Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་བསྩལ་གཏན་ཁེལ་འདུག

རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༢༩ དང་ཕྱི་ཟླ་ ༨ ཚེས་ ༤ ནས་ ༦ དེ་བཞིན་ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ བར་བཅས་སོ་སོར་རྒྱ་གར་གྱི་སློབ་མ་ཁག་ཅིག བོད་རིགས་གཞོན་སྐྱེས་རྣམས་དང་ཨེ་ཤ་ཡའི་ཚོགས་སྡེ་ཁག་བཅས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱ་བརྒྱུད་ནས་བཀའ་ཆོས་དང་བཀའ་སློབ་བསྩལ་གཏན་ཁེལ་འདུགདེ་ཡང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་བསྩལ་གཏན་ཁེལ་བའི་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་།  དེའི་ནང་ཀུན་གྱིས་དགོངས་མངའ་བཞིན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་གསར་པའི་གློ་ཚད་རིམས་ནད་ COVID-19 ཀྱི་གནས་ཚུལ་ཛ་དྲག་ཆེ་བར་བརྟེན་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཚོུད་གཅིག་གི་རིང་རྒྱ་གར་གྱི་ཤེས་ཡོན་སྡེ་ཁག་འདྲ་མིན་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་རྙོག་ཟིང་ཆེ་བའི་འཛམ་གླིང་ཞེས་པའི་བརྗོད་གཞི་དང་འབྲེལ་བྱམས་བརྩེའི་ཐོག་བཀའ་སློབ་དང་རྒྱ་གར་གྱི་སློབ་མ་ཁག་ནས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་ཡིན་པ་དང་།དེ་བཞིན་ཕྱི་ཟླ་ ༨ ཚེས་ ༤ ནས་ ༦ ཉིན་སོ་སོའི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་རྒྱུ་དང་། དེ་རྗེས་ཆུ་ཚོད་ ༡༠ ནས་ ༡༠༌༣༠ བར་ཚོགས་པ་དེའི་ཚོགས་མི་རྣམས་ནས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་རེད་འདུགགཞན་ཡང་ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ ཉིན་སོ་སོའི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཁྱོན་ཉིན་གྲངས་གསུམ་གྱི་རིང་ཨེ་ཤ་ཡའི་ཚོགས་སྡེ་ཁག་ཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཤིག་བསྩལ་རྒྱུ་དང་ཚོགས་པའི་ཚོགས་མི་རྣམ་པས་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་འདུག གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་དབྱིན་ཇི། ཧིཾདཱི། བལ་སྐད། རྒྱ་སྐད། ཧྥི་རེན་ཆི། ར་ཤི་ཡ། སི་པེན། ཝི་ཏ་ནམ། ཉི་འོང་། སོག་པོ། ཀོ་རི་ཡ། འཇར་མི་ནི། པོར་ཇུ་གྷལ་དང་ཨི་ཊ་ལིའི་བཅས་ཀྱི་སྐད་རིགས་ནང་གསུང་སྒྱུར་གནང་སྟེ་ཐད་གཏོང་གནང་གི་འདུག དོན་གཉེར་ཅན་ཕྱི་ནང་གི་མང་ཚོགས་རྣམས་ནས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་ཚིགས་དང་༸གོང་ས་མཆོག་གི་ངོ་དེབ་ནང་ཐད་ཀར་གསན་གཟིགས་ཞུ་རྒྱུ་ཡོད་པ་ལྟར། དད་ལྡན་མང་ཚོགས་ཚོས་ས་གནས་སོ་སོར་བཅད་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་ཡོད་པ་རེད།

དཀའ་ངལ་གྱི་སྐབས་སུ་བློ་སེམས་བརྟན་པོས་མདུན་སྐྱོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀའ་བསྩལ་སོང་།

དེ་རིང་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད་ནས ཨ་རི་དང་དབྱིན་ཡུལ། དེ་བཞིན་ཁ་ན་ཌ་དང་ཨོ་གླིང་། གཞན་ཡང་སེངྒ་པོར་དང་ཤི་རི་ལང་ཀ་སོགས་ཀྱི་སྨན་པ་མང་པོ་ཞིག་ལ་སྨན་བཅོས་ལག་ལེན་ཁྲོད་ཀྱི་སྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་བསྩལ་ཏེ་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་ཞི་བདེ་ནི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་འབྲེལ་བ་ཆེན་པོ་ཡོད་པར་བསྟེན། སྨན་པ་རྣམས་ཀྱིས་ཞལ་ངོ་མཛུམ་གྱིས་ཁེངས་ནས་ནད་པར་ལྟ་སྐྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་བསྩལ་སོང་།དེ་རིང་གི་དྲ་ལམ་གྱི་བཀའ་སློབ་དེ་འགོ་མ་ཚུགས་གོང་།  རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Apollo སྨན་ཁང་གི་སྨན་པ་དང་། རྒྱལ་སྤྱིའི་རྒྱ་གར་གྱི་སྨན་པ་ཚོགས་པའི་འགན་འཛིན།  སྨན་པ་ Anupam Sibal ལགས་ཀྱིས་དེ་རིང་གི་བཀའ་སློབ་ཀྱི་ལས་རིམ་ངོ་སྤྲོད་གནང་སྟེ།  