Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བོད་ནང་གི་ཆོས་དད་རང་དབང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཡོངས་གྲགས།

ཉེ་སྔོན་རྒྱ་ནག་ནང་གི་ཆོས་དད་རང་དབང་ཐད་ལ་གནས་ཚུལ་སྤེལ་མཁན་གྱི་ཨེ་ཊ་ལིར་རྟེན་གཞི་བྱས་པའི་ Bitter Winter ཞེས་པའི་གསར་ཁང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྲིད་བྱུས་དབྱེ་ཞིབ་པ་རྒན་པ། སྐུ་ཞབས།  Dominic Nardi  ལགས་སུ་བོད་ནང་གི་ཆོས་དད་རང་དབང་གི་སྐོར་ནས་བཅར་འདྲི་བྱས་པར་ཁོང་གིས། ད་ཆ་རྒྱ་ནག་གི་དམ་དྲག་གི་འོག་ཏུ། བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཡོངས་གྲགས་གནང་འདུགསྐབས་དེར་ཁོང་གིས་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱས་ནས་མི་ལོ་བཅུ་ཕྲག་འགའ་ཤས་ཤིག་ཕྱིན་ཡོད་ནའང་། ༢༠༡༡ ནས་བོད་ནང་གི་ཆོས་ལུགས་རང་དབང་ཇེ་སྡུག་ཏུ་ཕྱིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། སྐབས་དེ་ནས་བཟུང་རྒྱ་ནག་གིས་བོད་ནང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་གནང་དོན་རིགས་ལ་གསང་བའི་མྱུལ་ཞིབ་ཀྱི་སྒོ་ནས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། བོད་ཀྱི་ཆོས་རིག་འཛིན་སྐྱོང་གི་ལྟེ་གནས་ཁག་མང་པོ་རྩ་གཏོར་བཏང་ཡོད་པར་གསུངས་ཏེ་ད་ནིང་གི་དབྱར་དུས་སུ་རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་ཆོས་སྡེ་ཆེ་ཤས་གྲས་ཡ་ཆེན་སྒར་ནང་བསྟན་སློབ་གླིང་གི་ཕྱེད་ཀ་ཙམ་རྩ་གཏོར་བཏང་ཟིན་པ་ཡང་ལུང་འདྲེན་གནང་འདུག དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་ནག་གིས་བོད་ནང་དུ་ནག་སེལ་གཤེད་བཅོམ་ཟེར་བའི་སྲིད་བྱུས་ལག་བསྟར་གྱིས་རྒྱ་གཞུང་གིས་བོད་ཁུལ་གྱི་ཉེས་མེད་ཆོས་ལུགས་མི་སྣ་མང་པོར་རྡུང་རྡེག་གཏོང་གི་ཡོད་པ་མངོན་གསལ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོ་ལྟར་ན་རྒྱ་ནག་གི་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་ཀྱི་འོག་ནས་བོད་ནང་གི་ཆོས་ལུགས་གནད་དོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན། དེ་བཞིན་ས་ཞིང་བདག་དབང་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་ཐོག་སྲིད་གཞུང་ལ་ཞི་བའི་ངང་ནས་ཞུ་གཏུག་གནང་མཁན་གྱི་བོད་མི་ ༥༡ ཙམ་ཁྲིམས་ཁང་དུ་ཁྲིམས་ཐག་བཅད་ཡོད་ལུགས་འཁོད་ཡོད་པ་ལུང་འདྲེན་གྱིས་ནག་སེལ་གཤེད་བཅོམ་གྱི་འབོད་སྒྲའི་འོག་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཀྱིས་བོད་ཁུལ་གྱི་ཁྱིམ་ཚང་མང་པོར་སྔོག་བཤེར་བྱས་ནས་༸གོང་ས་མཆོག་གི་༸སྐུ་པར་འཚོལ་ཞིབ་བྱས་ཡོད་པ་ཡོངས་གྲགས་གནང་བ་མ་ཟད། བྱེད་སྟངས་དེ་ནི་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ནག་སེལ་གཤེད་བཅོམ་གྱི་མིང་ཐོག་ནས་བོད་རིགས་མི་མང་གི་སྟེང་ལ་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་གསུངས་འདུགགཞན་ཡང་སྐབས་དེར་གསར་ཁང་གིས་རྒྱ་ནག་གིས་བོད་ཁུལ་དུ་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལམ་ལུགས་རྩ་གཏོང་གཏོང་གི་ཡོད་པའི་སྐོར་ལ་བཀའ་འདྲི་གནང་བར་ཁོང་གིས་ ༡༩༦༠ ནས་བཟུང་རྒྱ་ནག་གིས་བོད་ཁུལ་གྱི་སློབ་འབྲིང་དང་སློབ་ཆེན་གྱི་གཙོ་རྒྱུགས་ཀྱི་སྐད་ཡིག་དེ་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་ཡོངས་གྲགས་ཀྱིས་འདས་པའི་ལོ་ངོ་བཅུའི་ནང་རྒྱ་ནག་གིས་བོད་ཁུལ་གྱི་སྔོན་འགྲོ་དང་རྨང་གཞིའི་འཛིན་གྲྭ་སོགས་ཀྱི་ནང་དུ་ཡང་རྒྱ་ཡིག་གཙོ་བོར་སློབ་ཁྲིད་བྱེད་ཀྱི་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱིས་བོད་ནང་གི་སྐད་ཡིག་རྒྱ་བསྒྱུར་གྱི་སྲིད་བྱུས་དེར་སེམས་འཚབ་ཡོད་པའི་དགག་ལན་གནང་འདུག ཁོང་གིས་རྒྱ་ནག་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱང་རྒྱ་ནག་གིས་བསྐོ་གཞག་བྱེད་རྒྱུའི་ངན་བྱུས་འཐེན་བཞིན་པར་བརྟེན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་བྱེད་ཐུབ་པར་རེ་སྐུལ་ཞུ་བཞིན་ཡོད་པར་གསུངས་པ་དང་། ཨ་རིའི་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་ཡིན་ན་སླད་མར་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་མཚོན་པའི་སྤྱི་ཡོངས་ཀྱི་བོད་པའི་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་བྱུས་བྱེད་རྒྱུར་བཀག་འགོག་བྱེད་ཐུབ་པ་མ་ཟད། བླ་སྤྲུལ་གྱི་ཡང་སྲིད་ནི་ཆོས་ལུགས་ཀྱི་ལམ་ལུགས་ཤིག་ཡིན་པར་བརྟེན་དེར་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་བཀག་འགོག་བྱེད་ཐུབ་པར་གསུངས་ཏེ་རྒྱལ་སྤྱིའི་ཚོགས་སྡེ་རྣམས་ཀྱིས་རྒྱ་ནག་ནང་གི་ཆོས་ལུགས་དད་མོས་རྡོག་རོལ་གྱི་གནས་སྟངས་དེར་རྣམ་འགྱུར་དྲག་པོ་ཞིག་སྟོན་ཐུབ་མེད་པར་བློ་ཕམ་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་ལྟར་རྒྱ་ནག་རྒྱལ་ཁབ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཕྱི་གསལ་ནང་གསལ་བཟོ་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་ཁུར་བཞེས་དགོས་པ་གསུངས་འདུག  

ཆོས་ཀྱི་སྙིང་པོ་གང་ཡིན་ཐོག་དོ་སྣང་བྱེད་དགོས།

