Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བོད་དོན་རྐང་འཁོར་སྐོར་སྐྱོད་མཇུག་སྒྲིལ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་འཇར་འཁོད་བོད་རིགས་ཚོགས་པའི་ངོས་ནས་འཇར་མི་ནི་གཞུང་མང་གཉིས་ཀྱིས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ར་སྤྲོད་དང་རྒྱ་གཞུང་གིས་གདོང་རིས་དང་བྱ་སྤྱོད་ངོ་མ་ཐེར་འདོན་གནང་རྒྱུ་དང་འབྲེལ་དགོས་འདུན་དོན་ཚན་དྲུག་ཆེད་འདོན་ཐོག་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་མཁན་ལས་འགུལ་བ་རྣམས་ཁ་སང་ཟླ་ ༧ ཚེས་ ༦ ༸རྒྱལ་བའི་འཁྲུངས་སྐར་ཉིན་འཇར་མ་ནི་རྒྱལ་ས་ Berlin དུ་བདེ་འབྱོར་བྱུང་སྟེ་ཁུལ་དེའི་སྲིད་བློན་ལས་ཁུངས་ཀྱི་མདུན་དུ་བོད་དོན་ལས་འགུལ་བ་གཙོ་བོར་གྱུར་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་འབྲེལ། ཐེངས་འདིའི་བོད་དོན་རྐོང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུག སྤྱིར་བོད་དོན་རྐང་འཁོར་སྐོར་སྐྱོད་བ་རྣམས་ནས་ད་ལན་འཇར་མན་གཞུང་མང་གཉིས་ལ་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལམ་སྲོལ་དང་དེ་བཞིན་བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པའི་གྲོས་ཆོད་ཅིག་འཇར་མན་གྲོས་ཚོགས་ནང་གཏན་འབེབས་གནང་དགོས་པ་དང་། རྒྱ་ནག་གཞུང་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸སྐུ་དངོས་གང་དུ་བཞུགས་ཡོད་མེད་ཡོངས་ཁྱབ་ཞུ་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། འཇར་མན་གྲོས་ཚོགས་ནས་རྒྱ་ནག་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ། གཉིས་སྨན་དབུ་མའི་ལམ་གྱི་ཐོག་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་བར་རྒྱ་ནག་གཞུང་ལ་ཤུགས་གནོན་སྤྲོད་དགོས་པ། རྒྱ་གཞུང་གིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་མ་གཏང་ཚེ་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཡོངས་ལ་གོད་ཆག་ཕོག་པའི་རྒྱུ་རྐྱེན་རྒྱ་ནག་ཡིན་པ་ར་སྤྲོད་གནང་དགོས་པ་བཅས་ཆེད་བཀོད་གནང་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་སྐྱོད་དེ་ཟླ་ ༦ ཚེས་ ༢༩ ནས་ཁ་སང་བར་ཁྱོན་ཉིན་གྲངས་ ༨ ཀྱི་རིང་ཁུལ་དེའི་མངའ་སྡེ་ཆེ་ཁག་བཞི་དང་གྲོང་ཁྱེར་ཆེ་ཁག་གསུམ། དེ་བཞིན་གྲོང་རྡལ་ཁག་ ༢༥ ལྷག་དང་གྲོང་སྡེ་ལས་ཁུངས། འཇར་མན་གྱི་སྲིད་བློན་གཙོས་གནད་ཡོད་མི་སྣ་དང་བློན་ཆེན་ལས་ཁུངས། གྲོས་ཚོགས་ཚོགས་གཙོ་གཙོས་འཐུས་མི་རྣམས་ལ་གོང་གསལ་དགོས་འདུན་དོན་ཚན་དྲུག་ལ་རྒྱབ་སྐྱོར་གྱི་ཞུ་གཏུག་གནང་ཡོད་པ་དང་། ཁ་སང་ཕྱི་ཟླ་ ༧ ཚེས་ ༦ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་འཇར་མན་གྱི་རྒྱལ་ས་ Berlin སྲིད་བློན་ལས་ཁུངས་ཀྱི་མདུན་དུ་ལས་འགུལ་མཇུག་སྒྲིལ་དང་འདི་བཞིན་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག

༸སྐུའི་འཁྲུངས་སྐར་ཉིན་ཕྱག་རྟགས་ཡག་ཤོས་དེ་མ་ཎི་གསོག་སྒྲུབ་གནང་དགོས་སྐོར་བཀའ་བསྩལ་བ།

སང་ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་ཀྱི་ཡོད་སྟབས། དེ་རིང་༸མགོན་པོ་མཆོག་གིས་ཐེ་ཝན་མང་ཚོགས་ནས་༸སྐུའི་འཁྲུངས་སྐར་སྔ་ནུར་གྱིས་སྲུང་བརྩི་ཞུས་པའི་ལས་རིམ་ཐོག  ངོས་ཀྱི་སྐྱེས་སྐར་ལ་ཕྱག་རྟགས་ཡག་ཤོས་དེ་ནི་ཁྱེད་ཚོའི་མ་ཎི་ཏོག་ཙམ་གསོག་སྒྲུབ་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བཀའ་བསྩལ་སོང་། དེ་རིང་རྒྱ་གར་གྱི་དུས་ཚོད་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཐོག་༸གོང་ས་མཆོག་གིས་དྲྭ་ལམ་ཐད་སྲིང་བརྒྱུད་ཐེ་ཝན་རྒྱལ་ས་ཐེ་པི་ནང་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེའི་ནང་ཆོས་སློབ་གཉེར་ཁང་གིས་གོ་སྒྲིག་འོག་མང་ཚོགས་ནས་༸རྒྱལ་བའི་འཁྲུངས་སྐར་སྔ་ནུར་གྱིས་སྲུང་བརྩི་དང་བསྟུན། བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་བསྩལ་བ་དང་འབྲེལ། སྐབས་དེར་༸གོང་ས་མཆོག་གིས། ༸གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་དད་ལྡན་མང་ཚོགས་ནས་མ་ཎི་གསོག་སྒྲུབ་གནང་རྒྱུ་དང་སྒོས་མ་ཎི་བགྲང་བའི་སྐབས་བླང་དོར་ཚིག་བརྒྱད་ཀྱི་དོན་ལ་བསམ་བློ་གཏང་ཐུབ་ན་སོ་སོར་ཕན་ངེས་དང་ལྷག་པར་དུ་དེ་འབྲེལ་གྱི་དགེ་བ་དེས་༸གོང་ས་མཆོག་དགུང་གྲངས་ ༡༡༠ བཞུགས་རྒྱུར་བསྔོ་སྨོན་གནང་དགོས་ཞེས་བཀའ་བསྩལ་སོང་། དེ་བཞིན་སླད་མར་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཚེ་མགོན་པོ་༸གང་ཉིད་མཆོག་ཐེ་ཝན་དུ་ཕེབས་རྒྱུའི་རེ་བ་མཛད་ཀྱི་ཡོད་པ་དང་ད་ཆ་དངོས་སུ་༸སྐུ་དངོས་ཐོག་ཐེ་ཝན་དུ་ཕེབས་ཐུབ་ཀྱང་རུང་མ་ཐུབ་ཀྱང་རུང་ང་ཚོའི་བསམ་བློའི་ནང་སེམས་ཐག་ཉེ་པོ་བྱས་ནས་བཞུགས་ཡོད་པ་བཀའ་བསྩལ་སོང་།  