མགོན་པོ་གང་གིས་དུས་རྒྱུན་ནས་སྙིང་རྗེ་ནི་རང་བཞིན་གྱིས་གྲུབ་ཡོད་པ་ཞིག་མ་ཡིན་པར། དེ་ནི་རང་གི་བྱེད་ལས་ནས་ཡོང་གི་ཡོད་སྟབས། གལ་ཏེ་ཁྱེད་ཀྱི་གཞན་ཞིག་ལ་བདེ་སྐྱིད་བསྐྲུན་བསམ་ན་སྙིང་རྗེ་ཕྱག་བསྟར་གནང་དགོས་བ་དང་། དེ་བཞིན་རང་ཉིད་ལ་བདེ་སྐྱིད་དགོས་ན་ཡང་སྙིང་རྗེ་ཕྱག་བསྟར་གནང་དགོས། ང་ཚོས་འཚོལ་བཞིན་པའི་བདེ་སྐྱིད་དེ་ནི་སྙིང་རྗེ་གོང་འཕེལ་གཏོང་བ་དང་གཞན་ལ་བསམ་ཤེས་བྱེད་པ་ཁོ་ནས་ལས་འབྱུང་གི་ཡོད་པར་གསུངས་ཡོད་པ་ལུང་འདྲེན་གྱིས།  ད་སྐབས་རྒྱ་ནག་གི་རིམས་ནད་ཀྱི་རྐྱེན་གྱིས་སྨན་པ་རྣམས་ལ་ཡང་ལས་བྲེལ་གྱི་ཁྲོད་དུ་སེམས་ཀྱི་གནོན་ཤུགས་ཆེན་པོ་ཡོང་གི་ཡོད་སྟབས། མགོན་པོ་གང་གིས་སྨན་བཅོས་ལག་ལེན་ཁྲོད་ཀྱི་སྙིང་རྗེ་སྐོར་གྱི་བཀའ་སློབ་སྩོལ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་སོང་།སྐབས་དེར་༸གོང་ས་མཆོག་གིས། འགྲོ་བ་མིའི་རིགས་ཀྱི་འཕྲོད་བསྟེན་ནི་ཕྱི་གཟུགས་ཀྱི་གྲུབ་ཆ་དང་ནང་སེམས་ཀྱི་གྲུབ་ཆ་གཉིས་ཀྱིས་གྲུབ་ཡོད་པ་ཞིག་ཡིན་པར་བཀའ་གནང་སྟེ། བྱམས་བརྩེ་དང་སྙིང་རྗེ། དེ་བཞིན་ནང་སེམས་ཀྱི་སྟོབས་ཤུགས་དང་ཞི་བདེ་སོགས་ནི་ནང་སེམས་ཀྱི་འཕྲོད་བསྟེན་གལ་ཆེན་ཞིག་ཡིན་པ་དང་། ཕྱི་ལུས་པོའི་འཕྲོད་བསྟེན་གྱི་ཆ་ནས་དབུགས་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་པ་བཀའ་བསྩལ་བ་དང་འབྲེལ། དབུགས་སྦྱོང་ཉམས་ལེན་གནང་བ་ཡིན་ན་སེམས་འཚབ་དང་ཁོང་ཁྲོ་ཞི་བར་ཕན་ཐོག་འབྱུང་གི་ཡོད་པའི་ལམ་སྟོན་གནང་བ་དང་འབྲེལ། དབུགས་སྦྱོང་དེ་ཤེས་ཡོན་རང་ལ་ངོས་འཛིན་བྱས་པའི་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་འཕྲོད་བསྟེན་ཇེ་རྒྱས་ཇེ་ལགས་སུ་གཏོང་བར་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་སོང་།མགོན་པོ་༸གང་གིས་རྒྱ་གར་གྱི་ནང་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པར་བཀའ་གནང་སྟེ། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་ཀྱང་དུས་རྒྱུན་ནས་འཚེ་མེད་ཞི་བ་དང་སྙིང་རྗེ་ཕྱག་ལེན་གནང་གི་ཡོད་པ་མ་ཟད། ཁོང་གིས་རྗེས་སུ་རྒྱ་གར་གྱི་རང་དབང་འཐབ་རྩོད་ཀྱི་སྐབས་སུ་ཡང་འཚེ་མེད་ཞི་བ་དང་སྙིང་རྗེ་ཕྱག་ལེན་གནང་ཡོད་པ་དེ་ནི་འཛམ་གླིང་གི་མིག་དཔེ་ལྟ་བུར་གྱུར་ཡོད་པར་བཀའ་གནང་བ་དང་འབྲེལ།  ༸མགོན་པོ་གང་གིས་ བདག་ཉིད་ཆེན་པོ་གྷན་ངྷི་མཆོག་ལ་སྐྱོན་བརྗོད་ཏོག་ཙམ་ཡོད་པའི་ཆ་དེ་ནི་ཁོང་གིས་རྒྱ་གར་ལ་རང་དབང་ཐོབ་མཚམས་སུ་རྒྱ་གར་གྱི་ནང་དུ་དབྱིན་ཇིའི་ཤེས་ཡོན་ལམ་ལུགས་རྒྱུན་འཛིན་གནང་རྒྱུར་ཁས་ལེན་གནང་ཡོད་པ་དེ་རེད།  དེའི་ཚབ་ཏུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་བསྩལ་སོང་། སྐབས་དེར། ཨོ་གླིང་གི་སྨན་དཔྱད་རིག་པའི་ནོ་སྦེལ་གཟེགས་རྟགས་བཞེས་མྱོང་མཁན་གྱི་ལྕམ་སྐུ་ Elizabeth Blackburn ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ལོ་ངོ་བཅུ་བཞིའི་སྔོན་མཇལ་མྱོང་བ་ཕྱིར་དྲན་གནང་བ་དང་འབྲེལ་ནས། མི་ཚེ་ནང་སེམས་ངལ་བྱུང་བ་ལ་བརྟེན་ནས་རེ་བ་བརླགས་པའི་མི་ལ་རོགས་རམ་ཅི་ལྟར་གནང་དགོས་བའི་སྐོར་ལ་བཀའ་འདྲི་གནང་བར་མགོན་པོ་གང་གིས། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་ཐོག་མཐའ་གཉིས་ཡོད་པའི་ཆོས་ཉིད་འབྲེལ་བརྗོད་གནང་བ་དང་འབྲེལ་ནས། འགྲོ་བ་མི་ཞིག་ལ་མཚོན་ནའང་སྐྱེ་འཆི་གཉིས་བརྒྱུད་དགོས་བར་བཀའ་གནང་སྟེ། སྤྱིར་འགྲོ་བ་མིའི་རིགས་ལ་མཚོན་ན་དཀའ་ངལ་ནི་ང་ཚོའི་འཚོ་བའི་ཆ་ཤས་ཤིག་ཡིན་སྟབས་གཞི་རྒྱ་ཆེ་ས་ནས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་དང་།  གང་ཉིད་མཆོག་ཀྱང་སྤྱི་ལོ་ ༡༩༥༩ ལོ་ཟླ་༣ པའི་ཚེས་བཅུ་ ༡༧ གྱི་མཚན་མོར་ནོར་བུ་གླིང་ཀའི་དབྱར་གནས་ལས་བྲོས་བྱོལ་དུ་ཡོང་བའི་སྐབས་ཐོག་དེར་གང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད་པར་བརྟེན་གནས་སྟངས་ཛ་དྲག་ཆགས་ཡོད་ནའང་། བློ་སེམས་བརྟན་པའི་ཐོག་ནས་དགོངས་པ་ཆེ་བཞེས་གནང་སྟེ་བྲོས་བྱོལ་དུ་ཕེབས་པའི་སྐོར་དྲན་གསོ་གནང་བ་དང་འབྲེལ།   མི་སུ་ཞིག་ཡིན་རུང་འདོད་རྔམ་ཆེན་པོ་དང་མིག་རྒྱང་ཐུང་ཐུང་། དེ་བཞིན་བསམ་བློ་གུ་དོག་པོ་བྱེད་རྒྱུ་མེད་པར། བྱ་བཞག་གང་ལ་ཐུག་ཀྱང་ཆོད་སེམས་བརྟན་པོ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་བསྩལ་སོང་།རྩ་བའི་དེ་རིང་གི་བཀའ་སློབ་ཀྱི་ལས་རིམས་འདི་ནི་རྒྱལ་སྤྱིའི་རྒྱ་གར་གྱི་སྨན་པ་ལྷན་ཚོགས་ཀྱིས་རིམས་ནད་ཀྱི་དུས་སྐབས་འདིར་སྨན་པ་རྣམས་ཀྱིས་ཆུ་ཚོད་མང་པོ་བཏང་ནས་ནད་པར་སྨན་བཅོས་བྱེད་ཀྱི་ཡོད་སྟབས།  ཁོང་རྣམས་ལ་སེམས་ཤུགས་འཕར་མ་ཞིག་སྩོལ་ཕྱིར་གོ་སྒྲིག་གནང་བ་ཞིག་རེད་འདུག

ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་གཏན་འབེབས་གནང་བར་དགའ་བསུ་མཛད་པ།

འདས་པའི་ཉིན་གྲངས་ལྔ་ཙམ་གྱི་གོང་ནས་ཡོ་རོབ་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་མཐུན་ཚོགས་སུ་ཚོགས་མི་རྒྱལ་ཁབ་ ༢༧ གྱི་དབུ་ཁྲིད་དང་འབྲེལ་ཡོད་སྐུ་ཚབ་མི་སྣ་བཅས་ལྷན་ཞུགས་ཐོག་བར་སྐབས་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཡོ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབས་ལ་གྱོང་གུད་དང་མི་མང་གི་འཚོ་བར་དོ་ཕོག་ཐེབས་ཁག་སླར་གསོ་གནང་རྒྱུར་དམིགས་ཏེ་གཉན་རིམས་ངལ་སེལ་གྱི་རོགས་དངུལ་གྲོས་མཐུན་གཏན་འབེབས་གནང་བཞིན་ཡོད་པ་ལྟར་ཁ་སང་རེས་གཟའ་མིག་དམར་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་ཚོས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་ཡོ་སྒོར་ཐེར་འབུམ་ ༧༥༠ དངོས་སུ་གཏན་འབེབས་གནང་ཡོད་པ་རེད།ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་གྲོས་མཐུན་དང་འབྲེལ་ཏེ་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། དེའང་ནང་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་རྐྱེན་གྱིས་གྱོང་གུད་ཕོག་པའི་ཚོགས་མི་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་གནང་རྒྱུར་ད་བར་མཐུན་ཚོགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མ་དངུལ་རོགས་སྐྱོར་གྱི་གྲོས་མཐུན་ཞིག་གཏན་འབེབས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བསྔགས་བརྗོད་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་སླར་ད་རེས་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་གྲོས་མོལ་དང་བློས་བཏང་ཆེན་པོས་ཐུན་མོང་གི་དགོས་འདུན་ལེགས་གྲུབ་ཡོང་བར་ཆེད་དམིགས་ཀྱིས་ཕྱག་ལས་གནང་བ་དེ་ནི་ཚོགས་མི་རྒྱལ་ཁབ་རྣམ་པའི་རྣམ་དཔྱོད་དང་གཟི་བརྗིད་མཚོན་ཐུབ་པ་ཞིག་ཀྱང་རེད་ཅེས་བསྔགས་བརྗོད་མཛད་འདུག ༸གོང་ས་མཆོག་གིས་རྒྱུན་དུ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་འདི་ནི་རྒྱལ་ཁབ་གཞན་ཚོའི་ངོས་ནས་མིག་དཔེ་འོས་པའི་མཐུན་ཚོགས་ཤིག་ཡིན་པར་ཐུགས་སྨོན་མཛད་དོན་བཞིན་ད་རེས་ངལ་སེལ་གྱི་གྲོས་མཐུན་གཏན་འབེབས་བྱུང་བར་དགའ་བསུའི་འཚམས་འདྲི་དང་། སླད་མར་གོ་ལའི་གནམ་གཤེས་འགྱུར་ལྡོག་སོགས་དང་འབྲེལ་བའི་ལས་དོན་ཁག་ཀྱང་ཚགས་ཚུད་ཡོང་བའི་ཐུགས་སྨོན་ཡོད་ཅེས་བཀའ་བསྩལ་འདུགགཉན་རིམས་ངལ་སེལ་གྱི་རོགས་དངུལ་གྲོས་མཐུན་གཏན་འབེབས་གནང་སྐབས་གྲོས་འཐུས་ཕན་ཚུན་དབར་མ་དངུལ་གྱི་བསྡུ་ཆ་སོགས་ཀྱི་ཐད་བཀའ་བསྡུར་ལྷུག་པོ་བྱུང་ཡོད་ཀྱང་། མཐར་དངོས་སུ་གཏན་འབེབས་གནང་སྐབས་ཡོ་རོབ་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་  Charles Michel ལགས་ཀྱིས་རོགས་དངུལ་གྲོས་མཐུན་གཏན་འབེབ་བྱུང་བ་དེ་ནི་དུས་ཀྱི་དགོས་མཁོ་ཙམ་མ་ཟད་ཡོ་རོབ་མཐུན་ཚོགས་ཀྱི་དེ་བྱུང་ཁྲོད་གནས་ངེས་ཀྱི་གྲོས་མཐུན་གནད་ཆེ་ཞིག་ཀྱང་རེད་ཅེས་གསུངས་འདུགརྩ་བའི་ཡོ་རོབ་མཐུན་ཚོགས་ཀྱིས་གཉན་རིམས་ངལ་སེལ་གྱི་རོགས་དངུལ་ཡོ་སྒོར་ཐེར་འབུམ་ ༧༥༠ གཏན་འབེབས་གནང་བ་ལས་ཐེར་འབུམ་ ༣༩༠ ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་གྱོང་གུད་ཕོག་ཁག་ལ་གཞིགས་ཏེ་ཚོགས་མི་རྒྱལ་ཁབ་ཚོར་རོགས་སྐྱོར་གྱི་ངོ་བོའི་ཐོག་ནས་གནང་རྒྱུ་དང་ཐེར་འབུམ་ ༣༦༠ སྐྱེད་ཆུང་བུན་གཡར་ཐོག་ཚོགས་མི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་གནང་རྒྱུ་ཡིན་པ་རེད། དེ་དང་འབྲེལ་ནས་དཔྱད་ཞིབ་པ་རྣམས་ཀྱིས་ཐེངས་འདིའི་རོགས་སྐྱོར་འདིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སུ་གྱུར་བ་སི་པན་དང་ཨི་ཊ་ལི་ལྟ་བུར་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པ་གསུང་བཞིན་འདུག

ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་པར་ངོས་ལེན་མེད་པའི་བཞེངས་ཕྱོགས་སོར་གནས་ཡིན་པ་གསུངས་འདུག

འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པ་དང་བསྟུན་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Josep Borrell  མཆོག་གིས་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་གནད་དོན་དང་འབྲེལ་བའི་བྱ་རིམ་ཁག་ལ་ཐེ་བྱུས་བྱེད་པར་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བྱེད་ཕྱོགས་དེར་ངོས་ལེན་རྩ་བ་ནས་མེད་པའི་བཞེངས་ཕྱོགས་གསོར་ནས་ཡིན་པ་གསུངས་འདུགདེའང་སྐུ་ཞབས་ Josep Borrell  མཆོག་གིས་ཆོས་ལུགས་ཀྱི་དབུ་ཁྲིད་གང་ཞིག་འདེམས་སྒྲུག་གནང་སྐབས་དེ་འབྲེལ་ཆོས་ལུགས་ཀྱི་བྱ་རིམ་ཁག་ལ་གུས་བརྩི་ཞུས་ཏེ་གནང་དགོས་པ་ལས་སྲིད་གཞུང་གང་གིས་ཀྱང་དེར་ཐེ་གཏོགས་གནང་རྒྱུ་མེད་སྐོར་གསུངས་པ་དང་སྦྲགས། ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ནམ་བྱུང་ལ་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་ལ་བསྐྱར་བཤད་ཡང་བཤད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་གནང་སྒོ་ཁག་ལ་ཐེ་བྱུས་བྱེད་དབང་མེད་པར་སྐྱོན་བརྗོད་ནན་པོ་གནང་ཡོད་སྐོར་གསུངས་འདུག སྐུ་ཞབས་ Josep Borrell མཆོག་གི་བཀའ་མོལ་དེ་ནི་འདི་ལོའི་ལོ་སྟོད་དུ་ཡུ་རོབ་གྲོས་ཚོགས་ནང་པོར་ཆུ་གྷལ་དང་། བྷེལ་འཇམ། ཨོ་སི་ཊོ་ལི་ཡ། དེ་བཞིན་ལི་ཐོ་ནི་ཡ་བཅས་ཡོ་རོབ་ཆབ་སྲིད་ཤོག་ཁག་བཞིའི་གྲོས་ཚོགས་འཐུས་མི་ལྔས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བཀའ་འདྲི་ཞུས་ཁག་ལ་གསལ་བཤད་ཀྱི་ལན་འདེབས་གནང་བ་ཞིག་ཡིན་པ་རེད་འདུགཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ Vincent Metten ལགས་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་ཞལ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་མཚོན་པའི་སྐུ་ཞབས་ Borrell  མཆོག་གི་བཀའ་མོལ་དེར་དགའ་བསུ་ཞུས་པ་དང་འབྲེལ། ད་ནི་ཡོ་རུབ་མཐུན་ཚོགས་ཀྱི་ངོས་ནས་དེའི་ཚོགས་མི་རྒྱལ་ཁབ་ ༢༧ གྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་སྤྱི་བསྒྲགས་ཤིག་སྤེལ་ཏེ་གནད་འགག་ཅན་གྱི་གནད་དོན་ཐོག་ཡུ་རོབ་མཐུན་ཚོགས་ནས་གཅིག་གྱུར་གྱི་བཞེངས་ཕྱོགས་སོར་གནས་ཡིན་པ་གསལ་འདོན་གནང་རྒྱུ་ནི་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་པ་དང་བསྟུན་མ་འོངས་པའི་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པའི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཇི་ལྟར་ཞུ་དགོས་མིན་གྱི་བདག་དབང་དང་ཐེ་གཏོགས་རྒྱ་ནག་གཞུང་ལ་ཡོད་སྐོར་འཁྱོག་བཤད་རབ་དང་རིམ་པ་སྤེལ་འགོ་བཙུགས་ཡོད་པ་མ་ཟད་དེ་འབྲེལ་ཁྲིམས་སྒྲིག་ཁག་ཅིག་གཏན་འབེབས་བྱས་པ་དེ་ལྟར་ཡང་། ཡོ་རོབ་མཐུན་ཚོགས་དང་།  བྷེལ་ཇམ། Netherlands བཅས་ཀྱིས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་ཐད་བདག་དབང་ཆ་ཚང་བོད་མི་རྣམས་ལ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། འདི་ལོའི་ལོ་སྟོད་དུ་ཨ་རིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་པ་དང་། གལ་ཏེ་ཁྲིམས་འཆར་དེ་དངོས་སུ་ཁྲིམས་ལ་བཅད་ཐུབ་ཚེ་དེའི་ནང་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བདག་དབང་ཡོང་རྫོགས་བོད་མི་རྣམས་ལ་ཡོད་པ་དང་། མ་འོངས་པར་རང་སྣང་གང་དྲན་གྱིས་༸སྐུའི་ཡང་སྲིད་འདེམས་སྒྲུག་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་སྲིད་དོན་ཉེས་པ་འགེལ་རྒྱུ་ཡིན་པ་གསལ་ཡོད་པ་རེད།སྤྱིར་འདས་ལོ་ནང་བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་དབུ་ཁྲིད་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸གང་ཉིད་གཅིག་པུར་ཡོད་པ་ལས་གཞན་སྲིད་གཞུང་སོགས་སུ་ལའང་མེད་སྐོར་སོགས་གནད་འཁོད་སྤྱི་མོས་ཀྱིས་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབས་གནང་ཡོདཔ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་སླད་མར་༸སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པ་གཅིག་དང་བྱེས་སུ་བོད་མིས་ངོས་འཛིན་བྱས་པ་གཅིག་བཅས་གཉིས་བྱུང་ངེས་ཡིན་པ་ལྟར་བོད་མིས་ངོས་འཛིན་ཞུས་པ་དེ་ལ་ངོས་བཞེས་གནང་དགོས་སྐོར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད།