དེ་རིང་སྔ་དྲོ་ཆུ་ཚོད་ ༨ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་རྒྱལ་སྤྱིའི་ཀྲི་ཤ་ནའི་རྣམ་ཤེས་ཚོགས་པའི་ཚོགས་མི་དང་སློབ་གསོ་བ་ Gaur Gopal Das ལགས་དང་ལྷན་དུ་གསུང་མོལ་གྱི་མཛད་རིམ་ཞིག་བསྐྱངས་སོང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཁག་གྱི་ལྟ་གྲུབ་ཐོག་འཁོན་ཏེ་མ་བཞུགས་པར་ཆོས་ལུགས་དེ་དག་གི་སྙིང་པོ་བྱམས་བརྩེ་ཡིན་པ་དེར་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།སློབ་གསོ་བ་ཆེན་པོ་ Gaur Gopal Das ལགས་ནི་རྒྱ་གར་ཧིཾ་དུ་ཆོས་ལུགས་དང་འབྲེལ་བའི་སློབ་གསོ་བ་ཞིག་ཙམ་ཟད་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་རྒྱལ་ས་ལྡི་ལིའི་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་པའི་རྒྱ་གར་གྱི་ཆོས་ལུགས་དང་ལྟ་གྲུབ་ལྷན་ཚོགས་ཐོག་༸གོང་ས་མཆོག་དང་ལྷན་དུ་མང་ཚོགས་ལ་གསུང་བཤད་གནང་མཁན་ཁོངས་སུ་ཡོད་པ་རེད།དེ་རིང་གསུང་མོལ་གྱི་ཐོག་མ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ངོ་སྟོང་ཕྲག་ཕྱིན་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་ནང་གསུངས་ཡོད་པའི་སྙིང་རྗེ་དང་བྱམས་པ། དེ་བཞིན་འཚེ་བ་མེད་པ་དེ་དག་དེང་གི་འཛམ་གླིང་འདིར་དགོས་མཁོ་ཡོད་སྟབས། རྒྱ་གར་གྱི་གཞོན་སྐྱེས་གཙོས་མང་ཚོགས་རྣམས་ནས་དེར་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། རྒྱ་གར་ལ་རིག་གནས་དེ་དག་སླར་གསོ་གནང་རྒྱུའི་ནུས་པ་དང་གོ་སྐབས་གཉིས་ཀ་ལྡན་ཡོད་པར་བརྟེན་རྒྱ་གར་གྱི་མི་རབས་གསར་པ་ཚོས་གནའ་བོའི་རིག་གནས་དེ་དག་དེང་དུས་ཀྱི་རིག་གནས་དང་མཉམ་པའི་ཐོག་ནས་སླར་གསོ་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་ཁོང་ཁྲོ་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་རང་གཅེས་འཛིན་གྱི་བསམ་བློ་དང་ཕྱི་དངོས་པོའི་གནས་ལུགས་ཁོ་ནར་ཞེན་ཆགས་ཆེ་དྲག་པའི་དབང་གིས་བྱུང་སྐོར་སོགས་བཀའ་བསྩལ་དང་སྦྲགས། ང་ཚོས་ནང་སེམས་ཀྱི་རྣམ་གཞག་ཐོག་དོ་སྣང་ཆེ་ཙམ་བྱེད་དགོས་པ་དང་། དེ་ཡང་བར་སྐབས་ནས་རྒྱལ་སྤྱིའི་ཚན་རིག་མཁས་པ་ཚོས་ཀྱང་ཀླད་པ་ཙམ་མིན་པར་སེམས་ཁམས་ཀྱི་བྱེད་ལས་སོགས་ལ་དམིགས་བསལ་དོ་སྣང་གསར་པ་ཞིག་གནང་གི་ཡོད་སྟབས། ང་ཚོས་སོ་སོའི་རིག་གནས་ནང་གསུངས་པའི་ཐུན་མོང་མ་ཡིན་པའི་རྣམ་གཞག་དེ་དག་ཆོས་ལུགས་བྱེ་བྲག་པའི་མིང་ཐོག་ནས་མིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་ཁྲིད་ཐུབ་རྒྱུར་འབད་བརྩོན་གནང་དགོས་ཞེས་བཀའ་བསྩལ་སོང་།  ལྷག་པར་དུ་སྐབས་དེར་སློབ་གསོ་བ་ཆེན་པོ་ Gaur Gopal Das ལགས་ནས་མགོན་པོ་༸གང་ཉིད་མཆོག་ལ་འཛམ་གླིང་འདིའི་ཐོག་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་འབྲེལ་བའི་ཞེན་ཁོག་དོར་ཏེ་འགྲོ་བ་མི་སྤྱི་ལ་ཕན་པའི་ནུས་པ་མཉམ་སྤུངས་གང་འདྲ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་མཛད་ཐབས་དེ་ནི་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་བཞི་ལས་གཅིག་ཆགས་ཀྱི་ཡོད་པ་དང་། འཛམ་གླིང་ཐོག་ཡོད་པའི་ནང་པ་དང་ཧིཾ་དུ། ཡི་ཤུ། ཁ་ཆེ་སོགས་ཆོས་ལུགས་སོ་སོའི་ལྟ་གྲུབ་ཀྱི་ཆ་མི་འདྲ་བ་ཡོད་ཀྱང་། ཆོས་ལུགས་དེ་དག་གི་གཞི་རྩའི་བསླབ་བྱའི་སྙིང་པོ་ནི་བྱམས་པ་དང་སྙིང་རྗེ། གཞན་ཕན་བསྒྲུབ་རྒྱུ་གཅིག་མཚུངས་ཡིན་སྟབས། ཚང་མས་ཆོས་ལུགས་ཁག་གྱི་ལྟ་གྲུབ་ཐོག་འཁོན་ནས་མ་བཞུགས་པར་ཆོས་ལུགས་དེ་དག་གི་སྙིང་པོ་བྱམས་བརྩེ་ཡིན་པ་དེར་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་། ཆོས་ལུགས་མཐུན་སྒྲིལ་གྱི་ཆ་ནས་རྒྱ་གར་འདི་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོ་ལ་མིག་དཔེ་འོས་པ་ཞིག་ཡིན་པ་དང་ལྷག་པར་དུ་རྒྱ་གར་གྱི་ཁ་ཆེའི་ཆོས་དད་ཅན་ཚོས་ Shia དང་ Sunni ཞེས་འཁོན་འཛིན་ཆེ་བའི་ཁ་ཆེའི་རྒྱལ་ཁབ་ཚོར་ཞབས་འདེགས་ངེས་ཅན་ཞིག་ཞུ་བཞིན་ཡོད་པས་དེའི་ཐོག་དགོངས་པ་བཞེས་དགོས་གལ་ཡིན་པ་གཞེན་སྐུལ་མཛད་སོང་། ༸གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་གལ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ཏེ་ཁོར་ཡུལ་སྲུང་སྐྱོབ་ཀྱི་གལ་གནད་སོགས་ཀྱི་ཐད་ལ་ལམ་སྟོན་མཛད་པ་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་དང་འབྲེལ། སློབ་གསོ་བ་ཆེན་པོ་ Gaur Gopal Das ལགས་ཀྱིས་གཙོས་པའི་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་རྣམས་ནས་ཐུགས་འཁུར་བཞེས་ཏེ་རིག་གནས་དེ་དག་རྒྱ་གར་གྱི་ཤེས་ཡོན་སློབ་གསོའི་ནང་འཇོག་ཐབས་སོགས་ལ་དམིགས་བསལ་བགྲོ་གླེང་གི་ཚོགས་འདུ་གོ་སྒྲིག་གནང་ཚེ་དགེ་མཚན་ཡོད་པ་ལམ་སྟོན་བསྩལ་ཡོད།གཞི་རྩའི་༸ད་ལྟའི་ཛ་དྲག་དུས་སྐབས་འདིར་༸གོང་ས་མཆོག་གི་མཛད་འཕྲིན་ཁག་དྲྭ་ལམ་ཐད་གཏོང་བརྒྱུད་སྐྱོང་བཞིན་ཡོད་པ་ལྟར། རིང་མིན་ཕྱི་ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་རིང་ནཱ་ལེནྡཱའི་ཤིཀ་ཤ་ཞེས་པའི་རྒྱ་གར་བ་ནང་པའི་ཚོགས་སྡེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་དང་། ཕྱི་ཟླ་ ༨ ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་བསྩལ་གཏན་ཁེལ་ཡོད་པ་རེད།

རྒྱ་དཀར་ནག་དབར་སྤུན་མཆེད་ཀྱི་འདུ་ཤེས་ཡོད་ཚུལ་བརྗོད་དོན་ལྟར་ཕྱག་བསྟར་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་དཀར་ནག་གཉིས་དབར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཡོད་པ་མ་ཟད་དུས་ད་ལྟའང་ཆོས་ཡོན་སོགས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་ལྟར། རྒྱལ་ཁབ་ཕྱོགས་གཉིས་ཀའི་ངོས་ནས་མཐའ་མཚམས་སྲུང་སྐྱོབ་ལ་འགྲོ་གྲོན་ཕོན་ཆེན་པོ་བཏང་བ་ལས་ཕན་ཚུན་ཞི་བདེ་མཉམ་གནས་གོང་འཕེལ་སླད་འགྲོ་གྲོན་མང་ཙམ་གཏང་དགོས་པར་ལམ་སྟོན་བསྩལ་བ་དང་སྦྲགས། Hindi Chini Bhai Bhai ཞེས་རྒྱ་གར་དང་རྒྱ་ནག་དབར་སྤུན་མཆེད་ཀྱི་འདུ་ཤེས་ཡོད་ཚུལ་བརྗོད་དོན་ལྟར་དོན་འཁྱོལ་ཕྱག་བསྟར་གནང་དགོས་གལ་ཡིན་པར་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུགཁ་སང་ Time བརྒྱུད་ལམ་གྱིས་གོ་སྒྲིགས་གནང་བའི་ Time 