སྤྱིར་ད་རེས་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་ཐད་ཀར་རྒྱང་སྲིང་གི་ལས་རིམ་དེར་མང་ཚོགས་སྟོང་ཕྲག་ནས་གསན་གཟིགས་གནང་ཡོད་པ་མ་ཟད། སྐབས་དེར་༸གང་ཉིད་མཆོག་གིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་བཀའ་བསྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་འདས་པའི་ལོ་ངོ་ ༥༠ ཙམ་ཞིག་ནས་སྤྱོད་འཇུག་གཙོ་བོ་བཟུང་ནས་བྱང་ཆུབ་སེམས་ལ་ཉིན་ལྟར་དགོངས་བཞེས་གནང་སྐོར་དང་། རྩ་བའི་བྱང་ཆུབ་སེམས་ཟེར་བ་དེ་ནི་སྣང་སྲིད་ཀྱི་སེམས་ཅན་ཐམས་ཅད་ལ་གཉེན་དུ་མངོན་པའི་ཐོག་དེ་དག་ལ་བརྩེ་བའི་སེམས་སྐྱེས་པ་དང་ཆབས་ཅིག དེར་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱས་ནས་སེམས་ལ་སྤོབས་པ་དང་ཞི་བདེ་འཕེལ་ངེས་ཡིན་པར་བཀའ་བསྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་འཛམ་བུ་གླིང་འདིའི་ནང་རྙོག་ཁྲ་བཟོ་མཁན་གཙོ་བོ་ནི་རིམ་པ་གཉིས་པའི་དབང་དུ་སོང་རྐྱེན་ཡོང་བ་ཞིག་ཡིན་པས་ངའོ་སྙམ་པའི་བློ་དེ་ཤུགས་ཆུང་དུ་བཏང་ན་སོ་སོའི་སེམས་སྐྱིད་པ་དེ་བཞིན་འཛམ་གླིང་འདིའི་སྟེང་དུ་རྙོག་ཁྲ་བཟོ་རྒྱུ་དེ་ཡང་ཉུང་དུ་འགྲོ་རྒྱུར་ཁྱད་པར་ཡོད་ཅེས་བཀའ་བསྩལ་སོང་། གཞི་རྩའི་༸རྒྱལ་བའི་འཁྲུངས་སྐར་སྔ་ནུར་སྲུང་བརྩི་དང་སྦྲགས། ཐེ་ཝན་ནང་ཁས་ས་ཡང་མང་ཚོགས་འདུ་འཛོམས་ཀྱིས་གཞས་སྣ་འཁྲབ་སྟོན་དང་མ་ཎི་གསོག་སྒྲུབ་གནང་ཡོད་པ་དང་། དེ་རིང་ཡང་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་ནུར་གྱི་དུས་ཚིགས་སུ་མང་ཚོགས་འདུ་འཛོམས་ཀྱིས་སྤྱི་ཚོགས་རྒྱང་བཀྱེད་བསྟེན་པའི་ཐོག་༸གོང་ས་མཆོག་གི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་ཞུས་ཡོད་པ་དང་། ལྷག་པར་དུ་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་ནས་ལོ་ལྟར་༸རྒྱལ་བའི་འཁྲུངས་སྐར་དང་བསྟུན་མེ་གསོད་ཚན་པར་༸གོང་ས་མཆོག་གི་མཚན་ཐོག་ཏུ་ཛ་དྲག་མྱུར་སྐྱོབ་སྣུམ་འཁོར་ཞལ་འདེབས་འབུལ་སྲོལ་ཡོད་པ་བཞིན་ད་རེས་ཡང་ཐེ་པིའི་མེ་གསོད་ཚན་པར་ཛ་དྲག་མྱུར་སྐྱོབ་ཀྱི་སྣུམ་འཁོར་ཞལ་འདེབས་གནང་སོང་།  ད་ལན་༸གོང་ས་མཆོག་གིས་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་དེ་བཞིན་བོད་དབྱིན་རྒྱ་གཙོས། ཧྥི་རན་ཅེ་དང་། ཝི་ཏི་ནམ། ཉི་ཧོང་། ཨི་ཊ་ལི་སོགས་སྐད་ཡིག་ ༡༤ ཐོག་གསུང་སྒྱུར་གནང་ཡོད།  

༸སྐུའི་འཁྲུངས་སྐར་ཉིན་མ་ཎི་ཡིག་དྲུག་སྟོང་ཚར་རེ་ལས་མ་ཉུང་བ་གསོག་དགོས་པའི་གཞེན་སྐུལ།  

ད་ལམ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་མང་ཚོགས་འདུ་འཛོམས་སོགས་བྱེད་ཆོག་གི་མེད་སྟབས་བོད་འབངས་ཡོངས་ཀྱིས་སྤྱི་མཐུན་བསོད་ནམས་གསོག་ཆེད་༸སྐུའི་འཁྲུངས་སྐར་ཉིན་མ་ཎི་ཡིག་དྲུག་སྟོང་ཚར་རེ་ལས་མ་ཉུང་བ་གསོག་གནང་ཡོང་བའི་གཞེན་སྐུལ་གནང་འདུག དེའང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་བསྐྱར་དུ་༸སྐུའི་འཁྲུངས་སྐར་དང་འབྲེལ་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་ད་ལན་ནད་ཡམས་རྐྱེན་པས་དུས་རྒྱུན་བཞིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་མཛད་སྒོ་གཟབ་རྒྱས་ཞུ་ཐབས་དཀའ་བར་བརྟེན་བོད་མིས་གཙོས་པའི་དད་ལྡན་མང་ཚོགས་ནས་རང་རང་གི་བཞུགས་ཁང་དུ་༸སྐུའི་འཁྲུངས་སྐར་སྟབས་བསྟུན་སྲུང་རྩི་ཞུ་རྒྱུ་དང་སྒོས་བསྟན་འགྲོ་སྤྱི་དང་བྱེ་བྲག་༸མགོན་པོ་གང་ཉིད་མཆོག་གི་མཛད་པར་རྗེས་སུ་འགྲོ་ལྡོག་ངེས་ཤིང་། ༸མགོན་པོ་མཆོག་སྐུ་ཚེ་མི་བཤིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བོད་འབངས་ཡོངས་ཀྱིས་སྤྱི་མཐུན་བསོད་ནམས་གསོག་ཆེད་༸སྐུའི་འཁྲུངས་སྐར་ཉིན་མ་ཎི་ཡིག་དྲུག་སྟོང་ཚར་རེ་ལས་མ་ཉུང་བ་གསོག་གནང་ཡོང་བའི་གཞེན་སྐུལ་གནང་འདུག གཞན་ཡང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་དྲྭ་ལམ་བརྒྱུད་བཀའ་ཆོས་ཁག་ཅིག་བསྐྱང་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཁག་སྤེལ་བར་གཞིགས་ན། རིང་མིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིས་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཕྱི་ཚེས་ ༥ ཉིན་ཐེ་ཝན་མང་ཚོགས་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དེ་ཉིན་སྔ་དྲོ་ཚོུད་ ༡༠༌༣༠  ནས་ ༡༡ བར་བློ་སྦྱོང་སྤྱིའི་སྐོར་བཀའ་ཆོས་བསྩལ་རྒྱུ་དང་། དེ་རྗེས་ཕྱི་ཟླ་ ༧ ཚེས་ ༡༧ ནས་ ༡༩ བཅས་ཉིན་གྲངས་གསུམ་རིང་ནཱ་ལེནནྡཱའི་ཤིཀ་ཤ་ཞེས་པའི་རྒྱ་གར་བ་ནང་པའི་ཚོགས་སྡེས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྔ་དྲོ་ཚོུད་ ༨ ནས་ ༩ བར་༸གོང་ས་མཆོག་གིས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་དང་ཚོུད་ ༩ ནས་ ༩༌༣༠ བར་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀལ་ལན་མཛད་ཀྱི་འདུགམགོན་པོ་༸གང་ཉིད་མཆོག་གིས་བོད་མིའི་གཞོན་སྐྱེས་ཁག་ཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་ ༨ ཚེས་ ༤ ནས་ ༦ བཅས་ཉིན་གྲངས་གསུམ་རིང་སྔ་དྲོ་ཚོུད་ ༨ ནས་ ༩ བར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དང་བཀའ་ཆོས་བསྩལ་གྲུབ་རྗེས་སློབ་ཕྲུག་ཚོས་བཀའ་དྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་མཛད་རྒྱུ་རེད་འདུག ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ བཅས་ཉིན་གྲངས་གསུམ་གྱི་རིང་སྔ་དྲོ་ཚོུད་ ༨ ནས་ ༩ བར་ཨེ་ཤ་ཡའི་ཚོགས་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་ཆོས་བསྩལ་གཏན་འཁེལ་འདུག་ཀྱང་། ད་ལྟའི་ཆར་བརྗོད་གཞི་གང་ཡིན་ཐུགས་གཏན་ཁེལ་མི་འདུག གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་བསྩལ་རྒྱུ་དེ་དག་བོད་དབྱིན་རྒྱ་གསུམ་གྱིས་གཙོས་པའི་སྐད་ཡིག་གཙོས་ཧིན་སྐད། ཝེ་ཏི་ནམ། ཀོ་རི་ཡ། ཉིན་ཧོང་སྐད། འཇར་མན། སི་པེ་ནིཤ། པོར་ཆཱུ་གྷལ། རུ་སུ་སྐད་ལ་སོགས་པའི་སྐད་རིགས་འདྲ་མིན་ཐོག་གསུང་སྒྱུར་གནང་གི་ཡོད་པ་རེད།    

རྒྱ་གར་གྱི་གནའ་བོའི་རིག་གནས་ལ་ཐོས་བསམ་སློབ་གཉེར་བྱེད་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན།  

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་རྒྱ་གར་གྲོང་སྡེ་གྷུར་གྷ་ཨོན་གྱི་ཨེ་མི་ཊི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་ Vision of a Compassionate and Peaceful World འམ་བྱམས་བརྩེ་དང་ཞི་བདེའི་འཇིག་རྟེན་ལ་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སོང་བ་མ་ཟད། མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་བཀའ་སློབ་བཀྲིན་ཆེ་བ་བསྩལ་སོང་།མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པ་སྟེ་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་གནང་ཕྱོགས་དང་འབྲེལ་བཀའ་སློབ་བསྩལ་བར་མི་ཚང་མས་མགོན་པོ་མཆོག་དུས་རྟག་ཏུ་ཁྲོ་བོའི་རྣམ་པ་མེད་པར་འཛུམ་དམུལ་དམུལ་གྱི་ཞལ་རས་མཇལ་ཚུལ་བྱུང་བ་ལྟར་དེ་ནི་གཡོ་ཟོལ་མེད་པར་ལྷག་བསམ་རྣམ་དག་གིས་བཞད་གད་ཤོར་གྱི་ཡོད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་བཞད་གད་དེ་ཡང་རྒྱ་གར་གྱི་གནའ་བོའི་རིག་གནས་ལ་སློབ་གཉེར་དང་ཉམས་ལེན་གནང་བ་ལས་བྱུང་བ་ཡིན་པར་་བཀའ་བསྩལ་སོང་བ་དང་། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་མཇལ་ནས་དེར་ཐོས་བསམ་སློབ་གཉེར་གནང་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་ཡིན་ཞེས་བཀའ་བསྩལ་བ་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གནས་ལ་སློབ་གཉེར་གནང་བར་ཆོས་ལུགས་ལ་ངེས་པར་དུ་ལྟོས་མི་དགོས་པར་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་སྦྱོང་གི་ངོ་བོར་བསླབ་དགོས་གལ་ཡིན་པ་བཀའ་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་གྱི་ནང་དུ་འཚེ་མེད་ཞི་བ་དང་བྱམས་བརྩེ་ཉམས་ལེན། དེ་བཞིན་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་གནང་ཕྱོགས་སོགས་ནི་ལོ་ངོ་སུམ་སྟོང་གི་གོང་ནས་དར་ཟིན་པ་ཞིག་ཆགས་ཡོད་པ་དང་། ལྷག་པར་དུ་བོད་མིས་རྒྱ་གར་འཕགས་པའི་ཡུལ་ཞེས་བརྗོད་དེ་རྒྱ་གར་དེ་དགེ་རྒན་གི་ངོ་བོར་ངོས་འཛིན་གནང་བཞིན་ཡོད་ཀྱང་། ཉེ་བའི་ཆར་རྒྱ་གར་གྱི་སྤྱི་ཚོགས་འདི་རྒྱ་གར་གྱི་གནའ་བོའི་རིག་གནས་དང་འབྲེལ་བའི་ནང་སེམས་ཀྱི་གནད་དོན་ལ་དོ་སྣང་དེ་ཙམ་མི་གནང་བར་ཕྱི་དངོས་པོ་ཡར་རྒྱས་ཁོ་ན་ལ་བརྟེན་གྱི་ཡོད་སྟབས་ད་ལྟའི་གནས་བབ་འདི་གང་ཆགས་མིན་གསུང་ཚོད་དཀའ་བའི་གནས་ཡིན་སྐོར་བཀའ་བསྩལ་སོང་།༸གོང་ས་མཆོག་གིས་གཞན་ཡང་༸སྐུའི་དམ་བཅའ་དང་པོ་དང་འབྲེལ་སྔར་གྱི་དུས་རབས་དང་ཉེ་བའི་དུས་རབས་ནང་དུ་ང་ཚོ་དང་ཁོ་ཚོ་ཞེས་རིམ་པ་གཉིས་པའི་ཐོག་ནས་མི་ཕན་ཚུན་གསོད་རེས་བྱེད་ཀྱི་ཡོད་ཀྱང་། འཛམ་གླིང་ནང་གི་མི་དུང་ཕྱུར་བདུན་པོ་དེ་དག་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་མིའི་མི་ཚེ་དབུ་འཛུགས་དང་མཇུག་སྒྲིལ་གྱི་དུས་སྐབས་གཉིས་པོ་ཆེས་གནད་ཆེ་ཆགས་ཡོད་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད།ཆོས་ལུགས་གང་འདྲ་ཞིག་ཡིན་རུང་ཉམས་ལེན་གནང་རྒྱུའི་གཙོ་བོ་ནི་བྱམས་བརྩེ་ཆགས་ཀྱི་ཡོད་སྟབས་རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཞེས་པ་དེ་ཡོང་རྒྱུ་ཡོད་པར་གཟིགས་སྐོར་བཀའ་བསྩལ་བ་དང་ཆབས་ཅིག