ཨ་རི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ John Lewis མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ John Lewis མཆོག་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུགགསུང་འཕྲིན་དེའི་ནང་དམ་པ་ཁོང་ནི་ཨ་རིའི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་གནང་མཁན་གྱི་དབུ་ཁྲིད་ཙམ་མིན་པར་འཚེ་མེད་ཞི་བདེ་དང་དྲང་བདེན་ཐད་རྒྱལ་སྤྱི་ཁྱོན་ཡོངས་ལ་སེམས་འགུལ་སྤེལ་མཁན་མིག་ལྟོས་ལྟ་བུ་ཆགས་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་དུས་ཡུན་རིང་པོའི་གོང་ནས་ཨ་རིའི་སྙན་གྲགས་ཅན་གྱི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Dr. Martin Luther King Jr མཆོག་དང་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་ Gandhi མཆོག དེ་བཞིན་ལྷོ་ཨ་ཕི་རི་ཀའི་དབུ་ཁྲིད་ Nelson Mandela མཆོག་སོགས་སྐྱེས་ཆེན་དམ་པ་དེ་དག་ལ་ཡིད་མོས་མཛད་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་འཚེ་མེད་ཞི་བ་དང་འབྲེལ་བའི་བཀའ་མོལ་སྩོལ་སྐབས་ཁོང་རྣམ་པ་དཔེ་མཚོན་དུ་ལུང་འདྲེན་མཛད་སྐོར་བཀའ་བསྩལ་བ་དང་སྦྲགས། སྐུ་ཞབས་ Lewis ལགས་དམ་པ་དེ་ཉིད་ནི་ Dr. Martin Luther King Jr མཆོག་ཐུགས་ངོ་མཁྱེན་པ་ཁོ་ན་མ་ཡིན་པར་ཁོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་སྟབས་༸གོང་ས་མཆོག་གིས་ Dr. King Jr མཆོག་དང་སྐུ་དངོས་སུ་མཇལ་མྱོང་མེད་ཀྱང་སྐུ་ཞབས་ Lewis མཆོག་གི་བརྒྱུད་ཁོང་དང་དམིགས་བསལ་གྱི་འབྲེལ་བ་ཅིག་འཇོག་ཐུབ་པའི་ཐུགས་ཚོར་བྱུང་ཡོད་སྐོར་བཀའ་བསྩལ་འདུགགཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ John Lewis མཆོག་གི་བཞེངས་ཕྱོགས་དང་འབྲེལ་དམ་པ་ཁོང་ནི་མང་གཙོའི་ཆ་རྐྱེན་གཙོ་བོ་སྟེ་འདྲ་མཉམ་དང་རང་དབང་། དེ་བཞིན་དྲང་བདེན་གྱི་ལྟ་སྤྱོད་སོགས་བརྒྱུད་ནས་ཨ་རིའི་མི་སེར་རྣམས་ལ་འཐབ་རྩོད་ཀྱི་ལམ་བུ་དེ་འཚེ་མེད་ཞི་བའི་ཐོག་ནས་རྩོད་ལན་གནང་དགོས་པའི་བློ་སྐྱེད་གནང་ཡོད་པ་ལྟར། ད་ཆ་དམ་པ་ཁོང་སྐུ་འཚོ་བཞུགས་མེད་ཀྱང་ཨ་རིའི་མི་མང་ཚོའི་ངོས་ནས་ཨ་རི་རྒྱལ་ཁབ་དང་དེ་བཞིན་གོ་ལའི་ཁྱོན་གྱི་བདེ་ཐབས་ལ་དམིགས་ཏེ་ཁོང་གི་བཞེངས་ཕྱོགས་དེའི་ཐོག་ནས་ཕྱག་ལས་མུ་མཐུད་གནང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམ་པ་ཁོང་གི་ནང་མི་དང་ཨ་རིའི་གཞུང་མང་གཉིས་ལ་ཐུགས་གསོ་ཞུས་པ་དང་སྦྲགས། དམ་པ་ཁོང་ནི་ཨ་རིའི་མི་མང་གི་རང་དབང་དང་དྲང་བདེན་སླད་ Dr. Martin Luther King མཆོག་གི་བཞེངས་ཕྱོགས་དང་འབྲེལ་ནས་འཚེ་མེད་ཞི་བའི་ལྟ་སྤྱོད་ཐོག་ནས་རླབས་ཆེན་གྱི་ཕྱག་ལས་གནང་མཁན་དབུ་ཁྲིད་ཅིག་ཡིན་སྐོར་གསུངས་པ་དང་སྦྲགས། དམ་པ་ཁོང་མིག་དཔེར་བཟུང་ནས་བོད་མི་རིགས་ཀྱི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་དེ་ཡང་འཚེ་མེད་ཞི་བའི་སྒོ་ནས་གནང་བཞིན་ཡོད་པ་གསུངས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་གཉན་འཕྲང་ཅན་གྱི་དུས་ཚིགས་འདི་འདྲ་ཞིག་གི་ཐོག་དམ་པ་ཁོང་སྐུ་འདས་གྲོངས་སུ་གྱུར་བར་མྱ་ངན་ཞུས་པ་དང་ཆབས་ཅིག སྐུ་ཞབས་ John Lewis མཆོག་གི་ཞལ་ཆེམས་དེ་མུ་མཐུད་ནས་མིག་ལྟོས་ལ་བཟུང་སྟེ་བདེན་པར་རྒྱབ་སྐྱོར་གྱི་ཕྱག་ལས་གནང་དགོས་གལ་ཡིན་པ་གསུངས་འདུག

ལོ་འདིའི་ལོ་མཇུག་ཙམ་ལ་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་ཞིག་སྩོལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་ནས་བཞུགས་སྒར་༸རྒྱལ་བའི་གཟིམ་ཁང་ནས་དྲྭ་ཐོག་བརྒྱུད་དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པའི་དགེ་སློབ་རྣམས་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་བཀའ་དྲིན་སྩོལ་བཞིན་པ་ལྟར། དེ་རིང་བཀའ་ཚོས་ཉིན་མཐའ་མའི་ཐོག་མ་དེར་མགོན་པོ་༸གང་ཉིད་མཆོག་ནས་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མ་འགྲོ་བ་མི་སོ་སོའི་བློ་དང་མཐུན་པའི་ཐོག་སྡུག་བསྔལ་ལ་གཉེན་པོ་བསྟེནཚུལ་དང་། གཞན་ཕན་བསྒྲུབ་རྒྱུ་སོགས་གསུང་མཁན་གཅིག་གྱུར་ཡིན་པར་བཀའ་འགྲེལ་དང་ཆབས་ཅིག སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འཁོར་རྣམ་པ་གསུམ་གྱི་སྐོར་ལ་ངོ་སྤྲོད་ཞིབ་རྒྱས་མཛད་ཐོག་བཀའ་ཆོས་འཕྲོ་སྐྱོང་མཛད་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དབུ་མ་འཇུག་པ་དང་དབུ་མ་རྩ་བ་ཤེས་རབ་སོགས་རྒྱ་གར་གྱི་མཁས་ཆེན་དཔལ་མགོན་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་མཛད་པའི་བཀའ་ཆོས་ཀྱི་རྩ་འགྲེལ་ཁག་ཉིན་རེ་བཞིན་དུ་ལྟ་ཀློག་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་དང་། དེ་ཡང་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་ལས། རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཞེས་པ་ལྟར། རིག་གནས་དེ་དག་གིས་ཚེ་འདི་ལ་ཕན་པ་ཙམ་མ་ཟད། ཚེ་རབས་ནས་ཚེ་རབས་བར་དུ་བག་ཆགས་བཟང་པོ་བཞག་རྒྱུར་ཏན་ཏན་ཕན་གྱི་ཡོད་པ་སོགས་བཀའ་བསྩལ་ཡོད། ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་མཇུག་སྒྲིལ་བའི་མཚམས་སུ་རྒྱ་གར་གྱི་ནང་པའི་ཚོགས་པའི་ཚོགས་མི་ཁག་ཅིག་ནས་བྱམས་ཆུབ་སེམས་ལ་བློ་སྦྱོང་སྟངས་དང་ལུས་པོའི་བདེ་སྡུག་ལ་གཉེན་པོ་བསྟེན་སྟངས་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་སྤྱིར་འཇིག་རྟེན་འདིའི་ཐོག་ཡོད་པའི་ཕྱིའི་རིག་གནས་ཀྱི་རྣམ་གཞག་མང་པོ་ཞིག་མིའི་བདེ་སྐྱིད་བསྒྲུབ་རྒྱུ་དང་འབྲེལ་བ་ཡོད་ཀྱང་། རིག་གནས་དེ་དག་མིའི་ཆགས་སྡང་གི་གཞན་དབང་དུ་སོང་སྐབས་སྡུག་བསྔལ་གྱི་རྒྱུར་འགྲོ་ཡི་ཡོད་སྟབས་རྟག་ཏུ་སེམས་ཆགས་སྡང་གི་གཞན་དབང་དུ་མ་སོང་བ་ཞིག་གནང་གལ་ཡིན་པར་ལམ་སྟོན་མཛད་ཡོད། རྒྱུན་དུ་སེམས་པ་བཟང་པོ་བྱེད་རྒྱུ་དང་ལྷག་པར་དུ་ཆོས་ཀྱི་རྣམ་གཞག་དེ་ཚོ་ལམ་སེང་ཤེས་རྒྱུ་ཁག་ཡིན་སྟབས་རྒྱུན་སྲིང་ནས་ཆོས་ལ་སློབ་གཉེར་གནང་དགོས་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་། ལྷག་པར་དུ་སྐབས་དེར་རྒྱ་གར་གྱི་ནང་པའི་ཚོགས་པའི་སྐུ་ཚབ་ནས་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་རྩེ་བ་ཆེན་པོའི་ཐོག་ནས་བཀའ་ཆོས་བསྩལ་བར་ཐུགས་རྗེ་ཆེ་ཞུས་སོང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་གར་གི་ངོས་ནས་རང་ཉིད་ཀྱི་གནའ་བོའི་རིག་གནས་དེ་དག་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་ཁྲིད་ཐུབ་རྒྱུར་འབད་བརྩོན་གནང་དགོས་པར་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་ད་ལྟའི་ཆར་་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ས་གནས་ཁག་ཏུ་ཕེབས་རྒྱུ་ཁག་པོ་ཆགས་ཡོད་ཀྱང་ལོ་འདིའི་ལོ་མཇུག་ཙམ་ལ་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་ཞིག་སྩོལ་ཐུབ་རྒྱུའི་ཐུགས་རེ་ཡོད་པ་བཀའ་བསྩལ་སོང་།

༸གོང་ས་མཆོག་གིས་དྲྭ་ཐོག་བརྒྱུད་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་གཟིམ་ཁང་ནས་དྲྭ་ཐོག་བརྒྱུད་དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པ་ཞེས་རྒྱ་གར་གྱི་ནང་པའི་ཚོགས་པའི་དགེ་སློབ་རྣམས་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་སོང་། དེ་རིང་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ཐོག་ཐད་གཏོང་བརྒྱུད་དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པ་ཞེས་རྒྱ་གར་གྱི་ནང་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་ཟླ་ ༧ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་རིང་བསྩལ་རྒྱུའི་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་པ་དང་སྦྲགས། ཚོགས་པའི་སྐུ་ཚབ་ཀྱིས་མགོན་པོ་༸གང་ཉིད་མཆོག་ནས་བཀའ་ཆོས་བསྩལ་རྒྱུའི་ཞལ་བཞེས་བཟང་པོ་སྨིན་བསྩལ་མཛད་པར་ཐུགས་རྗེ་ཆེ་ཞུས་པ་དང་༸མགོན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་གསོལ་འདེབས་ཞུས་སོང་བ་དང་། སྐབས་དེར་༸གོང་ས་མཆོག་གིས་ངོས་རང་ད་ཆ་ལོ་བརྒྱད་ཅུ་གྱ་ལྔ་གྱ་དྲུག་ལ་སོན་ཡོད་ཀྱང་ལུས་ཁམས་བདེ་ཐང་ཡིན་པས་ད་དུང་ལོ་བཅོ་ལྔ་ཉི་ཤུ་བར་བསྡད་རྒྱུར་ཐག་བཅད་ཡོད་ཅེས་བཀའ་བཞེས་བཟང་པོ་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བཀའ་ཆོས་སྤྱི་བཤད་དང་འབྲེལ་ནས་སངས་རྒྱས་པའི་ཆོས་ཀྱི་འགྲོ་ལུགས་ལྟར་ན་ངེད་ཅག་ཚང་མ་སྡུག་བསྔལ་མི་འདོད་པ་འབའ་ཞིག་ཡིན་པ་དང་སྒོས་སྡུག་བསྔལ་གྱི་རྩ་བ་ནི་ཉོན་མོངས་པ་ཡིན་པ་དང་། ཉོན་མོངས་ཀྱི་རྩ་བ་དེ་གཏི་མུག་བདེན་འཛིན་ཡིན་སྟབས་བདེན་འཛིན་གྱི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་བསྒོམ་དགོས་སྐོར་བཀའ་བསྩལ་བ་དང་ཆབས་ཅིག སྟོང་ཉིད་རྟོགས་པའི་ལྟ་བའི་གལ་གནད་སྐོར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།བཀའ་ཆོས་ལས་འཕྲོས་ཏེ་༸གོང་ས་མཆོག་གིས་བྱང་ཆུབ་སེམས་དང་འབྲེལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་གཙོ་བོ་དེ་ནི་སྙིང་རྗེའི་བསམ་པ་ཡིན་པ་དང་སྒོས་རང་དོན་བསྒྲུབ་དགོས་ན་དེ་རེད་ཅེས་བཀའ་བསྩལ་དང་སྦྲགས། གཞན་དོན་བསྒྲུབ་རྒྱུ་ནི་བྱང་ཆུབ་སེམས་བསྒོམ་པ་དང་གཉིས་སུ་མེད་པ་དང་། ལྷག་པར་དུ་བྱང་ཆུབ་སེམས་བསྒོམ་ཚེ་སེམས་སྐྱིད་པ་དང་ལུས་བདེ་བ་ཡོང་གི་ཡོད་པ་མ་ཟད། སེམས་ཅན་ཀུན་དང་མཛའ་བཤེས་ཆགས་ཐུབ་སྐོར་བཀའ་བསྩལ་སོང་།  དེ་རིང་ཉིན་དང་པོའི་བཀའ་ཆོས་ལེགས་པར་གྲུབ་མཚམས་སུ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་༸གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད་གཞན་ཕན་སྒྲུབ་སྐབས་སོ་སོར་དཀའ་ངལ་ཡོང་གི་འདུག་པས་དེ་ལྟར་མི་ཡོང་བ་དང་། གཞན་ཕན་བསྒྲུབ་པར་ཐབས་ལམ་དབུ་མ་ཇི་ལྟར་བསྟེན་དགོས་སམ་ཞེས་པར་མགོན་པོ་༸གང་ཉིད་མཆོག་གིས་སྙིང་རྗེ་བློ་དེ་ཤུགས་ཆེན་པོ་ཡོད་ན་གཞན་ཕན་སྒྲུབ་སྐབས་རང་ཉིད་ཀྱི་སེམས་ལའང་བདེ་སྐྱིད་ཡོང་བ་དང་གྲོགས་པོ་ཡང་མང་པོ་བྱུང་ངེས་ཡིན་སྟབས་རང་དོན་བསྒྲུབ་རྒྱུ་ཐབས་ལེགས་ཤོས་དེ་གཞན་དོན་བསྒྲུབ་རྒྱུ་ཡིན་པར་༸སྐུའི་མྱོང་བ་དང་འབྲེལ་ནས་ལམ་སྟོན་མཛད་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ངོས་ནས་ལོ་ངོ་ ༦༠ རིང་སྟོང་ཉིད་ཀྱི་ལྟ་བ་ཐད་ནན་ཏན་ཐོག་དགོངས་བཞེས་གནང་བ་དང་དེ་བཞིན་བྱང་ཆུབ་སེམས་ཀྱི་ཐོག་ལོ་ངོ་ ༥༠ ལྷག་དགོངས་བཞེས་གནང་བར་བརྟེན་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དུས་ཚོད་འགོར་གྱི་ཡོད་ཀྱང་རྒྱུན་ལྡན་དེར་དགོངས་དཔྱད་མཛད་སྐོར་བཀའ་བསྩལ་ཡོད།   གཞི་རྩའི་ད་ལན་དྲྭ་ཐོག་བརྒྱུད་མགོན་པོ་༸གང་ཉིད་མཆོག་གི་བཀའ་ཆོས་གསན་གཟིགས་ཞུ་མཁན་མང་ཚོགས་སྟོང་ཕྲག་མང་པོ་བྱུང་འདུག་པ་དང་ཐེངས་འདིའི་བཀའ་ཆོས་དེ་ཡང་རྣམ་ཀུན་ལྟར་དབྱིན་ཇི། རྒྱ་གར། བལ་ཡུལ། རྒྱ་ནག། ཕེ་རན་སི། ར་ཤི་ཡ། སི་པེན། ཝི་ཏ་ནམ། ཉི་འོང་། སོག་པོ། ཀོ་རི་ཡ། ཇར་མི་ནི། པོར་ཇུ་གྷལ་དང་ཨི་ཊ་ལི་བཅས་ཀྱི་སྐད་རིགས་ནང་གསུང་སྒྱུར་གནང་ཡོད་པ་རེད།  

ཆར་ཞོད་ཀྱི་གོད་ཆག་ཕོག་པའི་ཨ་སམ་མངའ་སྡེའི་མི་མང་ཚོ་ལ་ཐུགས་གསོ་མཛད་པ།

དེང་ཆར་ཞོད་ཆེ་བའི་དུས་ཚོད་དང་བསྟུན་རྒྱ་གར་གྱི་ས་གནས་འདྲ་མིན་ཁག་ཏུ་ཆར་ཞོད་རྐྱེན་པས་ཆུ་ལོག་དང་ས་རུད་སོགས་ཀྱི་གོད་ཆག་འཚབས་ཆེན་འོག་མང་ཚོགས་ཀྱི་འཚོ་ཐབས་དང་ཚེ་སྲོག་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་པ་ལྟར་འདས་པའི་བདུན་ཕྲག་ཁ་ཤས་རིང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་དུ་ཆར་ཞོད་ཀྱི་འཇིག་པ་ཤུགས་ཆེ་འཕྲད་རྐྱེན་ས་གནས་མི་མང་ ༧༡ ལྷག་གི་ཚེ་སྲོག་ཤོར་བ་དང་མི་སེར་འབུམ་ ༤༠ ལྷག་གི་འཚོ་གནས་ལ་གོད་ཆག་ཆེན་པོ་ཕོག་ཡོད་པ་རེད། ཨ་སམ་མངའ་སྡེའི་ནང་གི་ཆར་ཞོད་གོད་ཆག་དང་འབྲེལ་ཏེ་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སར་བྷ་ནནྡཱ་སོ་ནོཝཱལ་ (Sarbananda Sonowal)མཆོག་གི་མཚན་ཐོག་ཏུ་མངའ་སྡེའི་མི་མང་ཚོ་ལ་ཐུགས་གསོ་མཛད་འདུགཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་ནས་སྤྱིར་ལོ་ལྟར་ཆར་དུས་ཀྱི་སྐབས་སུ་ཨ་སམ་གཙོས་རྒྱ་གར་གྱི་ས་གནས་མང་པོ་ཞིག་ཏུ་ཆར་ཞོད་ཀྱི་གོད་ཆག་ཁྲོད་མང་ཚོགས་ཀྱི་ཚེ་སྲོག་དང་སྡོད་ཁང་སོགས་ལ་གནོད་འཚེ་ཆེན་པོ་ཕོག་བཞིན་པ་མ་ཟད། ལྷག་དོན་ད་ཆ་དེ་སྔ་དང་མི་འདྲ་བའི་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འཕྲད་མུས་སྐབས་འདིར་ཆར་ཞོད་ཀྱི་གོད་ཆག་འཕར་མ་ཞིག་བྱུང་བར་ཐུགས་ཕམ་ཆེན་པོ་བྱུང་སྐོར་བཀའ་བསྩལ་བ་དང་ཆབས་ཅིག