100 Talks ཞེས་པའི་དྲྭ་རྒྱའི་ལས་རིམ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁྲོད་སེམས་ཞི་བར་གནས་ཐབས་དང་ཨ་རི་གཙོས་འཛམ་གླིང་ནང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ། དེ་བཞིན་ཁོར་ཡུག་དང་རྒྱ་དཀར་ནག་གཉིས་དབར་ས་མཚམས་དང་འབྲེལ་དཀའ་རྙོག་བཅས་ཀྱི་གནད་དོན་ཐོག་བཀའ་འདྲི་དགོངས་སྐོར་ཁག་ཅིག་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་དང་འབྲེལ་བའི་བཀའ་འདྲིར་རྒྱ་གར་དང་རྒྱ་ནག་གཉིས་ཀ་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། དེ་བཞིན་གཅིག་ནི་མང་གཙོའི་རྒྱལ་ཁབ་དང་གཞན་དེ་དམར་ཤོག་རྒྱལ་ཁབ་ཡིན་པའི་ཆ་ནས་ཕན་ཚུན་འགྲན་བསྡུར་བཅས་ཀྱི་ཁྲོད་རྒྱལ་ཁབ་ནང་ཁུལ་ལ་རྩོད་རྙོག་ཕྲན་བུ་ཡོང་སྲིད་ཀྱང་། ལོ་རྒྱུས་ལ་བལྟས་ནས་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་ཅིག་དང་རྒྱ་གར་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་གང་ཉིད་༸སྐུ་འཁྲུངས་སའི་ཞིང་ཁམས་ཆགས་ཀྱི་ཡོད་པ་ལྟར་སངས་རྒྱས་ཀྱི་ཆོས་བོད་སྒྱུར་མ་གནང་གོང་དུ་རྒྱ་སྐད་ནང་བསྒྱུར་ཟིན་པ་སོགས་བཀའ་བསྩལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་དབར་ཡུན་རིང་ནས་ཆོས་ཡོན་སོགས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་ལྟར་དུས་ད་ལྟའང་རྒྱ་ནག་གི་ནང་པ་མང་པོ་ལོ་ལྟར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ལ་གནས་སྐོར་དུ་ཡོང་བཞིན་ཡོད་པ་སོགས་ལུང་འདྲེན་དང་འབྲེལ། གང་ལྟར་ཕན་མཚུན་མཉམ་གནས་གནང་དགོས་གལ་ཡིན་སྟབས་རྒྱལ་ཁབ་ཕྱོགས་གཉིས་ཀའི་ངོས་ནས་ས་མཚམས་སྲུང་སྐྱོབ་ཆེད་དུ་འགྲོ་གྲོན་ཕོན་ཆེ་བཏང་བ་ལས་ཕན་མཚུན་ཞི་བདེའི་ངང་མཉམ་གནས་ཐུབ་ཐབས་དང་ཡར་རྒྱས་ཀྱི་ཆེད་དུ་འགྲོ་གྲོན་བཏང་དགོས་པ་དང་། ལྷག་པར་དུ་དེ་སྔ་ ། Hindi Chini Bhai Bhai ཞེས་རྒྱ་གར་དང་རྒྱ་ནག་དབར་སྤུན་མཆེད་ཀྱི་འདུ་ཤེས་ཡོད་ཚུལ་བརྗོད་དོན་ལྟར་དོན་འཁྱོལ་ཕྱག་བསྟར་གནང་དགོས་གལ་ཡིན་པར་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུགདེ་བཞིན་དེང་སྐབས་ཨ་རི་ནང་མི་རིགས་ནག་པོའི་གནད་དོན་དང་འབྲེལ་མི་རིགས་དབྱེ་འབྱེད་ཀྱི་ངལ་བ་འཕྲད་བཞིན་སྐོར་དང་འབྲེལ་བཀའ་འདྲི་ཞུས་པར་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ཡོང་དང་མི་ཡོང་ཞེས་པ་དེ་གང་ཟག་སྒེར་གྱི་ཕྱག་ཏུ་ཡོད་པ་དང་། གཞུང་གི་ངོས་ནས་མང་ཚོགས་ཀྱི་བསམ་བློར་དོ་སྣང་གནང་སྟེ་དེ་འབྲེལ་ངལ་བ་མི་འཕྲད་པར་ཐུགས་ཁུར་བཞེས་གནད་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག དེང་སྐབས་མང་གཙོའི་དུས་རབས་ཤིག་ཡིན་སྟབས་མང་ཚོགས་ལ་ཐག་གཅོད་གནང་རྒྱུའི་འགན་དབང་ཡོད་པ་བཞིན་ནང་སེམས་ཀྱི་སློབ་སྦྱོང་ཡོད་པའི་ཐོག་ནས་མཐར་མང་ཚོགས་ནས་ཐག་གཅོད་གནང་རྒྱུ་ཡིན་པ་བཀའ་བསྩལ་འདུག༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་མེད་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་དག་ཐུགས་བསྐྱེད་བཞིའི་ཁོངས་ནས་གཅིག་ཡིན་པ་ལྟར་ཐུགས་འགན་བཞེས་ཀྱི་ཡོད་པར་བརྟེན་བོད་དེ་འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་གནས་སྟངས་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ལྷག་དོན་ཨེ་ཤ་ཡའི་གླིང་ཆེན་གྱི་ཐུང་ཆུའི་མཛོད་ལྟ་བུ་ཡིན་སྟབས་འཛམ་གླིང་གི་ངོས་ནས་བོད་ཀྱི་ཁོར་ཡུག་གནད་དོན་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས་པ་བཀའ་བསྩལ་འདུགམགོན་པོ་མཆོག་གིས་ད་དུང་དེང་སྐབས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཆེས་ཛད་དྲག་གི་གནས་སྟངས་དང་འབྲེལ། རང་སྲོག་ལ་ལྟོས་མེད་ཀྱིས་འགྲོ་བ་མིའི་ཚེ་སྲོག་སྐྱོབ་མཁན་གྱི་སྨན་པ་དང་སྨན་ཞབས་རྣམས་ཀྱི་ཕྱག་ལས་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་། དེ་སྔ་དུས་རབས་བརྒྱད་པའི་ནང་བོད་དུ་ཕེབས་པའི་རྒྱ་གར་གྱི་མཁས་གྲུབ་ཚོས་གལ་ཏེ་བཅོས་སུ་ཡོད་ན་དེར་ཧུར་བརྩོན་ཆེན་པོས་འབད་དགོས་པ་དང་། གལ་ཏེ་བཅོས་རྒྱུ་མེད་ཚེ་དེར་འབད་དོན་མེད་ཅེས་གསུངས་པ་ལྟར་དཀའ་ངལ་དེ་སེལ་རྒྱུ་ཡོད་ཚེ་ཧུར་བརྩོན་གནང་དགོས་པ་དང་དེ་ལྟར་མེད་ཚེ་དེའི་ཐོག་ངལ་བ་དང་སེམས་ཁྲལ་གནང་བ་དོན་མེད་ཡིན་པས་ཚང་མས་རེ་བ་མ་བརླག་པར་བཟང་ཕྱོགས་ཀྱི་ཐོག་ནས་དགོངས་པ་བཞེས་ནས་ངལ་བ་དག་ལ་གདོང་ལེན་གནང་དགོས་ཞེས་ལམ་སྟོན་མཛད་འདུགརྩ་བའི་ Time 100 Talks ཞེས་པའི་དྲྭ་རྒྱའི་ལས་རིམ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་རྒྱལ་སྤྱིའི་ཁྲོད་ཀྱི་ཆབ་སྲིད་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་གྲགས་ཅན། དེ་བཞིན་ཁོར་ཡུག་ལས་འགུལ་བ། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་པ་སོགས་མི་སྣ་གྲགས་ཅན་ ༡༠༠ ཙམ་གདན་ཞུ་ཐོག་འཛམ་གླིང་ཞི་བདེ་ལྡན་པ་དང་མཉམ་གནས་ཐུབ་ཐབས་བསྐྲུན་གནད་སོགས་ཀྱི་བརྗོད་གཞིའི་ཐད་བཀའ་བསྡུར་གནང་ཡོད་པ་རེད།