བོད་ཀྱི་གནད་དོན་དང་འབྲེལ་མགོན་པོ་མཆོག་བོད་མི་རིགས་ཀྱི་ཤ་རུས་ཁྲག་གསུམ་ལས་གྲུབ་པའི་བོད་རིགས་ཤིག་ཡིན་ཡང་ཐུགས་ཀྱི་ཆ་ནས་རྒྱ་གར་གྱི་མཁས་གྲུབ་རྣམ་པ་ལས་བྱུང་བའི་མགོན་པོ་མཆོག་གི་ཐུགས་བསྐྱེད་དེ་རྒྱ་གར་བ་ཞིག་ཡིན་སྐོར་དང་། ལྷག་དོན་ད་བར་ལོ་ངོ་དྲུག་ཅུའི་རིང་རྒྱ་གར་གི་ས་ཐོག་ཏུ་བཙན་བྱོལ་བའི་ངོ་བོར་རྒྱ་གར་གྱི་སྐུ་མགྲོན་རྒྱུན་རིང་ཤོས་ཆགས་ཡོད་ཅེས་བཀའ་བསྩལ་དང་སྦྲགས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་ནི་བོད་ཀྱི་བདེ་རྩ་ཙམ་མ་ཟད་ཨེ་ཤ་ཡའི་རྒྱལ་ཁབ་ཡོངས་ཀྱི་བདེ་རྩར་ཐུག་ཡོད་པར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གྲུབ་མཚམས་སུ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་དུས་ཚོད་གནང་བ་ལྟར་སློབ་ཕྲུག་ཞིག་གིས་སྤྱི་ཚོགས་ནང་མི་མ་རབས་ལས་ཀྱང་ཡ་རབས་ཅན་ལ་དཀའ་ངལ་མང་བ་འཕྲད་བཞིན་ཡོད་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དོགས་འདྲི་དེ་ལས་འཕྲོས་ཏེ་དེང་གི་དུས་སུ་ཕྱིའི་དངོས་པོ་དང་འབྲེལ་ཏེ་སློབ་གསོ་གནང་བཞིན་ཡོད་ཀྱང་། རྒྱ་གར་ལྟ་བུར་མཚོན་ན་ལོ་ངོ་སྟོང་ཕྲག་གི་གོང་ནས་ནང་སེམས་དང་འབྲེལ་བའི་སློབ་སྦྱོང་དེ་རང་རྒྱལ་ཁབ་ལ་ལྡན་པ་ཞིག་ཡོད་སྟབས་རྒྱ་གར་གྱི་སློབ་གསོའི་ལམ་ལུགས་དང་ཤེས་ཡོན་གྱི་བསླབ་གཞིའི་ནང་རྒྱ་གར་གྱི་གནའ་བོའི་རིག་གནས་ཁྲོད་ཀྱི་ནང་སེམས་ཀྱི་བཟང་སྤྱོད་ཀྱི་སློབ་སྦྱོང་དེ་དེང་དུས་ཀྱི་སློབ་སྦྱོང་ཁྲོད་ངེས་པར་དུ་འཇོག་དགོས་པར་ལམ་སྟོན་བཀའ་དྲིན་ཆེ་བར་བསྩལ་མཛད་ཡོད།

ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ལྕམ་སྐུ་ Nikki Haley མཆོག་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་བཀག་སྡོམ་བྱས་འདུག

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ John Bolton ལགས་ཀྱིས་རྩོམ་བྲིས་གནང་བའི་ཕྱག་དེབ་གསར་པ་ The Room Where It Happened ཞེས་པའི་ནང་ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ལྕམ་སྐུ་ Nikki Haley མཆོག་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༦ པའི་ནང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་བློ་འདོད་ཡོད་ཀྱང་། སྐབས་དེར་ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་རྒྱ་ནག་གཞུང་ལ་དོ་ཕོག་འགྲོ་བར་དོགས་ཟོན་གྱིས་བཀག་སྡོམ་གནང་བར་བརྟེན་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་གནང་ཐུབ་མེད་ཅེས་སྐྱོན་བརྗོད་གནང་འདུགདེའང་སྐུ་ཞབས་ John Bolton ལགས་ཀྱིས་རེས་གཟའ་མིག་དམར་ཉིན་དབུ་འབྱེད་གནང་བའི་ཕྱག་དེབ་ལས་དོན་ཚན་ཞིག་ཟུར་འདོན་གྱིས་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༦ ནང་དུ་ལྕམ་སྐུ་ Nikki Haley མཆོག་རྒྱ་གར་དུ་ཕེབས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཞུ་གནང་འདོད་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་དེར་བཀག་སྡོམ་གནང་ཡོད་པ་མངོན་གསལ་དང་སྦྲགས། སྐུ་ཞབས་ John Bolton ལགས་ཀྱིས་ཕྱག་དེབ་དེའི་ནང་སྐབས་དེར་ལྕམ་སྐུ་ Nikki Haley མཆོག་གིས་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་རྒྱུ་ཙམ་ལས་དེ་མིན་མཇལ་མོལ་དེ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ཁ་གསལ་གནང་མེད་ཀྱང་། ལྕམ་སྐུ་ Nikki Haley མཆོག་ནི་རྣམ་ཀུན་ནས་རྒྱ་ནག་དང་འབྲེལ་བའི་ཚོང་འབྲེལ་གྱི་སྲིད་བྱུས་ཐོག་ལ་བཀའ་མོལ་ནན་པོ་གནང་མཁན་ཞིག་ཡིན་སྟབས། ཕྱོགས་གཉིས་ཀྱི་མཇལ་མོལ་དེ་རྐྱེན་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་བར་དོགས་ཟོན་གྱིས་སྲིད་འཛིན་ Trump མཆོག་གིས་མཇལ་འཕྲད་དེར་བཀག་སྡོམ་གནང་ཡོད་པ་གསུངས་འདུགགཞན་ཡང་སྐུ་ཞབས་ John Bolton ལགས་ཀྱིས་འདས་ལོ་ནང་བྱང་ཤར་ཨེ་ཤི་ཡའི་གླིང་ཕྲན་རྒྱལ་ཁབ་ཉི་ཧོང་དུ་  G20 Summit ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ལྷན་ཚོགས་དང་འབྲེལ་དགོང་ཚིགས་ཤིག་གི་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཌོ་ནལྜ་ཊམ་མཆོག་གིས་སླར་ཡང་འོས་བསྡུའི་རྒྱལ་ཁ་འཐོབ་པར་རོགས་རམ་གནང་རོགས་ཞེས་དང་དེ་ལྟར་རྒྱལ་ཁ་འཐོབ་ཚེ་རྒྱ་ནག་གི་ངོས་ནས་ཨ་རི་ནང་གི་སོ་ནམ་གྱི་ཐོན་སྐྱེད་སྲན་མ་དང་གྲོ་ལ་སོགས་པ་རྣམས་ཉོ་ཆོག་སྐོར་གླེང་མོལ་བྱས་ཡོད་པ་དང་། ཆབས་ཅིག་ཏུ་སྲིད་འཛིན་ཊམ་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་ཡུ་གུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམ་པའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་བཙོན་འཇུག་སོགས་ཀྱི་ལས་དོན་མུ་མཐུན་བློ་འདོད་ལྟར་སྤེལ་ན་འགྲིག་སྐོར་བཤད་པའང་ཆེད་བཀོད་གནང་འདུགགཞི་རྩའི་ The Room Where It Happened ཞེས་ཤོག་གྲངས་ ༥༩༢ བདག་ཉིད་ཅན་གྱི་ཕྱག་དེབ་གསར་པ་དེ་སྐུ་ཞབས་ John Bolton ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༤ པ་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༩ བར་སྲིད་འཛིན་ Donald Trump མཆོག་གི་སྲིད་གཞུང་འོག་ཨ་རིའི་རྒྱལ་སྲུང་སློབ་སྟོན་པའི་ཐུགས་འགན་བཞེས་རིང་རྒྱལ་སྲུང་སྲིད་བྱུས་དང་འབྲེལ་བའི་མཆན་འགོད་ལས་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་དང་། དེ་ཡང་ཝ་ཤིན་ཊོན་ནང་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་འཁྲོལ་ཡོད་པའི་ཐོག་ནས་པར་སྐྲུན་གནང་བ་ཞིག་ཡིན་པ་མ་ཟད། ཁོང་གིས་ཨ་རིའི་སྲིད་འཛིན་ཊམ་མཆོག་ནི་ཨ་རིའི་སྲིད་འཛིན་གྱི་ཞབས་སྟེགས་ཐོག་ཏུ་འོས་འཚམས་ཤིག་མིན་པར་སྐྱོན་བརྗོད་གནང་ཡོད་པར་སྲིད་འཛིན་ཊམ་མཆོག་གིས་སྐུ་ཞབས་ Bolton ལགས་ཀྱི་ཕྱག་དེབ་དེའི་ནང་དོན་ཡོངས་རྫོགས་གཡོ་རྫུན་དང་འབྲེལ་ཡོད་པར་ལན་འདེབས་གནང་འདུག

འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དུ་འཕྲད་བཞིན་པའི་དབྱེ་འབྱེད་ཀྱི་དཀའ་ངལ་རྣམས་མིའི་དགོངས་པ་བཞེས་སྟངས་ཆེས་གུ་དོག་དྲག་པའི་དབང་གིས་ཡིན་པ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཐབས་སུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས་པར་ལམ་སྟོན་མཛད་འདུགཁ་སང་ཨ་མི་རི་ཀའི་ CBS གསར་ཁང་གི་ཨེ་ཤ་ཡའི་སྡེ་ཚན་གྱི་གསར་འགོད་པ་ Ramy Inocencio ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་རིམས་ཀྱི་ཛ་དྲག་གནས་སྟངས་དང་ཨ་རི་ནང་འཕྲད་བཞིན་པའི་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ལས་འགུལ་སོགས་ཀྱི་ཐོག་སྐར་མ་ ༩༠ ཙམ་ཡོད་པའི་བཀའ་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་བསྲིངས་གནང་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན་པའི་ཆ་ནས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྐབས་སུ་མིའི་དགོངས་པ་བཞེས་ཕྱོགས་དེ་ཕྱི་ལུས་པོའི་བྱ་སྤྱོད་ལས་གལ་འགངས་ཆེ་བ་ཞིག་ཏུ་ངོ་འཛིན་མཛད་བཞིན་ཡོད་པ་བཀའ་སྩལ་འདུག དེ་བཞིན་ཨ་རི་ནང་འཕྲད་བཞིན་པའི་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སོགས་དང་འབྲེལ། དཀའ་ངལ་དེ་དག་མིའི་དགོངས་པ་བཞེས་སྟངས་གུ་དོག་དྲག་པའི་དབང་གིས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་ངོ་དཀར་ནག་སོགས་གང་ཡིན་ལ་བལྟོས་མེད་དང་ཐོག་དེར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཡིན་པ་མ་ཟད་རིགས་རུས་དང་ཆོས་དད། དེ་བཞིན་རྒྱལ་ཁབ་སོགས་ཀྱི་ཐོག་ནས་མིའི་རིགས་ལ་དབྱེ་འབྱེད་གནང་རྒྱུའི་དགོངས་པ་བཞེས་པ་དེ་དུས་ཚོད་ཡོལ་ཟིན་པའི་ཆ་ལུགས་རྙིང་པ་ཞིག་རེད་ཅེས་ལམ་སྟོན་བསྩལ་བ་དང་ཆབས་ཅིག རིགས་རུས་སོགས་དབྱེ་འབྱེད་དང་འབྲེལ་བའི་དཀའ་ངལ་དེ་དག་མི་ཡོང་བ་དང་གདོང་ལེན་གནང་ཐབས་སུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་དགོངས་པ་བཞེས་དགོས་གལ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག   ༸གོང་ས་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་དང་འབྲེལ་བའི་བཀའ་འདྲི་ཁག་ལ་བཀའ་ལན་མཛད་སྐབས་དེ་སྔ་སྐུ་ཞབས་ Trump མཆོག་ཨ་རིའི་སྲིད་འཛིན་ཆགས་མཚམས་སུ་ America First ཞེས་ཨ་རིའི་གནད་དོན་ཨང་དང་པོ་ཡིན་སྐོར་ཡང་ཡང་གསུང་བཤད་སོགས་གནང་བར་དགོངས་པར་བདེ་པོ་མ་བྱུང་ཞེས་བཀའ་བསྩལ་བ་དང་། གསར་འགོད་པས་གལ་སྲིད་སྲིད་འཛིན་ཊམ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཨ་རིར་གདན་ཞུ་གནང་ཚེ་ཐུག་འཕྲད་མཛད་འདོད་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ད་ལྟའི་ངོས་ལུས་པོའི་གནས་སྟངས་ལ་གཞིགས་ཏེ་ས་ཐག་རིང་པོར་འགྲུལ་བཞུད་བྱེད་རྒྱུ་དེ་ལས་སླ་པོ་ཞིག་མིན་པ་དང་གལ་སྲིད་སྲིད་འཛིན་ཊམ་མཆོག་རྒྱ་གར་ལ་ཕེབས་ན་གནས་སྟངས་ཤིག་འགྲིག་ཀྱང་། བདེན་པར་བརྗོད་ན་སྐབས་རེ་སྲིད་འཛིན་ཊམ་མཆོག་གི་གནང་སྟངས་དེ་ཚོ་མགོ་རྙོག་པོ་རེད་འདུག་ཅེས་བཀའ་བསྩལ་འདུག  རྩ་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་བཀའ་དྲིན་བསྐྱངས་པ་མ་ཚད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་དང་ལྷན་ཚོགས་ཁག་ལ་དབུ་བཞུགས། དེ་བཞིན་གསར་ཁང་ཁག་གི་བཀའ་འདྲིར་བཀའ་ལན་སོགས་མཛད་མུས་ལྟར། གནངས་ཕྱི་ཚེས་ ༢༦ ཉིན་རྒྱ་གར་ Haryana མངའ་སྡེའི་གྲོང་ཁྱེར་ Gurgaon ནང་རྟེན་གཞི་བྱས་པའི་ Amity གཙུག་ལག་སློབ་གཉེར་ཁང་གི་སློབ་མ་རྣམས་ལ་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་སྐྲུན་ཐབས་ཀྱི་འཆར་སྣང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་མཛད་རྒྱུའི་མཚད་འཆར་ཡོད་པ་རེད།

