ཁྱབ་ཅིག་སྤེལ་བར་གཞིགས་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་ཀྱི་རིང་ལ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ཏེ་ད་ལྟའི་ཆར་དུས་ཀྱི་ཆེས་གཉན་འཕྲང་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་ལྟར། སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་ལྷག་པར་བཀའ་ཆོས་ཉིན་གཉིས་ཀྱི་རིང་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་སྒོས་སུ་ཆོས་ཞུ་བ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བ་གནང་དགོས་པ་མ་ཟད། ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་ཁྱད་པར་དངོས་གཞི་བཀའ་ཆོས་སྩོལ་སྐབས། དེ་བཞིན་མར་འགྲོལ་སྐབས་བཅས་ཀྱིས་གཙོས་བཀའ་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་བཏང་འཛིན་ཆེས་ཆེར་གནང་དགོས་པའི་གཞེན་བསྐུལ་གནང་འདུགདེ་བཞིན་ད་ལྟའི་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་དོན་གཉན་རིམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་བསྐྱར་ནན་གནང་འདུག རྩ་བའི་གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྩེ་བའི་ཐོག་ནས་ཕྱི་ཚེས་ ༡༦ དང་ ༡༧ ཉིན་དྲྭ་ལམ་ཐད་གཏོང་བརྒྱུད་སྩལ་གཏན་འཁེལ་བའི་བཀའ་ཆོས་དེ་རྒྱ་སྐད་དང་ཧིན་སྐད། སོག་སྐད། དེ་བཞིན་ཝི་ཏི་ནམ་དང་ར་ཤཱི་ཡ། ཀོ་རི་ཡ། ཉི་ཧོང་། སི་པིན་། འཇར་མན། ཕོར་ཅི་གྷད། ཧྥ་རན། ཨི་ཏྲ་ལི་བཅས་ཀྱི་སྐད་ཐོག་གསུང་སྒྱུར་གནང་རྒྱུ་རེད་འདུག

༸གོང་ས་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཉིན་གཉིས་ཀྱི་རིང་བཀའ་ཆོས་བསྩལ་རྒྱུ་ཐུགས་གཏན་འཁེལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཟླ་བ་འདིའི་ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་བཀའ་ཆོས་ཞིག་བསྩལ་གཏན་འཁེལ་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་བཀའ་ཆོས་དང་འབྲེལ་བའི་བཀའ་ཁྱབ་ཅིག་སྤེལ་བར་གཞིགས་ན། གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་རྒྱ་གར་གྱི་ཆུ་ཚོད་ ༨ ནས་ ༩༌༣༠ བར་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ཏེ་ད་ལྟའི་ཆར་དུས་ཀྱི་ཆེས་གཉ་འཕྲང་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད། རྩ་བའི་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་དེ་༸སྐུ་སྒེར་གྱི་དྲྭ་རྒྱ་བརྒྱུད་དེ་སྔ་དྲོ་ཚོུད་ ༨ ནས་ ༩༌༣༠ བར་བསྩལ་རྒྱུ་ཡིན་པ་དང་བོད་སྐད། དབྱིན་སྐད་དང་རྒྱ་སྐད་སོགས་ཀྱི་སྐད་ཡིག་དུ་མའི་དྲྭ་ཚིགས་ཐོག་ནས་གསན་གཟིགས་ཞུ་ཐུབ་ཀྱི་འདུག

༸གོང་ས་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མོ་དང་འབྲེལ་བའི་གསུང་འཕྲིན་ཞིག་བསྩལ་འདུག

གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་ནས་མི་ལོ་ ༢༦༠༠ འཁོར་བའི་དུས་ཆེན་ཁྱད་འཕགས་པ་གསུམ་འཛོམས་ Buddha Purnima ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་ཆོས་ཕྱོགས་ཀྱི་དུས་སྟོན་གོ་སྒྲིག་གནང་བའི་ཐོག་དགའ་བསུའི་འཚམ་འཕྲིན་ཞིག་བསྩལ་འདུགའཚམ་འཕྲིན་དེའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཆོས་ཕྱོགས་ཀྱི་དུས་སྟོན་ཉིན་མོར་ལྷན་ཞུགས་གནང་མཁན་འཛམ་གླིང་ཁྱོན་ལ་བཞུགས་པའི་ནང་པའི་རྗེས་འཇུག་གྲོགས་ཕོ་མོ་ཀུན་ལ་དགའ་བསུ་ཡོད་ཅེས་འཚམས་འདྲི་བསྩལ་བ་དང་སྦྲགས། ༸གང་ཉིད་མཆོག་གིས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་གིས་དེ་སྔ་བསྩལ་བའི་བཀའ་ཆོས་དེ་དག་འཛམ་གླིང་སྤྱི་དང་སྒོས་དེང་སྐབས་སུ་འོས་འཚམ་ཡོད་པར་ཐུགས་རེ་ཡོད་སྐོར་དང་དེ་བཞིན་གཞན་ཕན་བསྒྲུབ་རྒྱུ་དང་བདག་ཅག་གི་སྟོན་པ་མཆོག་སྐུ་ཚེ་གང་པོ་རབ་བྱུང་གི་ཐོག་ནས་མཛད་པ་བསྐྱངས་པ་མ་ཟད། སངས་རྒྱས་ཀྱི་སྐུ་ཚེ་ནང་མྱོང་བ་གང་བྱུང་བ་དེ་རྣམས་གདུལ་བྱ་ཁམས་མོས་དང་འཚམས་པའི་གསན་འདོད་ཡོད་རིགས་ལ་གསུངས་ཡོད་སྐོར། ལྷག་དོན་རྟེན་བྱུང་དང་གཞན་ལ་གནོད་པ་བྱེད་མི་རུང་བ་དང་རང་ནུས་ལ་གཞིགས་པའི་ཕན་པ་བསྒྲུབ་དགོས་པ་བཅས་བཀའ་བསྩལ་ནས་འཚེ་བའི་ལས་སྤོང་དགོས་པར་བཀའ་ནན་བསྩལ་ཡོད་པ་ལུང་འདྲེན་དང་། ཆབས་ཅིག་ཏུ་དེང་གི་འཛམ་གླིང་ནང་ལ་ཕན་པའི་རླབས་ཆེན་གྱི་ཤུགས་རྐྱེན་ཐེབས་པའི་ལམ་སྟོན་གཅིག་པོ་དེ་དུས་ད་ལྟའང་གནས་མུས་ཡིན་པ། སྙིང་རྗེས་ཀུན་ནས་སློང་སྟེ་གཞན་ཕན་གྱི་བྱ་བར་གཞོལ་དགོས་པའི་ལམ་སྟོན་མཛད་སྐོར་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་འཛམ་གླིང་འདིའི་འགྲོ་བ་མི་རྣམས་ཀྱི་རང་ཉིད་སོ་སོའི་བདེ་དོན་དང་བདེ་སྐྱིད་དེ་མི་མང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་གོ་ལ་ཧྲིལ་པོ་འདི་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་དེའང་རང་བཞིན་གྱིས་ཇེ་འཕེལ་འགྲོ་གི་ཡོད་པ་དང་དེ་བཞིན་དེང་སྐབས་ང་ཚོས་ངལ་བར་གདོང་ལེན་བྱེད་པའི་བརྒྱུད་རིམ་ནང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་དེ་དགོས་ངེས་ཅན་ཞིག་ཆགས་ཡོད་པར་ལམ་སྟོན་བསྩལ་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ངེད་ཅག་འགྲོ་བ་མི་རྣམས་ལ་ཆ་མཚོན་ན་ཕྱི་ཚུལ་མི་འདྲ་བའི་ཁྱད་ཡོད་ཀྱང་འགྲོ་བ་མིའི་རང་བཞིན་དེ་ནི་ཞི་བདེ་དང་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་པ་དང་། ནང་པ་སངས་རྒྱས་པའི་གཞུང་ནས་ཀྱང་ང་ཚོའི་བློ་དེ་སྒོམ་གྱི་ཐོག་ནས་བཅོས་དགོས་པ་དང་དེའང་བློ་དེ་ཞི་བདེ་བག་ཕེབས་དང་བྱམས་བརྩེ། སྙིང་རྗེ། གཏོང་ཕོད། བཟོད་སྲན་བཅས་གོང་འཕེལ་གཏོང་དགོས་གལ་ཡིན་པ་ལམ་སྟོན་བསྩལ་དོན་ལྟར་ང་རང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་དེ་དག་གི་ཤུགས་རྐྱེན་ཐེབས་པ་ཞིག་བྱེད་དགོས་ཞེས་བཀའ་བསྩལ་འདུག ཉེ་དུས་ནང་གོ་ལ་ཁྱོན་དུ་ཡོད་པའི་ནང་པའི་ཚོགས་སྡེ་ཁག་གི་ངོས་ནས་ང་ཚོ་ཐུན་མོང་གི་ཁྱད་ཆོས་ཡོད་པ་དེ་དག་ཤེས་ཐབས་སུ་རྒྱང་ཁྱད་བཞག་པ་དང་དེ་དག་ཐུན་མོང་དུ་སྤྱོད་མཁན་ཚོར་མངོན་བསྟོད་ཀྱི་གོ་སྐབས་སོགས་མེད་པར་བཀའ་བསྩལ་དང་སྦྲགས། དེང་དུས་སུ་འཛམ་གླིང་ས་ཕྱོགས་གང་སར་གནས་བཞུགས་ནང་པའི་རིག་གནས་རྣམས་ལ་སློབ་འདོད་ཡོད་རིགས་ལ་དེ་འབྲེལ་ཤེས་ཡོན་སྤྲོད་རྒྱུའི་གོ་སྐབས་ཡོད་པ་མ་ཟད་ལྷག་དོན་ང་ཚོས་ནང་པའི་གཞུང་ལུགས་དང་ཉམས་ལེན་ཁག་གི་རྣམ་གཞག་རྣམས་ཐུག་འཕྲད་དང་བརྒྱུད་ལམ་གཞན་དུ་མའི་ཐོག་ནས་སློབ་སྦྱོང་གནང་རྒྱུ་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་དཔལ་ནཱ་ལེནྡཱའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་མཁན་ཞིག་ལ་ངོས་བཞེས་གནང་གི་ཡོད་པ་དང་། སྐབས་དེའི་རྒྱ་གར་ནང་གི་དཔལ་ནཱ་ལེནྡཱའི་སློབ་གཉེར་དེ་དག་གཏན་ཚིགས་རིགས་པའི་ཐོག་ནས་གནང་སྲོལ་ཡོད་པ་དེ་ཧ་ཅང་གི་ཚད་མཐོ་པོ་ཡོད་སྐོར་བཀའ་བསྩལ་འདུག་པ་དང་། ལྷག་དོན་༸གང་ཉིད་མཆོག་གིས་ང་ཚོས་དུས་རབས་ཉེར་གཅིག་གི་ནང་པ་ཞིག་ཡིན་ཚེ་ནང་པའི་རིག་གནས་ལ་སློབ་གཉེར་དང་སངས་རྒྱས་ཀྱི་བཀའ་ཆོས་ལ་ཉམས་ཞིབ་གནང་གལ་ཡིན་པ་མ་ཟད་སྔར་གྱི་ནཱ་ལེནདཱའི་མཁན་པ་ཚོས་གནང་བ་ལྟར་གཏན་ཚིགས་རིགས་པར་དཔྱད་གནད་ཡིན་པར་ལམ་སྟོན་མཛད་འདུག