སྐོར་སྲུང་བའི་ལས་དོན་གཉེར་སྐབས་རྩུབ་པོ་བྱེད་དགོས་བྱུང་ཡང་ཀུན་སློང་རྣམ་དག་ཁྱེར་དགོས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༡༠ མ་ཟིན་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཨིན་ཇིའི་རྒྱལ་ས་ལོན་ཌན་གྱི་སྐོར་སྲུང་བ་དང་ལས་བྱེད་ཁག་ཅིག་དང་ལྷན་གསུང་མོལ་གྱི་མཛད་འཕྲིན་ཞིག་བསྐྱངས་སོང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་དམག་མི་ Francis Young husband བོད་དུ་ཕེབས་ཞུགས་གནང་བའི་ལོ་རྒྱུས་དང་། ལྷག་པར་དུ་དབྱིན་ཇིའི་དམག་མི་ཚོ་ལྷ་སར་ཡོང་སྐབས་མགོན་པོ་༸གང་ཉིད་མཆོག་ལ་ཕྱག་རྟགས་སུ་རྩེད་ཆས་ཕུལ་སྲོལ་ཡོད་པ་སོགས་དབྱིན་ཇི་དང་བོད་དབར་གྱི་ཐོག་མའི་འབྲེལ་བ་ཁག་ཅིག་དྲན་གསོ་དང་མཛད་རིམ་ཐོག་ཕེབས་པའི་སྐོར་སྲུང་བ་ཡོངས་ལ་འཚམས་འདྲི་མཛད་སོང་།༸གོང་ས་མཆོག་གིས་གོ་མཚོན་དང་དམག་འཁྲུག་ཅན་གྱི་དུས་ཚོད་དེ་ནི་ཡོལ་ཟིན་པའི་གནས་སྟངས་ཤིག་ཡིན་པ་དང་ང་ཚོས་མུ་མཐུད་ནས་དམག་འཁྲུག་ཐོག་ཕྱིན་ན་ཕྱོགས་གཉིས་ཀར་ཕན་ཐོགས་མེད་པ་དང་། ལྷག་པར་དུ་གོ་ལ་གཅིག་གྱུར་གྱི་དུས་སྐབས་འདིར་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ངལ་ནི་རྒྱལ་ཁབ་དང་གླིང་འཕྲན་སོགས་དབྱེ་བ་མེད་པར་ཚང་མར་འཕྲད་བཞིན་ཡོད་སྟབས། དུས་རབས་ཉེར་གཅིག་འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་དང་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུར་དགོངས་པ་བཞེས་དགོས་པའི་ལམ་སྟོན་བསྩལ་ཡོད།  མགོན་པོ་༸གང་ཉིད་མཆོག་ནས་སེམས་ཁམས་འཕྲོད་བསྟེན་གྱི་གལ་གནད་དང་འབྲེལ་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་འཕྲད་བཞིན་པའི་རྩོད་རྙོག་དང་ཟིང་འཁྲུག་དེ་དག་ཁོང་ཁྲོ་སོགས་སེམས་ཚོར་དྲག་པོའི་དབང་གིས་ཡོང་གི་ཡོད་སྟབས་ང་ཚོས་ཕྱི་ལུས་པོའི་འཕྲོད་བསྟེན་ལ་དོ་སྣང་བྱེད་བཞིན་པ་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ལ་དེ་བཞིན་བྱེད་གལ་ཡིན་པ་དང་། གཙོ་བོ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་བརྩེ་བའི་བསམ་བློ་དེ་དག་སྨོན་ལམ་གསུང་འདོན་གནང་བའི་ཐོག་ནས་ཡོང་རྒྱུ་མེད་པར་ཤེས་ཡོན་སློབ་གསོའི་ཐོག་ནས་བྱམས་བརྩེ་གོང་འཕེལ་དང་། ཁོང་ཁྲོ་བའི་གཉེན་པོ་བསྟེན་སྟངས་སོགས་སློབ་འཁྲིད་གནང་ཚེ་དགེ་མཚན་ཆེན་པོ་ཡོད་པ་བཀའ་བསྩལ་སོང་།  ༸གོང་ས་མཆོག་གི་སྔོན་འགྲོ་བཀའ་སློབ་ཁག་གྲུབ་མཚམས་སུ་སྐོར་སྲུང་བ་ཁག་ཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་སྐོར་སྲུང་གིས་ལས་དོན་ཁྲོད་ཉིན་ལྟར་འཚེ་བ་དང་འཕྲོག་བཅོམ་སོགས་ཀྱི་གནས་སྟངས་མཐོང་གི་ཡོད་སྟབས། སེམས་ཞི་བར་གནས་སྟངས་དང་འཚེ་བའི་ལས་ཉུང་དུ་གཏོང་ཐབས་སོགས་བཀའ་འདྲི་དགོངས་སྐོར་ཞུས་སོང་བ་དང་། སྐབས་དེར་མགོན་པོ་མཆོག་གིས་སྐོར་སྲུང་བའི་ལས་དོན་གཉེར་སྐབས་རྩུབ་པོ་རིགས་བྱེད་དགོས་བྱུང་ཡང་དུས་རྟག་ཏུ་ནང་སེམས་ཀྱི་ཀུན་སློང་དེ་རྣམ་པར་དག་པ་ཞིག་ཁྱེར་དགོས་པ་དང་སྤྱི་ཚོགས་ཁྲོད་དཀའ་ངལ་བཟོ་མཁན་དེ་ལ་དབྱུག་པ་ཞུ་དགོས་བྱུང་ཡང་སྙིང་རྗེའི་ཀུན་སློང་ཐོག་ནས་གནང་རྒྱུ་ཡོད་པ་རེད་ཅེས་ལམ་སྟོན་མཛད་སོང་།   ལྷག་པར་དུ་༸གོང་ས་མཆོག་གིས་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་འདས་པའི་དུས་ཚོད་ནང་ལ་བྱམས་པ་དང་སྙིང་རྗེ་སོགས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་རིན་ཐང་ཁག་ལ་དོ་སྣང་མ་གནང་བའི་དབང་གིས་དེ་ལྟར་བྱུང་བར་བཀའ་བསྩལ་དང་སྦྲགས། ད་ལྟ་ནས་རིན་ཐང་དེ་དག་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་ཁྲིད་གནང་གལ་ཡིན་པ་དང་སླད་མར་སྤྱི་ཚོགས་ནང་དཀའ་ངལ་དེ་རིགས་ཉུང་དུ་གཏང་ཐུབ་ངེས་རེད་ཅེས་བཀའ་ལན་མཛད་ཡོད།  དེ་བཞིན་༸གོང་ས་མཆོག་གིས་བེུད་ཀྱི་གནད་དོན་དང་འབྲེལ་བའི་བཀའ་འདྲིར་བཀའ་ལན་མཛད་སྐབས་བེུད་ནི་བྱམས་བརྩེའི་མཚོན་བྱེད་ངོ་མ་དེ་ཡིན་པ་དང་། གལ་སྲིད་འཛམ་གླིང་ཐོག་བེུད་ཀྱི་འགོ་ཁྲིད་མང་པོ་ཐོན་ཐུབ་ན་དམག་འཁྲུག་དང་རྩོད་པ་རྣམས་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། བེུད་ཚོས་ཀྱང་བྱམས་བརྩེ་གོང་འཕེལ་ཐོག་དམིགས་བསལ་འགན་འཁུར་བཞེས་དགོས་པ་བཀའ་བསྩལ་ཡོད།  ལས་རིམ་གྱི་མཐའ་མར་སྐོར་སྲུང་བ་དང་ལས་བྱེད་ཐུན་མོང་ནས་མངར་ཟས་འདེགས་འབུལ་ཞུས་པའི་ཐོག་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་མགོན་པོ་༸གང་ཉིད་མཆོག་སླར་ཡང་དབྱིན་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་སོང་། ༸གོང་ས་མཆོག་གིས་སྤྱིར་དགུང་ནའི་བབས་ཀྱི་ཆ་ནས་དུས་ཚོད་རིང་པོའི་འགྲུལ་བཞུད་དེ་དཀའ་བའི་གནས་ཡིན་ཀྱང་། རྣམ་པ་ཚོས་རེ་སྐུལ་ཞུས་བ་དེ་ངོས་ཀྱི་སེམས་ནང་བཞག་རྒྱུ་ཡིན་ལ། རིམ་བཞིན་དེར་གཟིགས་ཆོག་སྐོར་བཀའ་བསྩལ་ཡོད།

༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཟླ་ ༧ ཚེས་ ༦ ཉིན་མགོན་པོ་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་འཛམ་གླིང་ས་ཕྱོགས་གང་ས་ནས་ཕྱི་ནང་གི་དད་ལྡན་མང་ཚོགས་དུ་མས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པར་བརྟེན་དེ་རིང་ཕྱི་ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ནང་བརྩེ་བའི་མཆེད་གྲོགས་ཕོ་མོ་ལྷན་རྒྱས་ལ། ཁྱེད་རྣམས་ཀྱིས་ངོས་བགྲང་བྱ་ ༨༥ འཁོར་བའི་སྐྱེས་སྐར་གྱི་དུས་དྲན་ལ་འཚམས་འདྲི་གནང་བ་དང་། དེ་བཞིན་ཉིན་དེར་འཛམ་གླིང་གི་ས་གནས་གང་ས་ནས་དུས་དྲན་སྲུང་བརྩི་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱི་བརྩེ་སེམས་ཀྱིས་ངོས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངོས་རང་བདེ་ཐང་ངང་གནས་ཡོད་ལ། འགྲོ་བ་མིའི་བདེ་དོན་ཆེད་མི་ཚེ་རིང་ཙམ་འཚོ་ཐུབ་པའི་བློའི་འཕེན་པ་གཏོང་བཞིན་ཡོད། དེང་སྐབས་རང་རེ་འཚོ་སྡོད་བྱ་སའི་འཛམ་བུ་གླིང་འདིའི་ནང་། རྒྱལ་ཁབ་རྣམས་སྔར་ལས་ལྷག་པར་ཕན་ཚུན་ལྟོས་ཏེ་ཡོད་པས། གཞན་ལ་ལྟོས་མེད་རང་རྐྱ་འཕེར་བའི་ངོ་བོར་གནས་མི་ཐུབ་པས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྔར་ལྷག་གོང་འཕེལ་གཏོང་དགོས་ལ། རང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་གཞན་ཡང་དེ་དང་མཚུངས་པ་ཡིན། ད་ལྟ་འཕྲད་བཞིན་པའི་གནམ་གཤིས་འགྱུར་ལྡོག་དང་། ནད་ཡམས་སོགས་ཀྱི་དཀའ་ངལ་ཐད་རང་ཅག་ཚང་མས་མཉམ་རུབ་ཀྱིས་འབད་བརྩོན་བྱས་ན་ཐུན་མོང་གི་མངོན་འདོད་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པའི་དྲན་སྐུལ་བྱེད་ཀྱི་ཡོད། འཚམས་འདྲི་དང་སྐྱབས་སྨོན་བཅས་ཏཱ་ལའི་བླ་མས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ ལ་ཞེས་འཚམས་འདྲི་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་འདུག