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་པེ་ཅིང་ནང་གི་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་ལྕམ་ Nirupama Rao ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་བཏོན་གནང་འདུགདེ་ཡང་ཚེས་ ༢༠ ཉིན་ལྕམ་སྐུ་ Nirupama ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ཉེ་ཆར་ཁོང་གི་ཐུགས་ལ་རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་ Bharat Ratna ལྟ་བུའི་ཆེས་མཐོའི་གཟེངས་རྟགས་དེ་ངེས་པར་དུ་འབུལ་ལམ་ཞུ་དགོས་པའི་དགོངས་པ་ཡང་ཡང་འཁོར་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ༸གོང་ས་མཆོག་གིས་དུས་ཀུན་ཏུ་མང་གཙོ་དང་གཞི་རྩའི་རང་དབང་ལ་ཡིད་ཆེས་མཛད་ཐོག་བྱམས་བརྩེ་དང་སྙིང་སྟོབས་ཀྱི་ལམ་ནས་འགྲོ་བ་མིར་ཞབས་འདེགས་བླ་མེད་བསྐྱངས་དང་སྐྱོང་བཞིན་པ་དང་། དེ་དག་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་ནམ་ཡང་རྩ་ཆེར་འཛིན་པའི་རིན་བྲལ་ཞིག་ཡིན་སྟབས་མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་འདི་འབུལ་ལམ་ཞུ་ཆེས་འོས་ཡིན་པར་འགྲེལ་བརྗོད་གནང་འདུག ལྕམ་སྐུ་མཆོག་གིས་དགོངས་ཚུལ་དེ་དང་འབྲེལ་རྒྱ་གར་གྱི་མང་གཙོ་དོན་གཉེར་བ་གཙོས་དོ་སྣང་ཅན་མང་དག་ཅིག་ནས་ Twitter ཐོག་ཁོང་གི་དགོས་འདུན་དེར་རྒྱབ་སྐྱོར་མཚོན་པའི་རང་ཉིད་སོ་སོའི་དགོངས་ཚུལ་གྱི་མཆན་འདྲ་མིན་བཀོད་འདུག་པ་དེ་ལྟར་ཡང་། དེའི་ཁོངས་སུ་དེ་སྔ་ Australia ཁུལ་གྱི་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་ T.P.Sreenivasan ལགས་ཀྱིས་དེ་སྔ་རྒྱ་གར་གཞུང་ནས་རྒྱ་ནག་གཞུང་ལ་ཁོང་ཁྲོ་མི་སློང་བའི་སླད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་མེད་པ་ལུང་འདྲེན་གནང་བ་དང་སྦྲགས། རྒྱ་གར་གཞུང་གི་ངོས་ནས་༸གོང་ས་མཆོག་གི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མ་གནང་གོང་དེ་སྔའི་བྱ་སྤྱོད་ཁག་ལ་དོ་ནན་གྱིས་དགོངས་པ་བཞེས་རྒྱུའི་གལ་ཆེ་ཡིན་པར་ནན་བརྗོད་གནང་འདུགརྒྱ་གར་གྱི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་གནད་ཡོད་མི་སྣ་དེ་དག་གི་བཀའ་མོལ་དང་འབྲེལ། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་ Twitter ཐོག་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པས་༸གོང་ས་མཆོག་ལ་ཡུལ་དེའི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་དགོས་འདུན་དེ་ནི་རྒྱ་གར་གྱི་མང་ཚོགས་ཁྲོད་དེ་ལྟ་བུའི་དགོས་འདུན་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས་རྒྱབ་སྐྱོར་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་དེར་དགའ་བསུ་ཞུས་འདུག འོན་ཏང་རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་མཆོག་ལ་ Bharat Ratna འབུལ་ལམ་ཞུ་རྒྱུ་དེ་དོན་དམ་པའི་ཐོག་ནས་ཕུལ་བ་མ་གཏོགས་རྒྱ་དཀར་ནག་དབར་འཕྲད་བཞིན་པའི་ད་ལྟའི་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་བ་བཏགས་ཏེ་གནང་རྒྱུ་མེད་པའི་དགོངས་ཚུལ་གསུངས་འདུགའདས་པའི་ཟླ་བ་གཅིག་ཙམ་ནས་ལ་དྭགས་ཁུལ་དུ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་གི་གནད་དོན་དེ་ཐུག་ཛ་དྲག་ཏུ་འགྲོ་བཞིན་པའི་ཁྲོད་རླུང་འཕྲིན་ཁང་གིས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ཞུ་ཕྱིར་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་ཐུབ་ཚེ་དེས་རྒྱ་གར་རང་ཉིད་ཀྱི་ཆེ་མཐོང་ལ་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་ཡོད།རྩ་བའི་ལྕམ་སྐུ་ Nirupama Rao ལགས་ཀྱིས་ད་རེས་རྒྱ་དཀར་ནག་གཉིས་དབར་གྱི་གདོང་ཐུག་དེ་ནི་ཡུལ་གཉིས་དབར་གྱི་ཕྱི་སྲིད་འབྲེལ་ལམ་ལ་དོ་ཕོག་ཧ་ཅང་ཆེན་པོ་བཏང་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཡུལ་དེ་དག་གཉིས་ཀྱི་དཀའ་ངལ་དེ་ཕན་ཚུན་འབྲེལ་ལམ་གློ་བུར་དུ་ཡོངས་སུ་བཅད་པས་སེལ་ཐུབ་ཐབས་མེད་པ་དང་རྒྱ་གར་གྱི་ངོས་ནས་ཕྱི་ནང་གསང་གསུམ་གྱི་གནད་དོན་ཡོངས་ལ་གཟིགས་ཏེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་བཅོས་གནང་དགོས་པ་གསུངས་ཡོད།