སངས་རྒྱས་ཞལ་བཞུགས་སྐབས་ནས་བཟུང་དུས་ད་ལྟ་བར་འཛམ་གླིང་འདི་འགྱུར་བ་ཕྱིན་ཡོད་པ་དེ་ནི་ཆོས་ཉིད་ཅིག་ཡིན་པ་དང་། དེང་དུས་ཀྱི་ཚན་རིག་བརྒྱུད་དེ་མགོ་རྙོག་ཆེ་བའི་རང་བྱུང་ཁམས་ཀྱི་གནས་ལུགས་དང་འབྲེལ་བའི་ཤེས་བྱའི་གོ་རྟོགས་འཕེལ་རྒྱས་སུ་ཕྱིན་པའི་ཐོག་ལ་ནང་པའི་ཚན་རིག་ཐོག་ནས་གཏིང་ཟབ་ཀྱི་གྲུབ་འབྲས་སོན་ཐུབ་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེང་གི་ཚན་རིག་དང་ནང་པའི་ཚན་རིག་གཉིས་ཀྱི་ཐུན་མིན་ཐོག་ནས་ཕྱི་ནང་གི་གནས་ལུགས་ལ་དཔྱད་ཐབས་ཟུང་འབྲེལ་དུ་སྤྱོད་ཚེ་ང་ཚོའི་ཕྱིའི་གཟུགས་པོ་དང་ནང་སེམས་རྒྱུད། དེ་བཞིན་སྤྱི་ཚོགས་ཀྱི་བདེ་ཐབས་ལ་ཞབས་འདེགས་རླབས་ཆེན་ཞུ་ཐུབ་པའི་ཐུགས་རེ་ཡོད་པ་བཀའ་བསྩལ་ཡོད་པ་རེད།༸གོང་ས་མཆོག་གིས་གསུང་འཕྲིན་གྱི་མཇུག་དེར་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱིས་གསུང་དེ་དག་རྒྱུན་འཛིན་བྱེད་ཀྱི་ཡོད་ཀྱང་སངས་རྒྱས་ཀྱི་གསུང་དེ་རྣམས་འགྲོ་བ་མི་རྣམས་ཕན་ཚུན་ལྟོས་གྲུབ་དང་འབྲེལ་ཡོད་པ་ཞིག་ཆགས་ཡོད་པར་བཀའ་བསྩལ་བ་དང་སྦྲགས། ང་ཚོར་ཉེ་བར་མཁོ་བ་ནི་ཆོས་ལུགས་ཕན་ཚུལ་མཐུན་སྒྲིལ་གྱི་གོ་རྟོགས་སྤེལ་རྒྱུ་དང་ཆོས་ལུགས་ཚང་མའི་རྩ་བའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་ནི་འགྲོ་བ་མིའི་སེམས་རྒྱུད་ལ་བདེ་སྐྱིད་བསྐྲུན་ཐབས་དེ་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་ཐོག་དུས་ཀྱི་ཆེས་གཉན་འཕྲང་ཆེ་བའི་རྐྱེན་གྱིས་གདོང་ལེན་གནང་དགོས་པ་དང་། ལྷག་དོན་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་བརྟེན་ནས་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་ལྟར་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་མཛད་འདུག དེར་བསྟུན་ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་དགོས་པ་མ་ཟད། འགྲོ་བ་མི་གཅིག་གྱུར་ཡིན་པའི་གཞི་རྩ་དེ་ལ་བརྟེན་ནས་བྱམས་བརྩེ་ལྡན་པའི་སྒོ་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་དང་དེ་ལྟར་བྱེད་ཚེ་གོ་ལ་ཧྲིལ་པོར་སྔོན་ཆད་མ་བྱུང་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་འཐོན་ངེས་ཡིན་པར་ལམ་སྟོན་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ནད་ཡམས་དང་འབྲེལ་བའི་གསུང་འཕྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནང་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་གོ་ལ་ཧྲིལ་པོར་ཁྱབ་གདལ་ཆེས་ཆེར་འགྲོ་མུས་ཁྲོད་འདིར་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པར་སྟོན་གྱི་ཡོད་ཅེས་ལམ་སྟོན་བཀའ་བསྩལ་འདུག དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༡ ཉིན་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་དེའི་ནང་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང། དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས་རྒྱལ་སྤྱིའི་གཞུང་ཁག་དཀའ་ངལ་ཤིན་ཏུ་ཆེན་པོའི་ནང་ལྷུང་བ་ཙམ་དུ་མ་ཟད། འགྲོ་བ་མི་ཧ་ཅང་མང་པོ་ཞིག་གི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་ཐེབས་བཞིན་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་དུས་སྐབས་འདི་འདྲར་ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་རྒྱུ་དང་། འགྲོ་བ་མི་གཅིག་གྱུར་ཡིན་པའི་གཞི་རྩ་དེ་ལ་བརྟེན་ནས་བྱམས་བརྩེ་ལྡན་པའི་སྒོ་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས་ཞེས་ལམ་སྟོན་བསྩལ་བ་དང་། ཆབས་ཅིག་ཏུ་དེང་སྐབས་རང་རེས་འཇིགས་སྣང་དང་རེ་བ། ངེས་གཏན་མེད་པའི་ཚོར་བ་གཅིག་མཚུངས་སུ་མྱོང་བཞིན་ཡོད་མོད། འོན་ཀྱང་བདེ་སྐྱིད་འདོད་པའི་འདུན་པས་རང་རེ་ཀུན་གཅིག་ཏུ་བསྒྲིལ་ནས་གནས་ཡོད་