བོད་མིའི་སྒྲིག་འཛུགས་གཙོས་བོད་མི་ཚོས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།

ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་བོད་མིའི་སྒྲིག་འཛུགས་དབུས་བཙན་བྱོལ་བོད་མིའི་ཚོགས་སྒེར་ཚོས་ལྷ་བསངས་དང་མ་ཎི་གསོག་སྒྲུབ། དེ་བཞིན་རྐང་བྲོ་གླུ་གཞས་བཅས་ཀྱི་དཔལ་ལ་རོལ་བཞིན་དགའ་དད་སྤྲོ་གསུམ་གྱི་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུགདེང་སྐབས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་མང་ཚོགས་ཕོན་ཆེན་འདུ་འཛོམས་ཀྱིས་མཛད་སྒོ་རིགས་གཉེར་མི་ཆོག་པ་ལྟར། ཁ་སང་སྔ་དྲོ་བོད་མིའི་སྒྲིག་འཛུག་ཀྱི་ཚོགས་ཁང་གསར་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཁོ་ན་ལྷན་འཛོམས་ཐོག་བོད་གཞུང་ཟློས་གར་ཚོགས་པས་ཆོལ་གསུམ་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་ཁག་ཅིག་གཟིགས་འབུལ་དང་། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་དང་སྐུ་ཚབ་བཅས་ནས་བརྙན་པར་བརྒྱུད་གསུང་འཕྲིན་བསྩལ་བ། རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་མི་སྣས་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གནད་ཡོད་མི་སྣ་ལས་ཟུར་འདྲ་མིན་གྱིས་༸གོང་ས་མཆོག་ལ་དྲྭ་ཐོག་བརྒྱུད་འཚམས་འདྲི་ཞུས་པའི་བརྙན་པར་ཁག་གཟིགས་འབུལ་ཐོག་༸སྐུའི་འཁྲུངས་སྐར་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུས་འདུགསྐབས་དེར་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་ཆེད་ཐུགས་འགན་བཞེས་པ་ནས་བཟུང་ད་ཆ་དགུང་གྲངས་ ༨༥ ལ་མ་ཕེབས་བར་དུ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ལ་སོ་སོའི་ཕ་མ་ལྟ་བུའི་གཟིགས་སྐྱོང་གནང་བ་དང་སྒོས་སུ་འཛམ་བུ་གླིང་ཡོངས་ལ་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་མཛད་ཁག་གི་མཛད་འཕྲིན་ཁག་དྲན་གསོ་དང་དེ་དག་ལ་འཛམ་གླིང་ཁྱོན་ཡོངས་ནས་བསྔགས་བརྗོད་དང་དགའ་བསུ་ཞུ་བཞིན་ཡོད་པ་དང་། འདི་ལོ་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་འཁོར་མོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་མུས་ལྟར། བོད་མི་རྣམས་ནས་མགོན་པོ་མཆོག་གི་བཀའ་དྲིིན་མ་བརྗེད་པར་༸གོང་ས་མཆོག་གི་བཀའ་སློབ་ཁག་ཉམས་ལེན་གནང་དགོས་པ་དང་། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོ་དེ་དག་གང་ཡིན་དང་དགོས་དམིགས་སོགས་གོ་ལ་ཁྱོན་ལ་ཁྱབ་ཐུབ་པ་གནང་གནད་ཡིན་པར་སྐུལ་མ་གནང་ཡོད།དེ་རྗེས་སྲིད་སྐྱོང་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་མཛད་པ་འཕྲིན་ལས་རྣམས་དྲན་གསོ་དང་འབྲེལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་༸རྒྱལ་བའི་བཀའ་དྲིན་དྲན་པའི་ཐོག་ནས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཕྱག་ལས་གནང་ཡིན་པ་དང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་སྤྱིར་སྨན་པའི་རླབས་ཆེན་གྱི་དགོངས་གཞི་དེ་དག་བསྒྲུབ་ཐབས་སུ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་དང་། མཐུན་འགྱུར་གནང་མཁན་བཅས་དང་། བོད་དོན་ལ་རྒྱ་གར་དབུས་ས་གཉིས་ཀྱིས་གཙོས་པའི་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་། གྲོས་ཚོགས། ཚོགས་སྒེར་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུས་འདུགདེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་༸སྐུའི་འཁྲུངས་སྐར་ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ལྗགས་ཀློག་གནང་བའི་ནང་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་རྣམས་ཞིབ་རྒྱས་སུ་ངོ་སྤྲོད་གནང་བ་དང་འབྲེལ། མགོན་པོ་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་དེང་སྐབས་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་གཙོས་སྤྱི་སྒེར་ཡོངས་ནས་བོད་དོན་ལ་རྒྱབ་སྐྱོར་གང་ལེགས་ཐོབ་བཞིན་པ་མ་ཟད། རྒྱ་ནག་ནང་གི་ཤེས་ཡོན་ཅན་གྱི་མི་སྣ་མང་པོས་ཀྱང་དགའ་མོས་གནང་སྟེ་རྒྱབ་སྐྱོར་ཐོབ་དང་ཐོབ་བཞིན་ཡོད་པ་སོགས་གསུངས་སོང་། མགོན་པོ་༸གང་ཉིད་མཆོག་གི་བསྩལ་བའི་གལ་ཆེའི་བཀའ་སློབ་རིམ་ཕེབས་ཁོངས་ནས་ཁག་གཉིས་ལུང་འདྲེན་གནང་བའི་ཐོག་མང་ཚོགས་ལ་གཞེན་སྐུལ་གནང་སོང་།ཁ་སང་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དང་བསྟུན་ཕྱི་དྲིལ་ལས་ཁུངས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་གཞི་དང་འབྲེལ་ཕྱོགས་བསྒྲིགས་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལུང་ཚིག་ Quotation གྲངས་ ༡༡༣ གྱི་དཔེ་དེབ་ཅིག་དབུ་འབྱེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལས་རྒྱུན་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་གྲངས་ ༣ ལ་ལས་བྱེད་འདེམས་ལྷན་ནས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་བ་དང་། ད་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ཁོངས་དམིགས་གསལ་ཧུར་བརྩོན་དང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ལས་བྱེད་གཉིས་ལ་གཟེངས་རྟགས་སོགས་གནང་ཡོད་པ་རེད།ཁ་སང་དང་ཁ་ཉིན་བཅས་ལ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ལ་ལྟོས་མེད་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ནས་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲིའི་བརྙན་པར་འདོན་སྤེལ་དང་། ༸གོང་ས་མཆོག་ལ་དབྱངས་ཀྱི་བསྟོད་གླུ་ཕུལ་བ། དེ་བཞིན་རོལ་དབྱངས་འདུ་འཛོམས་ལ་སོགས་པའི་རྣམ་པ་འདྲ་མིན་བརྒྱུད་དེ་ཉིན་མོ་དེ་སྲུང་བརྩི་ཞུས་པ་མ་ཟད། སྤྱི་ཚོགས་རྒྱང་ཐག་དང་ཁ་རས་གྱོན་རྒྱུ་དང་ལག་པ་གཙང་ཉར་སོགས་ཡིད་ཟབ་གནང་ཐོག་བཙན་བྱོལ་བོད་མིའི་གནས་སྡོད་གང་སར་མངར་ཟས་བགོ་འགྲེམས་དང་། དབུལ་པོར་ཟས་སྦྱིན། ཤིང་སྣ་འདེབས་འཛུགས་ལ་སོགས་པའི་གནང་སྒོ་སྤེལ་ནས་༸སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། འབྲེལ་ཡོད་པར་ཁག་བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོས་༸གོངས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

ཁ་སང་ཕྱི་ཚེས་ ༦ ཉིན་བོད་མི་གཙོས་ནང་པ་དང་རྒྱལ་སྤྱིའི་མང་ཚོགས་དུ་མས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་ལྟར། ཨ་རི་དང་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་གནད་ཡོད་མི་སྣ་མང་དག་ཅིག་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་དགའ་བསུའི་འཚམས་འདྲི་ཞུས་འདུགཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་༸སྐུའི་འཁྲུངས་སྐར་ཉིན་མོར་བསྒྲགས་གཏན་ཞིག་སྤེལ་ཏེ་༸གོང་ས་མཆོག་ནི་འཛམ་གླིང་འདིའི་ཐོག་བྱམས་སྙིང་རྗེ་དང་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་། དེ་བཞིན་ཆོས་ལུགས་མཐུན་འབྲེལ། འགྲོ་བ་མིའི་ཐོབ་ཐང་། ལྷག་དོན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གོང་འཕེལ་ཐོག་༸སྐུ་ལས་སྐྱོན་མཁན་གྱི་ཆོས་ཕྱོགས་དབུ་ཁྲིད་བླ་ན་མེད་པ་ཞིག་རེད་ཅེས་གསུངས་པ་དང་ཆབས་ཅིག མགོན་པོ༸་གང་ཉིད་མཆོག་དགུང་གྲངས་ ༨༥ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུས་འདུགལྕམ་སྐུ་མཆོག་ནས་ད་དུང་རྒྱ་ནག་སྲིད་གཞུང་གི་དྲག་པོའི་སྲིད་བྱུས་རྐྱེན་གྱིས་ད་ལྟ་ཡང་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་ཀྱི་མངོན་འདོད་ཁག་ཅིག་བསྒྲུབ་ཐུབ་མེད་པར་གདུང་སེམས་མཉམ་བསྐྱེད་དང་སྦྲགས། ཨ་རིའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་དང་བོད་མི་གཙོས་ཡུ་གུར་དང་ཧོང་ཀོང་སོགས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རྒྱབ་སྐྱོར་ཡོད་པ་དང་། ལྷག་པར་དུ་འདས་པའི་དུས་ཚོད་ནང་ཨ་རིའི་གྲོས་ཚོགས་འོག་མར་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་བའི་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཨ་རིའི་གྲོས་ཚོགས་གོང་མས་གང་མགྱོགས་གཏན་འབེབས་གནང་དགོས་པའི་སྐུལ་མ་སོགས་གནང་འདུགདེ་བཞིན་བལ་ཡུལ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Randy Berry ལགས་ནས་ Twitter ཐོག་༸སྐུའི་འཁྲུངས་ལ་འཚམས་འདྲི་ཞུས་འདུག་པ་དང་། ལྷག་པར་དུ་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Kenneth Juster ལགས་ཀྱིས་ཨ་རི་སྲིད་གཞུང་དང་མི་མང་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། ༸གོངས་མཆོག་གིས་འཛམས་གྱི་མི་སེར་མང་པོ་བཟང་ཕྱོགས་སུ་སེམས་འགུལ་སྤེལ་ཡོད་པ་མ་ཟད་མགོན་པོ་མཆོག་ནི་འཚེ་མེད་ཞི་བ་དང་དྲང་བདེན་གྱི་བདག་ཉིན་ཆེན་པོ་ཡོན་པར་མངོན་བསྟོད་ཞུས་ཡོད། ཁོང་ནས་ཨ་རིའི་སྲིད་འཛིན་དམ་པ་སྐུ་ཞབས་ Franklin Roosevelt ལགས་ཀྱིས་༸གོང་ས་མཆོག་ལ་ཕྱག་ཚོད་ཅིག་ཕུལ་བ་སོགས་ཕྱོགས་གཉིས་ཀྱི་མཛའ་གྲོགས་དྲན་གསོ་ཞུས་པ་དང་འབྲེལ། སྐབས་དེ་ནས་བཟུང་སྟེ་ཨ་རིའི་སྲིད་འཛིན་རིམ་བྱོན་དང་ཆབ་སྲིད་ཚོགས་པ་གཉིས་ཀས་༸གོང་ས་མཆོག་ལ་ཆེ་བསྟོན་གཟེངས་རྟགས་ཕུབ་བ། བོད་མིའི་རིག་གཞུང་སྲུང་སྐྱོབ་དང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པ་སོགས་ངོ་སྤྲོད་ཞུས་པ་མ་ཟད་ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་ནི་ཞི་བདེའི་མཚོན་དོན་ངོ་མ་ཞིག་ཡིན་པ་སོགས་གསུངས་འདུགཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་མགོན་པོ་མཆོག་གི་མཛད་རྗེས་ལ་ཆེ་བསྟོན་ཞུས་འདུག་ལ། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ནས་༸གོང་ས་མཆོག་༸སྐུ་ཚེ་བརྟན་ཅིང་མ་འོངས་པར་ཕོ་བྲང་པོ་ཏ་ལར་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་རྒྱུའི་རེ་སྨོན་ཞུ་བཞིན་ཡོད་པ་མ་ཟད། མགོན་པོ་མཆོག་ནས་འཛམ་གླིང་འདིར་ཞི་བདེ་དང་བྱམས་རྩེའི་སློབ་གསོ་གང་མང་གནང་བར་བཀའ་དྲིན་ཆེ་ཞེས་གསུངས་འདུག དེ་བཞིན་རྒྱ་གར་ནང་ལ་མཚོན་ན་རྒྱ་གར་གཞུང་འཛིན་ཚོགས་པ་ BJP རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav  ལགས་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་ལོ་ངོ་ ༦༡ གོང་ལ་༸གོང་ས་མཆོག་བཙན་བྱོལ་བའི་ངོ་བོ་ཐོག་རྒྱ་གར་ནང་ཕེབས་ཡོད་ཀྱང་། ད་ཆ་༸གོང་ས་མཆོག་ནི་རྒྱ་གར་གྱི་ཡུལ་མི་ཚང་མའི་ནང་ནས་མི་རྒན་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་འདུག་པ་དང་། ཁོང་དེ་སྔ་༸གོང་ས་མཆོག་གི་འཁྲུངས་གཞི་སྟག་འཚེར་དང་ཕོ་བྲང་པོ་ཏ་ལ་གཉིས་སུ་ཕེབས་སྐབས་ས་གནས་བོད་མི་ཚོས་མགོན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་བཞིན་སོགས་ངོ་སྤྲོད་གནང་འདུག དེ་བཞིན་རྒྱ་གར་རྩེད་རིགས་བློན་ཆེན་སྐུ་ཞབས་ Kiren Rijiju