སེམས་ཞི་བར་གནས་པའི་ཐོག་རིམས་ནད་ལ་གདོང་ལེན་གནང་དགོས་པར་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག དེང་སྐབས་རིམས་ནད་ཀྱི་གནས་སྟངས་ཁྲོད་འཇིགས་སྣང་དངངས་སྐྲག་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། གཙོ་བོ་སེམས་ཞི་བདེར་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༠ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་ཁག་དང་ལྷན་དུ་སེམས་དང་སྲོག་གི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁྲོད་བྱམས་བརྩེ་དང་སོར་ཆུད་ཀྱི་ཐོག་འགྲོ་བ་ཀུན་མཉམ་འདུས་ཞེས་པའི་བརྗོད་གཞིའི་ཐོག Smith སྤྱི་ཚོགས་ཞབས་ཞུའི་མཐོ་སློབ་ཀྱི་འགན་འཛིན་ཟུར་པ་ Carolyn Jacobs ལགས་ཀྱིས་གཙོ་སྐྱོང་འོག ཨ་རིའི་Wisconsin གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་དང་དབང་རྩ་རིག་པའི་སློབ་དཔོན་ཆེན་མོ། སློབ་གཉེར་ཁང་དེའི་སེམས་ཁམས་བདེ་གནས་ཀྱི་ལྟེ་གནས་ཁང་གསར་གཏོད་གནང་མཁན་དང་གཙོ་འཛིན་ཡིན་པ་ཚན་རིག་པ་གྲགས་ཅན་ Richie Davidson ལགས་དང་ལྷན་དུ་ཚོགས་ཡོད་པ་དང་། དེའི་ཐོག་སེམས་དང་སྲོག་ལྟེ་གནས་ཁང་གི་ཚོགས་གཙོ་ Susan Bauer Wu ལགས་ཀྱིས་ཀྱང་མཉམ་ཞུགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་འདུག སྐབས་དེར་ལྕམ་ Susan Bauer Wu ལགས་ཀྱིས་བརྗོད་གཞི་ངོ་སྤྲོད་དང་འབྲེལ། ད་ལྟའི་ཏོག་དབྱིབས་ནད་ཡམས་ཁྲོད་དངངས་སྐྲག་ཀྱི་གནས་སྟངས་ལ་གདོང་ལེན་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར། དགོན་པོ་༸གང་ཉིད་མཆོག་གིས། རིམས་ནད་ཀྱི་ཛ་དྲག་རང་བཞིན་ལ་གཞིག་སྟེ་འཛམ་གླིང་གི་ཚན་རིག་པ་རྣམས་ཀྱིས་དེའི་ཐོག་ཞིབ་འཇུག་གནང་བཞིན་པ་དང་། སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་མིའི་སྲོག་སྐྱོབ་བཞིན་པར་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་དང་འབྲེལ། གནས་སྟངས་ཅི་ཞིག་ཡིན་རུང་དེར་བརྟག་དཔྱད་བྱས་ཏེ། སེལ་ཐབས་ཡོད་པ་ཡིན་ན་དེའི་ཐོག་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། སེལ་ཐབས་མེད་པ་ཡིན་ན་དེའི་ཐོག་བསམ་བློ་བཏང་བ་ཡིན་ན་ཆུ་ཚོད་འཕྲོ་བརླགས་ཡིན་པ་རྒྱལ་སྲས་ཞི་བ་ལྷས་མཛད་པ་ལུང་འདྲེན་དང་སྦྲགས། འཇིགས་སྣང་དངངས་སྐྲག་གིས་རིམས་ནད་ཀྱི་གནོད་འཚེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། སེམས་ཞི་བར་གནས་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག ལྷག་པར་དུ་དེང་སྐབས་ཨ་རིའི་ནང་གི་དཀའ་ངལ་གཙོ་བྱས་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་ཡིན་སྟབས། ང་ཚོ་དང་ཁོང་ཚོ་ཞེས་མིའི་གདོང་རིས་དང་ཆོས་དད། རྒྱལ་ཁབ་སོགས་ཀྱི་དབྱེ་བ་འབྱེད་ནས་བསྡད་པ་ཡིན་ན་དེས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་བློ་དང་ཁ་བྲལ་བྱེད་ཀྱི་ཡོད་སྐོར་དང་འབྲེལ། རྒྱ་གར་ནང་དུ་ལོ་ངོ་སྟོང་ཕྲག་མང་པོ་ནས་ཆོས་ལུགས་དང་མི་རིགས་འདྲ་མིན་ཞི་བདེ་མཉམ་གནས་བྱེད་བཞིན་པ་དང་། དེ་སྔ་འཁྲུག་འཛིང་དང་རྩོད་རྙོག་གི་ནང་དུ་འཐིམས་པའི་ཡོ་རོབ་རྒྱལ་ཁབ་རྣམས་ད་ལྟ་ཡོ་རོབ་མཐུན་ཚོགས་ཞེས་གཅིག་ཏུ་སྒྲིལ་ཏེ་ཞི་བདེ་མཉམ་གནས་བྱེད་བཞིན་པ་དེ་དག་མིག་དཔེར་བླངས་ཏེ། གནས་སྟངས་ཡག་སྡུག་ཚང་མ་མིའི་བསམ་བློ་འཁྱེར་ཕྱོགས་ལ་རག་ལུས་ཡོད་སྟབས། སྒོམ་སྒྲུབ་དང་རྒྱུ་མཚན་གྱི་ལམ་ནས་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་བསམ་བློ་དོར་ཏེ། འགྲོ་བ་མིའི་གཅིག་གྱུར་གྱི་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་དགོས་གལ་ཡིན་པར་བཀའ་བསྩལ་འདུག སྐབས་དེར་ཚན་རིག་པ་ Richie Davidson ལགས་ཀྱིས། དེ་སྔ་ཚན་རིག་ནང་དུ་བྱམས་བརྩེ་ཞེས་པའི་ཚིག་འཁོད་མེད་ཀྱང་། ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་འོག དེང་སྐབས་རྒྱལ་སྤྱིའི་ཚན་རིག་པའི་ཁྲོད་ལ། བྱམས་བརྩེ་སྒོམ་པའི་ཐོག་ནས་མིའི་བསམ་བློ་དང་སྤྱོད་ཚུལ་ལ་འགྱུར་བ་ཐེབས་བཞིན་ཡོད་པའི་ངེས་པ་རྙེད་ཡོད་པ་དང་འབྲེལ། བྱམས་བརྩེའི་བློ་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། དེ་ལྟར་གནང་ཕྱོགས་ཐད་༸མགོན་པོ་མཆོག་ལ་བཀའ་འདྲི་ཞུས་པར། ༸མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་ལས་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་གྱི་སློབ་གསོ་གང་ཡང་སྤེལ་གྱི་མེད་སྟབས་མིའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཐེབས་ཀྱི་མེད་སྐོར་བཀའ་གནང་བ་དང་འབྲེལ། རྩ་བ་ཡག་པོ་བཙུགས་པ་ཡིན་ན་འབྲས་བུ་ཡག་པོ་སྨིན་རྒྱུ་ཡོད་པ་བཞིན། གཙོ་བོ་གཞི་རིམ་ཤེས་ཡོན་གྱི་ལམ་ལུགས་ནང་དུ་ནང་སེམས་ཀྱི་འཕྲོད་བསྟེན་དང་བྱམས་བརྩེའི་སྐོར་ལ་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུགལྷག་པར་དུ་༸མགོན་པོ་མཆོག་གིས། དུས་རབས་ ༢༠ བ་དེ།  འཚེ་བས་ཁེངས་པའི་དུས་རབས་ཤིག་ཆགས་ཡོད་སྟབས། འཚེ་བའི་ཚབ་ལ་འཚེ་བ་བྱེད་པ་དེས་སུ་ལ་ཡང་རྒྱལ་ཁ་ཐོབ་ཐབས་མེད་སྟབས། ༸མགོན་པོ་མཆོག་གིས་ཐུགས་དགོངས་གཙོ་བོ་ནི་འགྲོ་བ་མིའི་གཅིག་གྱུར་གྱི་གཞི་རྟེན་ཐོག ཤེས་ཡོན་དང་གྲོས་མོལ་གྱི་བློ་གོང་འཕེལ་གཏོང་རྒྱུ་དེ་ཡིན་སྟབས། འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་སྐོར་སློབ་གསོ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་བསྩལ་འདུགཁ་ཉིན་དྲ་རྒྱ་བརྒྱུད་ཚོགས་པའི་སེམས་དང་སྲོག་ཀྱི་ལས་རིམས་དེ་བོད་སྐད་དང་དབྱིན་སྐད། དེ་བཞིན་རྒྱ་སྐད་སོགས་སྐད་རིགས་འདྲ་མིན་ ༡༤ ཙམ་གྱི་ཐོག་ལ་ཐད་གཏོང་གནང་ཡོད་པ་ལྟར། ཁྱོན་མི་གྲངས་འབུམ་ ༩ ཙམ་གྱིས་ལས་རིམ་གསན་གཟིགས་གནང་ཡོད་པ་རེད་འདུག པར་དབང་། སྐུ་སྒེར་དྲ་རྒྱ།