པ་རེད། དེ་དེ་བཞིན་རང་རེ་འགྲོ་བ་མི་ལ་རྒྱུ་མཚན་ལ་བསམ་བློ་གཏོང་བའི་རྣམ་དཔྱོད་དང་དངོས་ཡོད་གནས་ཚུལ་མཐོང་བའི་ནུས་པ་ཡོད་པ་དེས་རྐྱེན་ངན་གྲོགས་ལ་བསྒྱུར་བའི་གོ་སྐབས་བསྐྲུན་གྱི་ཡོད་ཅེས་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ཐེངས་འདིའི་ནད་ཡམས་ཀྱི་འཇིགས་པ་དང་དེའི་མཇུག་འབྲས་ཀྱིས་དཀའ་ངལ་ཆེན་པོ་ཅི་འདྲ་ཞིག་དང་འཕྲད་ནའང་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པར་སྟོན་གྱི་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་གཅིག་སྒྲིལ་ལ་དོ་སྣང་དགོས་པའི་རེ་སྨོན་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་གནང་མཛད་འདུག གསུང་འཕྲིན་འདི་ The Call to Unite ཞེས་པའི་ཆིག་སྒྲིལ་ལ་འབོད་སྐུལ་གྱི་ཚོགས་པ་ཞིག་གིས་གསོལ་འདེབས་ཞུས་དོན་ལྟར་བཀའ་བསྩལ་བ་ཞིག་ཡིན་པ་རེད། ༸སྐུ་པར་རྣམས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཉིན་མོར་སྩལ་བའི་གསུང་འཕྲིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གོ་ལའི་ཉིན་མོ་ཐེངས་ལྔ་བཅུ་པའི་དུས་སྟོན་ཐོག་ང་ཚོ་འཛམ་གླིང་ཁྱོན་དུ་གནས་པའི་ནང་བཅུད་ཀྱི་སེམས་ཅན་ཚོས་གོ་ལ་ཧྲིལ་པོ་འདི་བདེ་སྐྱིད་དང་ཆེས་འཕྲོད་བསྟེན་ལེགས་པ་ཞིག་བསྐྲུན་ཐུབ་པའི་ཐུགས་རེ་ཡོད་པ་སོགས་ལམ་སྟོན་བཀའ་བསྩལ་འདུག དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་དེའི་ནང་འཛམ་གླིང་གི་ཉིན་མོ་སྲུང་བརྩིའི་ལོ་ངོ་ལྔ་བཅུ་འཁོར་བའི་སྐབས་འདིར་གོ་ལ་འདིར་སྐྱེ་འགྲོ་སྤྱིའི་ཚེ་སྲོག་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་འདིར་གདོང་ལེན་བྱེད་པའི་སྐབས་སུ་གཞན་ཕན་གྱི་བྱམས་བརྩེ་དང་ཕན་ཚུན་དཔུང་གྲོགས་ཀྱི་རིན་ཐང་ཡང་གོང་མཐོར་འདེགས་བཞིན་ཡོད། གོ་ལ་སྤྱི་ལ་ཁྱབ་པའི་ནད་ཡམས་འདིས་རིགས་རུས་དང་རིག་གཞུང་། ཕོ་མོ་སོགས་གང་ལའང་བྱེ་བྲག་མེད་པར་ཀུན་ལ་སྡིགས་བཞིན་ཡོད་སྟབས། ང་ཚོའི་གདོང་ལེན་གྱི་ནུས་པ་ཡང་གཅིག་ཏུ་བསྒྲིལ་ཏེ་རང་གཞན་ཀུན་གྱི་མཁོ་དགུའི་རེ་བ་བསྐོང་རྒྱུ་གལ་ཆེ་ཞེས་བཀའ་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་སྤྱིར་སོ་སོར་འདོད་པ་ཡོད་མིན་ལ་མ་ལྟོས་པར་ང་ཚོ་ཚང་མ་འཛམ་གླིང་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་དུ་སྐྱེས་ནས་ཡོད་པ་གཅིག་གྱུར་ཡིན། དབུལ་ཕྱུག་གང་ཡིན་དང་། ཡང་སློབ་སྦྱོང་ཡོད་མེད་གང་ཡིན་ཀྱང་རུང་། དེ་བཞིན་རྒྱལ་ཁབ་གང་གི་ཁོངས་སུ་གཏོགས་ཀྱང་རུང་། མཐར་ཐུག་ན་རང་གཞན་ཀུན་འགྲོ་བ་མིའི་རིགས་སུ་གཏོགས་པ་གཅིག་མཚུངས་ཡིན། བདེ་བ་འཚོལ་བ་དང་སྡུག་བསྔལ་སྤོང་བའི་ཐོབ་ཐང་ཡོད་པ་ཡང་མཚུངས་པ་ཡིན་སྟབས། ཚུལ་དེ་ལྟ་བུའི་སྒོ་ནས་འགྲོ་བ་སེམས་ཅན་ཀུན་ལ་མཉམ་པར་བལྟ་ཐུབ་ན་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སེམས་ཁུར་དང་གཞན་ལ་ཉེ་བའི་བསམ་པ་སྐྱེ་ཐུབ། དེ་ནས་འཇིག་རྟེན་སྤྱི་ལ་ཁྱབ་པའི་སེམས་ཁུར་བཅོས་མིན་ཞིག་སྟེ། གཞན་དཀའ་ངལ་ལས་གྲོལ་ཆེད་དུ་བརྩོན་པའི་བརྩོན་འགྲུས་དེ་ཡང་ཡོང་ངེས་ཡིན། རང་གཞན་ཀུན་གྱི་འཚོ་རྟེན་དུ་གྱུར་པའི་འཛམ་བུ་གླིང་འདི་ལས་འཇིག་རྟེན་སྤྱི་ཁྱབ་ཀྱི་སེམས་ཁུར་གྱི་སློབ་སྦྱོང་ཞིག་ཀྱང་ལེན་རྒྱུ་ཡོད། དེ་དེ་བཞིན་འཛམ་གླིང་འདི་རང་གཞན་ཐུན་མོང་གི་སྣོད་ཀྱི་འཇིག་རྟེན་ནམ་ཡང་ན་གནས་ཁང་ལྟར་གྱུར་ཡོད། འདིའི་སྐྱེ་འཇིག་ནི་རང་རེའི་ཚེ་སྲོག་དང་། འདིའི་མ་འོངས་པ་ཡང་རང་རེའི་མ་འོངས་པ་ཡིན། གོ་ལ་འདི་ཉིད་རང་གཞན་ཀུན་ལ་མ་ལྟར་གྱུར་ནས་ཡོད་པས། མ་ལས་སྐྱེས་པའི་བུ་ཕྲུག་བཞིན་རང་རེ་ཀུན་གོ་ལ་འདི་ཉིད་ལ་ལྟོས་ནས་འཚོ་དགོས། དེར་བརྟེན་གོ་ལ་སྤྱི་ལ་འཕྲད་པའི་དཀའ་ངལ་སེལ་ཐབས་སུ་རང་གཞན་ཀུན་ནས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཞེས་ལམ་སྟོན་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་དུང་ངོས་རང་ལ་མཚོན་ན་ཡང་བོད་ནས་བཙན་བྱོལ་དུ་སླེབས་པ་ནས་བཟུང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དོ་སྣང་གསར་པ་སླེབས་པ་མ་གཏོགས་༡༩༥༩གོང་དུ་རང་བྱུང་འཁོར་ཡུག་ཡིན་ཕྱིན་གཙང་མར་བརྩི་བཞིན་ཡོད། དེ་དུས་རྒྱུགས་ཆུ་ཞིག་མཐོང་དུས་བཏུང་དུ་རུང་མི་རུང་གི་ཐེ་ཚོམ་ཙམ་ཡང་བྱེད་ཀྱི་མེད། འོན་ཀྱང་བློ་ཕམ་པ་ཞིག་ལ་ད་ལྟའི་ཆར་འཐུང་ཆུ་གཙང་མར་ལོངས་སྤྱོད་རྒྱུ་དེ་ཡང་འཛམ་གླིང་གང་སར་དཀའ་ངལ་ཆེ་ཁག་ཞིག་ཏུ་གྱུར་ཡོད། གཉན་རིམས་རྣམས་ཁྱབ་གདལ་མི་འགྲོ་བའི་ཆེད་འཛམ་གླིང་ས་ཕྱོགས་གང་སར་འཐུང་ཆུ་གཙང་མ་དང་། དེ་བཞིན་གཙང་འཕྱིའི་ཆ་རྐྱེན་སོགས་ནད་པ་དང་ལྷག་བསམ་ཅན་གྱི་འཕྲོད་བསྟེན་གྱི་སྡེ་ཚན་དུ་གཏོགས་མི་རྣམས་ལ་གཞི་རྩའི་མཐུན་རྐྱེན་ངེས་པར་འབུལ་ཐུབ་པ་བྱ་རྒྱུར་འབད་དགོས། སྔོན་འགོག་གི་གཙང་སྦྲ་བྱེད་རྒྱུ་ནི་འཕྲོད་བསྟེན་གྱི་རྨང་གཞིའི་ཚན་པ་གཅིག་ཡིན་པར་བཀའ་བསྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཡང་འཕྲུལ་ཆས་ཀྱི་ཆ་རྐྱེན་ཡོངས་སུ་རྫོགས་པའི་སྨན་ཁང་གི་མཐུན་རྐྱེན་ཀུན་གྱིས་ཐུན་མོང་དུ་ལོངས་སྤྱོད་རྒྱུར་དཀའ་ཚེགས་མེད་པ་ཞིག་རྒྱུན་ཆགས་པར་བྱུང་ན། ད་ལྟ་འཛམ་བུ་གླིང་གཉན་འཕྲང་ཅན་དུ་གྱུར་པའི་སྐབས་འདིར་དཀའ་ངལ་ལས་གྲོལ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན། འདི་ལྟར་བྱུང་ན་མ་འོངས་པར་ཡང་འཛམ་གླིང་འདིར་འབྱུང་འགྱུར་འཕྲོད་བསྟེན་གྱི་དཀའ་ངལ་ལ་གདོང་ལེན་སྲུང་སྐྱོབ་མཆོག་ཏུ་གྱུར་པ་ཡོང་ངེས་ཡིན། འདི་ཉིད་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་འདིའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་འཆར་གཞིར་བཀོད་པ་དེ་ཡང་ཡིན། ད་ལྟ་འཕྲད་བཞིན་པའི་ཆེས་བཟོད་པར་དཀའ་བའི་དཀའ་ཚེགས་འདིར་གདོང་ལེན་བྱེད་སྐབས་གཅིག་གྱུར་གྱི་འདུ་ཤེས་དང་། མཐུན་སྒྲིལ་གྱི་སྒོ་ནས་སྐབས་བབ་གང་ལ་གང་དགོས་དང་། ལྷག་པར་ཉམ་ཐག་པའི་མཆེད་གྲོགས་ཕོ་མོ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པ་དེ་ཚོར་མཐུན་རྐྱེན་སྦྱོར་དགོས། མགོན་པོ་མཆོག་ནས་ཀྱང་འབྱུང་འགྱུར་གྱི་དུས་དེར་རང་གཞན་ཀུན་གྱིས་འཛམ་གླིང་འདི་ཉིད་ཞི་བདེ་ཅན་དང་། འདི་ཉིད་ལས་ཆེས་འཕྲོད་བསྟེན་ལེགས་པ་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་ཅི་ནུས་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད་ཅེས་བཀའ་བསྩལ་མཛད་འདུག

༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ Moon Jae-In མཆོག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་སྐུ་ཞབས་ Moon Jae-In མཆོག་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་བསྩལ་འདུགམགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་སྲིད་འཛིན་མཆོག་ལ་སྐུ་ཉིད་མཆོག་གིས་ཀོ་རི་ཡ་གླིང་ཕྲན་ནང་ཞི་བདེ་བརྟན་ལྷིང་ཡོང་བར་མུ་མཐུད་ཐུགས་བསྩོན་གནང་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་པ་དང་སྦྲགས། སྐུ་ཉིད་མཆོག་གིས་ཀོ་རི་ཡའི་མི་མང་གི་མངོན་འདོད་ཁག་བསྒྲུབ་ཕྱིར་ངལ་བ་ཁྱད་གསོད་གནང་བར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་ཟླ་ཤས་གོང་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་ཡོད་སྟབས་འཛམ་གླིང་ཡོངས་ལ་སྔར་མ་གྲགས་པའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་དེ་ལྟར་ཡང་། སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་ཀོ་རི་ཡའི་ནང་ནད་རིམས་སྔོན་འགོག་ལས་གཞི་མིག་དཔེ་འོས་པ་ཞིག་སྤེལ་དང་སྤེལ་མུས་ལ་དགའ་བསུའི་འཚམས་འདྲི་མཛད་འདུག