ལགས་ནས་ཀྱང་འཚམས་འདྲི་དང་སྦྲགས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཞུས་འདུག་པ་དང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་ལགས་ཀྱིས་༸སྐུའི་འཁྲུངས་ལ་འཚམས་འདྲི་དང་ས་གནས་སུ་༸སྐུའི་འཁྲུངས་སྐར་དང་བསྟུན་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་སྤེལ་འདུགཐེངས་འདིའི་༸སྐུའི་འཁྲུངས་དུས་ཆེན་དང་བསྟུན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kishan Kapoor ལགས་ནས་རྒྱ་གར་དབུས་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་འདོན་གནང་འདུག དེ་བཞིན་ཁ་སང་༸སྐུའི་འཁྲུངས་སྐར་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གི་མཚན་སྔགས་དང་ཐུགས་སྨོན་ལས་གྲུབ་པའི་  Inner World འམ་ནང་སེམས་ཀྱི་འཛམ་གླིང་ཞེས་པའི་རོལ་དབྱངས་ཀྱི་འཁོར་ཐོག་འདོན་སྤེལ་གནང་ཡོད་པ་དང་འཁོར་ཐག་འདི་བཟོ་སྐྲུན་གནང་མཁན་New Zealand གི་རོལ་མོ་བ་ Junelle ལགས་དང་ཁོང་གི་སྐུ་ཟླ་ Abraham Kunin ལགས་གཉིས་ཀྱིས་ཡུལ་དེའི་སྔ་དྲོའི་གླེང་མོལ་ཞེས་པའི་ལས་ཚན་ཞིག་གི་ཐོག་འཁོར་ཐག་འདི་ནི་རྐང་༸གོང་ས་མཆོག་གིས་ལྗགས་ཀློག་མཛད་པའི་མཚན་སྔགས་ཁག་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་དང་། མཚན་སྔགས་དེ་དག་གིས་འགྲོ་བ་མིའི་སེམས་ཞི་བར་གནས་ཐབས་སོགས་ལ་ཕན་ནུས་ངེས་ཅན་ཞིག་ཡོད་སྐོར་འགྲེལ་བརྗོད་གནང་འདུག ནིའུ་ཛར་ལན་ཌི་ཡི་གྲོང་ཁྱེར་ Auckland ནང་ཡོད་པའི་རྡོ་རྗེ་འཆང་ཆོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་སྐབས་སུ་ཁོང་རྣམ་གཉིས་མཉམ་ཞུགས་གནང་ཡོད་པ་མ་ཟད། ས་གནས་བོད་མི་ཚོས་ཁོང་གཉིས་ནས་ནང་སེམས་ཀྱི་འཛམ་གླིང་ཞེས་པའི་རོལ་དབྱངས་ཀྱི་འཁོར་ཐོག་འདོན་སྤེལ་གནང་བར་དགའ་བསུ་ཞུས་འདུགདེ་བཞིན་ཁ་སང་ Inner World ་ཞེས་པའི་ངོ་དེབ་ཐོག་ཐད་གཏོང་རོལ་དབྱངས་བརྒྱུད་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་པ་དང་ལས་རིམ་སྟེང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard Gere ལགས་ནས་༸གོང་ས་མཆོག་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་འགྲོ་བའི་དོན་དུ་སླར་ཡང་དགུང་གྲངས་ ༨༥ ལྷག་༸སྐུ་བརྟན་པའི་སྨོན་ལམ་སོགས་ཞུས་འདུགལས་རིམ་དེའི་ཐོག་སྒྱུ་རྩལ་བ་ Anoushka Shankar ལགས་དང་ Russell Brand ལགས་སོགས་ནས་མཉམ་ཞུགས་ཀྱིས་མགོན་པོ་མཆོག་ལ་འཚམས་འདྲི་དང་རོལ་དབྱངས་ཀྱི་མཆོད་སྤྲིན་ཕུལ་འདུག གཞི་རྩའི་འདི་ལོ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དབང་གིས་༸སྐུའི་འཁྲུངས་སྐར་དུས་ཆེན་མང་ཚོགས་མང་པོ་ལྷན་འཛོམས་ཐོག་སྲུང་བརྩི་ཞུ་རྒྱུ་དཀའ་བའི་གནས་སུ་གྱུར་ཡོད་ཀྱང་། མང་ཚོགས་དུ་མས་དྲྭ་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུ་དང་བཀྲིས་པའི་འཚམས་འདྲི་དང་། གཞས་སྣ་འཁྲབ་སྟོན། དེ་བཞིན་ས་གནས་སོ་སོའི་གནས་བབས་ལ་གཞིགས་ཏེ་དགེ་སྦྱོར་གྱི་བྱ་བར་རོལ་བ་སོགས་རྣམ་པ་འདྲ་མིན་བརྒྱུད་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱང་བར་དགའ་བསུ་ཡོད།

ཁ་སང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བཙན་བྱོལ་དུ་གནས་པའི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུང་འདུག ཉེ་ཆར་རེས་གཟའ་ཉི་མའི་ཉིན་༸གོང་ས་མཆོག་གིས་དྲྭ་ཐོག་བརྒྱུད་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་ཚོར་གསུང་ཆོས་བསྩལ་བ་དང་ཆབས་ཅིག ཐེ་ཝན་གྱི་གྲོགས་པོ་ཚོར་མགོན་པོ་༸གང་ཉིད་མཆོག་སླར་ཡང་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་རྒྱུའི་ཐུགས་རེ་ཡོད་པ་དང་ལྷག་དོན་ཐེ་ཝན་ནང་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་པའི་རྐྱེན་གྱིས་༸སྐུ་ཉིད་མཆོག་ཕལ་ཆེར་གྲོགས་པོ་ཚོ་དང་སླར་ཐེ་ཝན་དུ་མཇལ་ཐུབ་པའི་ཐུགས་རེ་མཛད་བཞིན་ཡོད་པ་ལྟར་དུས་རྟག་ཏུ་ཁྱེད་རང་ཚོ་དང་འབྲེལ་བ་མུ་མཐུད་གནང་རྒྱུ་ཡིན་ཞེས་བཀའ་བསྩལ་ཡོད་པ་རེད། ད་རེས་༸གོང་ས་མཆོག་གིས་སླར་ཡང་ཐེ་ཝན་དུ་ཆིབས་བསྒྱུར་མཛད་རྒྱུར་ཐུགས་རེ་གནང་བཞིན་ཡོད་སྐོར་བཀའ་བསྩལ་བའི་གནས་ཚུལ་ཐོན་འབྲེལ། ཁ་སང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ Joanne Ou ལགས་ཀྱིས་ཐེ་ཝན་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ལ་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག ཐེ་ཝན་གཞུང་ལ་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་བསྐྱང་ཆོག་པའི་སྙན་ཞུ་རིགས་གང་ཡང་འབྱོར་མེད་ཀྱང་ནམ་ཞིག་དེ་འབྲེལ་གནས་ཚུལ་བྱུང་ཚེ་སྐབས་དོན་གྱི་ཁྲིམས་སྲོལ་དང་མཐུན་པའི་ཕྱག་བསྟར་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། ལྷག་པར་དུ་ཕན་ཚུན་གཉིས་མོས་ཀྱི་ཆེ་མཐོང་ལྟ་ཚུལ་དང་དུས་སྐབས་དང་བསྟུན་ཏེ་༸གོང་ས་མཆོག་ཐེ་ཝན་ནང་སླར་གདན་ཞུ་གནང་ཐོག་ནང་ཆོས་ཁྱབ་གདལ་མཛད་རྒྱུ་ཡིན་ཞེས་གསུངས་འདུགརྩ་བའི་ལྕམ་སྐུ་ Tsai Ing wen ཐེ་ཝན་གྱི་སྲིད་འཛིན་དུ་འཁོད་པ་ནས་བཟུང་ད་བར་༸གོང་ས་མཆོག་ཐེ་ཝན་ནང་འཚགས་གཟིགས་སུ་ཕེབས་མྱོང་མེད་པ་དང་མགོན་པོ་༸གང་ཉིད་མཆོག་ཐེ་ཝན་ནང་འཚམས་གཟིགས་མཐའ་མ་དེ་ཕྱི་ལོ་ ༢༠༠༩ ལོར་གནང་ཡོད་པ་རེད།  