༸གོང་ས་མཆོག་ཇཻ་པུར་རྩོམ་རིག་དུས་སྟོན་ཞིག་གི་ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་རཱ་ཇིས་ཐཱན་ནང་གི་ཇཻ་པུར་ཁུལ་གྱི་རྩོམ་རིག་གི་དུས་སྟོན་དང་འབྲེལ་ནས་དབྱིན་ཡུལ་གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Pico Iyer ལགས་དང་ལྷན་དུ་སྙིང་རྗེའི་ས་བོན་ཞེས་པའི་བརྗོད་གཞིའི་ཐོག་དྲྭ་བརྙན་གྱི་གླེང་མོལ་ཞིག་ལ་དབུ་བཞུགས་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་མཛད་པ་སོང་།ཐད་སྲིང་གི་གླེང་མོལ་དེའི་སྐབས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཇི་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ཡིན་པ་མ་ཟད་གསུང་སྐད་ཀྱང་མཐོ་པོ་ཡོད་པར་བཀའ་བསྩལ་བ་དང་འབྲེལ།  མགོན་པོ་༸གང་ཉིད་མཆོག་གིས་རྣམ་ཀུན་ནས་ལོ་ངོ་སྟོང་ཕྲོག་ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་ལྟ་གྲུབ་དང་སྙིང་རྗེ། དེ་བཞིན་འཚེ་མེད་ཞི་བར་ཉམས་ལེན་གནང་གི་ཡོད་སྟབས་རང་སྟོབས་ཀྱི་སྤོབས་པ་དང་ནང་སེམས་ཀྱི་སྟོབས་ཤུགས་དམིགས་བསལ་ཞིག་ཡོད་པར་བཀའ་བསྩལ་ཡོད་པ་རེད།ལྷག་དོན་དུ་༸གོང་ས་མཆོག་གིས་ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ཕྱི་ཕྱོགས་ཀྱི་མང་ཚོགས་དང་མཇལ་འཕྲད་གནང་གི་མེད་པར་བརྟེན་གུང་གསེང་ལ་བསྡས་ཡོད་ཅེས་སྐུ་རྩེད་མཛད་པ་དང་ཆབས་ཅིག འགྲོ་བ་མི་ཡོད་ཚད་ཤར་ལྷོ་ནུབ་བྱང་གི་ས་མཚམས་མེད་པར་འགྲོ་བ་མིའི་ཁྱིམ་རྒྱུད་ཆེན་པོ་གཅིག་གི་མི་ཡིན་སྟབས་ཚང་མས་གཅིག་གྱུར་གྱི་བདེ་རྩར་འགན་ཁུར་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་གི་ནང་ཁོང་ཁྲོ་དང་ཕྲག་དོག་ཡོད་ཚད་བདག་འཛིན་གྱི་བློ་ལ་བརྟེན་ནས་ཡོང་གི་ཡོད་པར་བཀའ་བསྩལ་དང་སྦྲགས། འཇིག་རྟེན་གྱི་ཆོས་ཡོད་ཚད་རང་རྐྱ་འཕེར་བའི་ངོ་བོར་གནས་མཁན་གཅིག་ཀྱང་མེད་སྟབས་བདག་འཛིན་གྱི་བློ་ཅི་ཙམ་ཆེ་བ་ཡོད་པ་དེ་ཙམ་གྱིས་མ་རུང་བའི་སེམས་མྱོང་མང་དུ་འཕེལ་གྱི་ཡོད་པ་དང་། གཞི་རྩའི་ཆོས་གང་ཡང་རུང་བ་ཞིག་ཅི་ལྟར་ཕྱི་ལ་མངོན་པའི་ཚུལ་དང་དོན་དངོས་ཀྱི་གནས་ལུགས་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་པར་ལམ་སྟོན་བསྩལ་བ་དང་ལྷན་དུ་རྒྱ་གར་གྱི་ནང་དུ་རྡུལ་ཕྲན་གྱི་རྣམ་གཞག་དེ་ལོ་ངོ་ ༢༥༠༠ ཡར་སྔོན་ནས་ཡོད་པ་ཞིག་ཡིན་པ་རེད།འོན་ཀྱང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་རྡུལ་ཕྲན་གྱི་རྣམ་གཞག་དེ་ལྟ་གྲུབ་གསར་པ་ཞིག་ཡིན་པར་བཀའ་བསྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་དུས་རྒྱུན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལ་ཉམས་ལེན་མཛད་ཀྱི་ཡོད་པ་བཀའ་བསྩལ་བ་མ་ཟད། ལྷག་དོན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་འགྲོ་བ་མིའི་རིགས་ཀྱི་སེམས་མྱོང་སྐོར་གྱི་སློབ་ཚན་མང་པོ་ཞིག་ཡོད་པར་བརྟེན་རྒྱ་གར་རྒྱལ་ཁབ་ཀྱིས་གནའ་དེང་གི་རིག་གནས་མཉམ་འབྲེལ་གྱི་ཐོག་ནས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་དང་འཛམ་གླིང་གི་ཞི་བདེར་ཞབས་འདེགས་རླབས་ཆེན་ཞུ་རྒྱུའི་ནུས་པ་ལྡན་ཡོད་སྟབས། ༸གོང་ས་མཆོག་གིས་ཀྱང་རྣམ་ཀུན་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུར་ཐུགས་འཁུར་ཆེན་པོ་བཞེས་ཀྱི་ཡོད་པ་སོགས་བཀའ་བསྩལ་སོང་བ་དང་ཆབས་ཅིག་ཏུ་གནད་དོན་དེ་གལ་ཆེན་པོ་ཡིན་པར་ལམ་སྟོན་བསྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་སྔོན་ཆད་ས་བདག་གྲལ་རིམ་སྤྱི་ཚོགས་ཀྱི་སྐབས་སུ་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་འཐེན་འཁྱེར་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་ཀྱང་། འཛམ་གླིང་གི་དམག་ཆེན་སྔ་རྗེས་གཉིས་ཀྱི་མྱོང་བ་ལས་ད་ཆ་ང་ཚོས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ལ་མིག་དཔེ་བལྟས་བའི་ཐོག་ནས་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཁག་ཟུང་འབྲེལ་གནང་སྟེ་ཞི་བདེ་ལྡན་པའི་ཁོར་ཡུག་ཅིག་སྐྲུན་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད།རྩ་བའི་ཐེངས་འདིའི་དྲྭ་ཐོག་གླེང་མོལ་གྱི་མཛད་རིམ་འདི་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་གཙོས་ཧིན་སྐད། ཝེ་ཏི་ནམ། ཀོ་རི་ཡ། ཉིན་ཧོང་སྐད། འཇར་མན། སི་པེ་ནིཤ། པོར་ཆཱུ་གྷལ། རུ་སུ་སྐད་བཅས་ཀྱི་སྐད་རིགས་འདྲ་མིན་ཐོག་གསུང་སྒྱུར་གནང་ཡོད་པ་རེད།

Latest news