དེ་བཞིན་མགོན་པོ་༧གང་ཉིད་མཆོག་གིས་ངེད་ཅག་བོད་མི་ཚོར་ཆ་མཚོན་ན་ཀོ་རི་ཡའི་ངོ་ཤེས་པ་གྲོགས་པོ་མང་པོ་ཡོད་པ་དང་། ལྷག་དོན་ཀོ་རི་ཡར་སྲོལ་རྒྱུན་གྱི་ནང་པའང་མང་པོ་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ནས་བཟུང་ཀོ་རི་ཡའི་ནང་པའི་ཁྲོད་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་ནང་ཆོས་སློབ་གཉེར་ཁང་ཁག་ཏུ་སློབ་གཉེར་གནང་སྟེ་བཞུགས་མཁན་ཇེ་མང་དུ་འགྲོ་གི་ཡོད་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་རྒྱ་གར་ནང་གནས་མཇལ་དུ་ཕེབས་མཁན་ཀོ་རི་ཡའི་ནང་པའི་གྲོགས་ཕོ་མོ་ཚོ་དང་འཆར་ཅན་ལྟར་མཇལ་མོལ་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་འདུག དགའ་བསུའི་འཚམས་འཕྲིན་དེའི་མཚམས་སུ་མགོན་པོ་མཆོག་གིས་སྲིད་འཛིན་གསར་པ་སྐུ་ཞབས་ Moon Jae-In མཆོག་གི་མ་འོངས་བྱ་གཞག་མཐའ་དག་ཀོ་རི་ཡའི་མང་ཚོགས་ཀྱི་མངོན་འདོད་ལྟར་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག

༸གོང་ས་མཆོག་གིས་རིམས་ནད་ཞི་བར་སྨོན་ལམ་ཁོ་ནས་འདང་གི་མེད་པར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་སུ་ COVID-19 ཞེས་པའི་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་ང་ཚོས་བྱམས་བརྩེ་ཀུན་ནས་བླངས་བའི་ཐོག་རིམས་ནད་དེར་གདོང་ལེན་བྱེད་དགོས་པ་མ་གཏོགས་ནད་དེ་ཞི་བར་སྨོན་ལམ་ཁོ་ནས་འདང་གི་མེད་པར་བཀའ་བསྩལ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ TIME དུས་དེབ་ཐོག་དཔྱད་གཏམ་ཞིག་སྤེལ་བའི་ནང་ནང་པའི་ལྟ་སྤྱོད་ལ་ཆ་བཞག་པ་ཡིན་ན་འཛམ་གླིང་འདིའི་སྐྱེ་འགྲོ་ཚང་མས་གཅིག་གྱུར་གྱི་སྐྱེ་རྒ་ན་འཆི་བརྒྱུད་དགོས་པ་ཡིན་ནའང་། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཀླད་པ་བེད་སྤྱོད་བརྒྱུད་རང་གི་ཁོང་ཁྲོ་དང་འཇིགས་དངངས། དེ་བཞིན་འདོད་རྔམ་སོགས་དབང་བསྒྱུར་བྱེད་རྒྱུའི་ནུས་པ་ཡོད་པ་དང་། གལ་ཏེ་དཀའ་ངལ་གང་ཞིག་བཅོས་སུ་ཡོད་ན་ནི་དེར་ངང་གིས་འཇུག་དགོས་པ་ལས་དཀའ་ངལ་གང་ཞིག་སེལ་བའི་ལམ་ཁ་མེད་པ་ཡིན་ན་དེར་སེམས་ཁྲེལ་གྱིས་ཆུ་ཚོད་འཕྲོད་བརླག་གཏོང་དོན་མེད་པ་རེད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་ནང་པ་རྣམས་ཀྱིས་འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་འབྱུང་ཡིན་པར་ཡིད་ཆེས་གནང་གི་ཡོད་པ་དང་མགོན་པོ་༸གང་ཉིད་ཀྱིས་དུས་རྒྱུན་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་འགན་འཁྲིའི་སྐོར་ལ་བཀའ་གནང་གི་ཡོད་པའི་སྙིང་པོ་ཡང་དེ་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། ཐེངས་འདིའི་རིམས་ནད་བརྒྱུད་འཛམ་གླིང་འདིའི་ནང་གི་མི་སུ་འདྲ་ཞིག་ལ་གང་བྱུང་བ་དེས་གཞན་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ར་སྤྲོད་གསལ་པོ་བྱུང་བ་དེ་ལྟར་ཡང་། ཕྱོགས་གཞན་ཞིག་ནས་ནད་ཡམས་དེའི་ཁྲོད་དུ་བྱམས་བརྩེའི་ཀུན་ནས་བླངས་པའི་ལས་དོན་ཏེ་སྨན་ཁང་ནས་ཕྱག་ལས་གནང་བའམ་ཡང་ན་ཕན་ཚུན་འབྲེལ་འདྲིས་ཉུང་དུ་གཏོང་བ་སོགས་ལས་དོན་སྤྱི་ཅི་ཞིག་སྤེལ་ཡང་དེས་མི་མང་པོར་ཕན་ཐོགས་བསྒྲུབ་ཐུབ་ཀྱི་ཡོད་པ་གསལ་པོ་ཡིན་སྐོར་བཀའ་ལམ་སྟོན་མཛད་འདུག ཕྱོགས་མཚུངས་ཝུ་ཧན་ནས་རིམས་ནད་ཁྱབ་བརྡལ་ཕྱིན་པ་ནས་བཟུང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གི་ནང་གི་གཅེན་གཅུང་རྣམས་ཀྱིས་གཙོས་པའི་འཛམ་གླིང་ནང་གི་འགྲོ་བ་སྤྱི་ཡོངས་ཀྱི་བདེ་རྩའི་ཆེད་དུ་ཞལ་འདོན་གསོག་སྒྲུབ་གནང་གི་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག རིམས་ནད་འདིས་སུ་གང་ལ་ཡང་གུ་ཡངས་བྱེད་མི་སྲིད་པས་ད་ཆ་མི་མང་པོ་ཞིག་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་མི་སྒེར་གྱི་ཁྱིམ་དང་མ་འོངས་པའི་གནས་བབ་སོགས་ལ་སེམས་ཁྲལ་བྱེད་ཀྱི་ཡོད་ཀྱང་རིམས་ནད་ལས་ཐར་ཐབས་སུ་སྨོན་ལམ་རྒྱག་པ་ཁོ་ནས་འདང་གི་མེད་པར་ལམ་སྟོན་བསྩལ་འདུགད་ཆ་སྨན་པ་དང་སྨན་ཞབས་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ང་ཚོ་ནད་ཡམས་ལས་སྐྱོབ་ཆེད་ཕྱག་ལས་རྒྱ་ཆེར་གནང་བཞིན་པའི་དུས་སྐབས་འདིར་ང་ཚོས་ཀྱང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་འགན་མཉམ་འཁུར་གནང་དགོས་པར་སྐུལ་མ་གནང་བ་དང་སྦྲགས། མཁའ་དབྱིངས་ནས་ང་ཚོའི་གོ་ལ་འདིར་པར་བླངས་པར་བལྟས་པ་ཡིན་ན་ང་ཚོའི་འཛམ་གླིང་འདིར་ས་མཚམས་མེད་པ་གསལ་སྟོན་བྱས་ཡོད་ལུགས་བཀའ་འགྲེལ་གྱིས་ང་ཚོས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་སྟེ་ཐུན་མོང་གི་འཛམ་གླིང་འདིའི་གནམ་གཤིས་འགྱུར་ལྡོག་དང་གོད་ཆག་ཡོངས་ལ་སྔོན་འགོག་གནང་དགོས། ད་ཐེངས་ཀྱི་ནད་ཡམས་འདི་ནི་ང་ཚོས་གོ་ལ་འདིར་མཉམ་རུབ་བྱས་ན་མ་གཏོགས་ཁ་གཏད་གཅོག་མི་ཐུབ་པའི་ཉེན་བརྡ་ལྟ་བུ་ཞིག་རེད་ཅེས་བཀའ་བསྩལ་མཛད་ཡོད། མགོན་པོ་མཆོག་གིས་ང་ཚོ་འགྲོ་བ་མི་ཚང་མ་སྡུག་བསྔལ་ལས་གྲོལ་ཐབས་མེད་པར་ལུང་འདྲེན་གྱིས་དཀའ་སྡུག་གི་དུས་སྐབས་འདིར་ནང་མེད་པ་དང་འཚོ་བའི་མཐུན་རྐྱེན་ཞན་པ་རྣམས་ལ་རོགས་འདེགས་བྱས་ནས་ཁོང་ཅག་སྲུང་སྐྱོབ་བྱེད་དགོས་པ་དང་ནད་ཡམས་འདིས་ང་ཚོ་རང་སར་འཚོ་བའི་གནས་སྐབས་སུ་ཡང་། མི་ཚང་མ་གཞི་གཅིག་ཏུ་འབྲེལ་ནས་ཡོད་པ་གསལ་སྟོན་བྱས་ཡོད་པར་བརྟེན་མང་ཚོགས་ཀྱིས་འགན་མཉམ་བཞེས་ཀྱིས་གཞན་ལ་བྱམས་བརྩེ་ལྡན་པའི་རོགས་འདེགས་བྱེད་དགོས་ཞེས་བཀའ་བསྩལ་ཕེབས་ཡོད་པ་རེད། ༸གོང་ས་མཆོག་གིས་དཔྱད་གཏམ་དེའི་མཐའ་མཇུག་ཏུ་༧གང་ཉིད་མཆོག་ནང་པ་ཞིག་ཡིན་པར་བརྟེན་འཇིག་རྟེན་གྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་པའི་ལྟ་གྲུབ་དེར་དགོངསབཞེས་གནང་མཁན་ཞིག་ཡིན་པར་བཀའ་བསྩལ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོ་དེའི་ཁྲོད་དམག་འཁྲུག་དང་ཉེན་ཚབན་ཆེ་བའི་གནད་དོན་མང་པོ་གཟིགས་མྱོང་ཡོད་པ་བཞིན་ནམ་ཞིག་ནད་ཡམས་འདི་ཡང་ཞི་བར་འགྱུར་ངེས་ཡིན་པ་དང་། ང་ཚོས་སྔོན་ཆད་འཛམ་གླིང་འདིའི་སྤྱི་ཚོགས་ཧྲིལ་པོ་རྡོག་གཅིག་ཏུ་སྒྲིལ་མྱོང་བ་ལྟར་ད་ཆ་སླར་ཡང་ནུས་པ་གཅིག་ཏུ་སྤུངས་རྒྱུའི་གོ་སྐབས་ཡོད་སྐོར་བཀའ་གནང་བ་མ་ཟད་༸གང་ཉིད་མཆོག་ནས་ད་ཆ་མང་ཚོགས་ཡོད་དོ་ཅོག་གནས་སྐབས་སུ་བདེ་འཇགས་ཀྱི་ངང་ནས་རང་སོར་གནས་རྒྱུར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་དང་ངེས་གཏན་མེད་པའི་དུས་སྐབས་འདིར་ང་ཚོའི་རེ་བ་དང་སྤོབས་པ་མི་བརླག་པར་རིམས་ནད་འདིར་ཁ་གཏད་གཅོག་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་འདུག

ཡོ་རོབ་མཐུན་ཚོགས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལངས་ཕྱོགས་ལ་ནན་བརྗོད་གནང་བ།

ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ལ་གུས་བརྩི་ཞུ་དགོས་པ་དང་༸སྐུའི་ཡང་སྲིད་དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་གཞི་བཞག་ཐོག་ངོས་འཛིན་ཞུ་དགོས་ཞེས་ནན་བརྗོད་གནང་འདུགཡོ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཉེ་སྔོན་ཡོ་རོབ་གྲོས་ཚོགས་བརྒྱུད་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་དང་ཕྱི་འབྲེལ་གཙོ་འཛིན་དང་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Joesp Borrell མཆོག་ལ་ཡིག་ཐོག་ནས་དྲི་བ་ཞིག་ཕུལ་འདུག་པ་དང་དེའི་ནང་གཙོ་བོ་ཡོ་རོབ་གྲོས་ཚོགས་འཐུས་མི་ཁག་ནས་ཉེ་ཆར་རྒྱ་ནག་གཞུང་གིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་དེར་རྡོག་རོལ་བཏང་བ་མ་ཟད། ལྷག་དོན་༸གོང་ས་ཏཱ་ལའི་བླ་མའི་མ་འོངས་པར་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ལའང་ཐེ་བྱུས་བྱ་རྒྱུ་ཡིན་པ་གསལ་པོ་ཡིན་པ་སོགས་ལུང་འདྲེན་གྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་༸གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་གནད་དོན་ཐོག་ལངས་ཕྱོགས་གང་འདྲ་ཞིག་འཛིན་བཞིན་ཡོད་ཅེས་འདྲི་རྩད་ཞུས་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༣  ཉིན་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Joesp Borrell མཆོག་གིས་ཉེ་སྔོན་གྲོས་ཚོགས་འཐུས་མི་རྣམ་པའི་དྲི་བར་ཡིག་ཐོག་ནས་ལན་འདེབས་གནང་བར་ཁོང་གིས་ཡོ་རོབ་འཐུན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གཞུང་ལ་གྲངས་ཉུང་མི་རིགས་ཁག་དང་ལྷག་དོན་བོད་དང་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཐུགས་འཚབ་གནང་གི་ཡོད་པ་མ་ཟད་གྲངས་ཉུང་མི་རིགས་ཁག་དང་བོད་དང་ཡུ་གུར་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་བཀུར་ཞུ་དགོས་པའི་སྐུལ་འདེད་གནང་བཞིན་ཡོད་པ་དང་ཆབས་ཅིག ཡོ་རོབ་མཐུན་ཚོགས་ནས་དེ་ལྟ་བུའི་ལངས་ཕྱོགས་གཞི་བཞག་ཐོག་ད་བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལྷན་ཚོགས། དེ་མིན་རྒྱ་ནག་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་མོལ་བཅས་ཁག་སོ་སོར་ལའང་ཡོངས་གྲགས་ཐོག་གླེང་སློང་གནང་བཞིན་ཡོད་ཅེས་གསུངས་འདུགསྐུ་ཞབས་ Joesp Borrell མཆོག་གིས་ད་དུང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ཐོག་སྔ་ལོའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མོལ་སྒྲོམ་གཞི་འོག་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་གནད་དོན་སྐོར་གླེང་སློང་བྱས་ཡོད་པ་དང་མ་འོངས་པ་ཡང་མུ་མཐུད་ནས་དེ་ལྟར་གླེང་སློང་གནང་རྒྱུ་ཡིན་པ་མ་ཟད་རྒྱ་ནག་གཞུང་གི་ངོས་ནས་མ་འོངས་པའི་༸སྐུའི་ཡང་སྲིད་ལ་གུས་བརྩི་ཞུ་དགོས་པ་དང་ཡང་སྲིད་དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་གཞི་བཞག་ངོས་འཛིན་ཞུ་དགོས་ཞེས་ནན་བརྗོད་གནང་འདུག སྤྱིར་ཐེངས་འདིའི་ཡུ་རོབ་ལྷན་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་གནད་དོན་སྐོར་ལ་འདྲི་རྩད་གནང་བ་དེ་གཙོ་བོ་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ Petras Auštrevičius མཆོག་དང་། Aušra Maldeikienė མཆོག Hannes Heide མཆོག དེ་བཞིན་ Francisco Guerreiro མཆོག Petra De Sutter མཆོག་བཅས་ནས་གནད་དོན་དེ་འབྲེལ་སྙན་སེང་ཞུས་ཡོད་པ་རེད། གཞི་རྩའི་ཉེ་བའི་ལོ་ཤས་ནང་དུ་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱ་རྒྱུ་རྒྱལ་སྤྱིའི་ཐོག་ཡོངས་གྲགས་བྱས་པ་ནས་བཟུང་ཉེ་ཆར་ཨ་རི་དང་ནི་ཐར་ལན་ཌི་དང་། དེ་བཞཱིན་བྷེལ་འཇམ་བཅས་ནས་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་གནད་དོན་དང་འབྲེལ་བའི་ནང་བླ་སྤྲུལ་ཡང་སྲིད་གནད་དོན་དེ་ནི་བོད་མིའི་གཞི་རྩའི་ཆོས་དད་རང་དབང་དང་འབྲེལ་བ་ཡོད་སྟབས་བོད་མི་ཁོ་ནར་དེ་འབྲེལ་ཐོག་ཇི་ལྟར་གནང་རྒྱུའི་རང་དབང་ཡོད་པ་ལས་རྒྱ་ནག་གཞུང་ལ་དེ་ལྟར་མེད་ཅེས་བརྗོད་ཡོད་པ་རེད།

Latest news