འོན་ཀྱང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ལ་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ལན་གནང་བ་དེས་རྒྱ་གཞུང་ལ་ཁོང་ཁྲོ་སློང་ངེས་ཡིན་པར་ཚོད་དཔག་གནང་གི་འདུགདེའི་བར་ན་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གི་ངོས་ནས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་བྱས་པ་དེས་ཧོང་ཀོང་ནང་གི་མི་སེར་མང་པོས་རྒྱ་ནག་གི་ཁྲིམས་གཞིར་ངོ་རྒོལ་སྐད་འབོད་དང་རྒྱལ་ཁབ་མང་པོས་དེར་སྐྱོན་བརྗོད་ཀྱིས་བསྐྱར་ཞིབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ནས་ཉེ་ཆར་ཁྲིམས་གཞི་དེར་སེམས་འཚབ་དང་བཅས་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་ཞེས་པ་ཞིག་ཀྱང་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པའི་ཁྲོད་འདིར་མང་ཚོགས་ཁག་ཅིག་ནས་ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞི་གསར་པ་དེར་བློ་འཚབ་ཀྱི་རྣམ་པ་དང་བསྟན་པ་དང་འབྲེལ། ཁྲིམས་གཞི་དེས་མང་གཙོའི་རིན་ཐང་ལ་ཉེན་ཚབས་ཆེན་པོ་འགྱུར་ངེས་ཡིན་སྟབས་རྒྱ་གཞུང་གིས་བྱ་སྤྱོད་འདིར་ཨ་རི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་ཚོར་ཤུགས་ཆེན་པོས་ལན་འདེབས་གསལ་པོ་གནང་དགོས་པའི་དགོས་འདུན་གནང་བཞིན་པ་མ་ཟད། ཐེངས་འདིར་ཨ་རིའི་གྲོས་ཚོགས་སུ་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་གཏན་འབེབས་གནང་བ་བརྒྱུད་དེ་ཧོང་ཀོང་གི་རང་སྐྱོང་གནས་བབ་བརྩི་མེད་རྡོག་རོལ་བྱེད་མཁན་དང་ཁུལ་དེར་དྲག་གནོན་གྱི་བྱ་སྤྱོད་སྤེལ་མཁན། ལྷག་དོན་དུ་ངན་པ་ལག་འབྲེལ་བྱེད་མཁན་གྱི་དངུལ་ཁང་རྣམས་ལ་ཉེས་ཆད་གཏང་གཏན་འཁེལ་ཡོད་ཀྱང་། རྒྱ་གཞུང་གིས་མུ་མཐུད་སྤྱོད་བཞིན་པའི་བྱ་སྤྱོད་ལ་ཉེས་ཆད་དེ་དག་གི་འདང་གི་མེད་པ་དང་དེར་འགྲན་ཟླ་མེད་པའི་ལན་འདེབས་ཁ་གསལ་ཞིག་གནང་ཆེད་ཨ་རིའི་སྲིད་འཛིན་ Donald Trump མཆོག་ངེས་པར་ཐེ་ཝན་ལ་ཕེབས་ནས་ཨ་རི་རྒྱལ་ཁབ་ཀྱི་ངོས་ནས་དུས་རྟག་ཏུ་མང་གཙོའི་ལངས་ཕྱོགས་ལ་རྩ་ཆེར་འཛིན་བཞིན་ཡོད་པའི་བརྡ་ལན་གནང་དགོས་པའི་འབོད་སྐུལ་ཞུས་འདུགགལ་ཏེ་སྲིད་འཛིན་ཊམ་མཆོག་ཐེ་ཝན་ནང་བསྐྱོད་མ་ཐུབ་ཚེ་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་ཐེ་ཝན་ནང་ཆེད་གཏོང་གནང་དགོས་པ་དང་སྐུ་ཞབས་ Pence མཆོག་ནས་དེ་སྔོན་ Indo Pacific ས་ཁུལ་ནང་གཟིགས་སྐོར་ཐེངས་གསུམ་ཙམ་གནང་མྱོང་ཡོད་པ་མ་ཟད། ཁོང་གིས་རྒྱ་ནག་དེ་དུས་རབས་འདིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་རེད་ཅེས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་མུ་མཐུད་སྐྱོན་བརྗོད་ནན་པོ་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། ད་ཆ་ཧོང་ཀོང་ནང་གི་ཆེས་གཉན་འཕྲང་གི་དུས་སྐབས་འདིར་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པའི་མཚམས་སུ་ཨ་རིའི་སྲིད་འཛིན་ནམ་སྲིད་འཛིན་གཞོན་པ་གང་རུང་ཐེ་ཝན་དུ་ངེས་ཕེབས་གནང་རྒྱུ་དེས་ཡུལ་དེར་ཨ་རིའི་རྒྱབ་སྐྱོར་ཡོད་པའི་ཡིད་ཆེས་སླར་གསོ་གནང་ངེས་ཡིན་པར་འགྲེལ་བརྗོད་གནང་འདུག

༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བོད་དོན་རྐང་འཁོར་སྐོར་སྐྱོད་མཇུག་སྒྲིལ།

ཟླ་བ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་འཇར་འཁོད་བོད་རིགས་ཚོགས་པའི་ངོས་ནས་འཇར་མི་ནི་གཞུང་མང་གཉིས་ཀྱིས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ར་སྤྲོད་དང་རྒྱ་གཞུང་གིས་གདོང་རིས་དང་བྱ་སྤྱོད་ངོ་མ་ཐེར་འདོན་གནང་རྒྱུ་དང་འབྲེལ་དགོས་འདུན་དོན་ཚན་དྲུག་ཆེད་འདོན་ཐོག་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་མཁན་ལས་འགུལ་བ་རྣམས་ཁ་སང་ཟླ་ ༧ ཚེས་ ༦ ༸རྒྱལ་བའི་འཁྲུངས་སྐར་ཉིན་འཇར་མ་ནི་རྒྱལ་ས་ Berlin དུ་བདེ་འབྱོར་བྱུང་སྟེ་ཁུལ་དེའི་སྲིད་བློན་ལས་ཁུངས་ཀྱི་མདུན་དུ་བོད་དོན་ལས་འགུལ་བ་གཙོ་བོར་གྱུར་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་འབྲེལ། ཐེངས་འདིའི་བོད་དོན་རྐོང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུག སྤྱིར་བོད་དོན་རྐང་འཁོར་སྐོར་སྐྱོད་བ་རྣམས་ནས་ད་ལན་འཇར་མན་གཞུང་མང་གཉིས་ལ་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལམ་སྲོལ་དང་དེ་བཞིན་བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པའི་གྲོས་ཆོད་ཅིག་འཇར་མན་གྲོས་ཚོགས་ནང་གཏན་འབེབས་གནང་དགོས་པ་དང་། རྒྱ་ནག་གཞུང་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸སྐུ་དངོས་གང་དུ་བཞུགས་ཡོད་མེད་ཡོངས་ཁྱབ་ཞུ་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། འཇར་མན་གྲོས་ཚོགས་ནས་རྒྱ་ནག་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ། གཉིས་སྨན་དབུ་མའི་ལམ་གྱི་ཐོག་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་བར་རྒྱ་ནག་གཞུང་ལ་ཤུགས་གནོན་སྤྲོད་དགོས་པ། རྒྱ་གཞུང་གིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་མ་གཏང་ཚེ་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཡོངས་ལ་གོད་ཆག་ཕོག་པའི་རྒྱུ་རྐྱེན་རྒྱ་ནག་ཡིན་པ་ར་སྤྲོད་གནང་དགོས་པ་བཅས་ཆེད་བཀོད་གནང་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་སྐྱོད་དེ་ཟླ་ ༦ ཚེས་ ༢༩ ནས་ཁ་སང་བར་ཁྱོན་ཉིན་གྲངས་ ༨ ཀྱི་རིང་ཁུལ་དེའི་མངའ་སྡེ་ཆེ་ཁག་བཞི་དང་གྲོང་ཁྱེར་ཆེ་ཁག་གསུམ། དེ་བཞིན་གྲོང་རྡལ་ཁག་ ༢༥ ལྷག་དང་གྲོང་སྡེ་ལས་ཁུངས། འཇར་མན་གྱི་སྲིད་བློན་གཙོས་གནད་ཡོད་མི་སྣ་དང་བློན་ཆེན་ལས་ཁུངས། གྲོས་ཚོགས་ཚོགས་གཙོ་གཙོས་འཐུས་མི་རྣམས་ལ་གོང་གསལ་དགོས་འདུན་དོན་ཚན་དྲུག་ལ་རྒྱབ་སྐྱོར་གྱི་ཞུ་གཏུག་གནང་ཡོད་པ་དང་། ཁ་སང་ཕྱི་ཟླ་ ༧ ཚེས་ ༦ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་འཇར་མན་གྱི་རྒྱལ་ས་ Berlin སྲིད་བློན་ལས་ཁུངས་ཀྱི་མདུན་དུ་ལས་འགུལ་མཇུག་སྒྲིལ་དང་འདི་བཞིན་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག

Latest news