གོད་ཆག་འདིའི་ཁྲོད་ཚེ་སྲོག་ཤོར་བའི་མེ་སེར་སྤྱི་དང་ཤུལ་ལུས་ནང་མི་ཉེ་འབྲེལ། དེ་བཞིན་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ཐེངས་འདིའི་ཐུགས་གསོའི་གསུང་འཕྲིན་བརྒྱུད་མངའ་སྡེ་གཞུང་ནས་མང་ཚོགས་ཀྱི་བདེ་དོན་སླད་དུ་ས་གནས་ཁག་ལ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་མཚམས་སུ་སྐུ་ཞབས་ཁོང་གིས་རང་ཉིད་ཀྱི་འཕྲུལ་སྒྲའི་སྟེང་ད་ལན་ཆར་ཞོད་ཀྱི་གོད་ཆག་ཕོག་པར་༸གོང་ས་མཆོག་གིས་ཐུགས་བརྩེ་ཆེན་པོས་ཐུགས་གསོ་དང་ངལ་སེལ་རོགས་རམ་གནང་བར་མངའ་སྡེའི་མི་མང་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་འདུགགཞི་རྩའི་ཨ་སམ་མངའ་སྡེ་ནི་རྒྱ་གར་གྱི་ཆར་ཤུགས་ཆེ་སའི་ས་གནས་ཤིག་ཡིན་པ་ལྟར། ཟླ་བ་སྔོན་མའི་ཟླ་མཇུག་ཙམ་ནས་མངའ་སྡེའི་བློན་ཆེན་མཆོག་གི་ལམ་བསྟོན་འོག་ས་གནས་སུ་ཆར་ཞོད་དང་འབྲེལ་བའི་གྲ་སྒྲིག་ལས་དོན་ཁག་བརྩམས་ཡོད་ཀྱང་། འདི་ལོ་ཁུལ་དེར་རྒྱུག་པའི་ Brahmaputra འམ་རྟ་མཆོག་ཁ་འབབ་དང་དེའི་ཉེ་འབྲེལ་གྱི་རྒྱུག་ཆུའི་ཆུ་ཚད་སྔར་ལྷག་རྒྱས་ཏེ་མངའ་སྡེའི་རྫོང་ཁག་ ༢༦ ལ་གོད་ཆག་ཆེན་པོ་ཕོག་འདུག

བོད་ནང་གི་ཆོས་དད་རང་དབང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཡོངས་གྲགས།

ཉེ་སྔོན་རྒྱ་ནག་ནང་གི་ཆོས་དད་རང་དབང་ཐད་ལ་གནས་ཚུལ་སྤེལ་མཁན་གྱི་ཨེ་ཊ་ལིར་རྟེན་གཞི་བྱས་པའི་ Bitter Winter ཞེས་པའི་གསར་ཁང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྲིད་བྱུས་དབྱེ་ཞིབ་པ་རྒན་པ། སྐུ་ཞབས།  Dominic Nardi  ལགས་སུ་བོད་ནང་གི་ཆོས་དད་རང་དབང་གི་སྐོར་ནས་བཅར་འདྲི་བྱས་པར་ཁོང་གིས། ད་ཆ་རྒྱ་ནག་གི་དམ་དྲག་གི་འོག་ཏུ། བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཡོངས་གྲགས་གནང་འདུགསྐབས་དེར་ཁོང་གིས་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱས་ནས་མི་ལོ་བཅུ་ཕྲག་འགའ་ཤས་ཤིག་ཕྱིན་ཡོད་ནའང་། ༢༠༡༡ ནས་བོད་ནང་གི་ཆོས་ལུགས་རང་དབང་ཇེ་སྡུག་ཏུ་ཕྱིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། སྐབས་དེ་ནས་བཟུང་རྒྱ་ནག་གིས་བོད་ནང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་གནང་དོན་རིགས་ལ་གསང་བའི་མྱུལ་ཞིབ་ཀྱི་སྒོ་ནས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། བོད་ཀྱི་ཆོས་རིག་འཛིན་སྐྱོང་གི་ལྟེ་གནས་ཁག་མང་པོ་རྩ་གཏོར་བཏང་ཡོད་པར་གསུངས་ཏེ་ད་ནིང་གི་དབྱར་དུས་སུ་རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་ཆོས་སྡེ་ཆེ་ཤས་གྲས་ཡ་ཆེན་སྒར་ནང་བསྟན་སློབ་གླིང་གི་ཕྱེད་ཀ་ཙམ་རྩ་གཏོར་བཏང་ཟིན་པ་ཡང་ལུང་འདྲེན་གནང་འདུག དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༡༨ ནས་བཟུང་རྒྱ་ནག་གིས་བོད་ནང་དུ་ནག་སེལ་གཤེད་བཅོམ་ཟེར་བའི་སྲིད་བྱུས་ལག་བསྟར་གྱིས་རྒྱ་གཞུང་གིས་བོད་ཁུལ་གྱི་ཉེས་མེད་ཆོས་ལུགས་མི་སྣ་མང་པོར་རྡུང་རྡེག་གཏོང་གི་ཡོད་པ་མངོན་གསལ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོ་ལྟར་ན་རྒྱ་ནག་གི་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་ཀྱི་འོག་ནས་བོད་ནང་གི་ཆོས་ལུགས་གནད་དོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན། དེ་བཞིན་ས་ཞིང་བདག་དབང་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་གནད་དོན་ཐོག་སྲིད་གཞུང་ལ་ཞི་བའི་ངང་ནས་ཞུ་གཏུག་གནང་མཁན་གྱི་བོད་མི་ ༥༡ ཙམ་ཁྲིམས་ཁང་དུ་ཁྲིམས་ཐག་བཅད་ཡོད་ལུགས་འཁོད་ཡོད་པ་ལུང་འདྲེན་གྱིས་ནག་སེལ་གཤེད་བཅོམ་གྱི་འབོད་སྒྲའི་འོག་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཀྱིས་བོད་ཁུལ་གྱི་ཁྱིམ་ཚང་མང་པོར་སྔོག་བཤེར་བྱས་ནས་༸གོང་ས་མཆོག་གི་༸སྐུ་པར་འཚོལ་ཞིབ་བྱས་ཡོད་པ་ཡོངས་གྲགས་གནང་བ་མ་ཟད། བྱེད་སྟངས་དེ་ནི་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ནག་སེལ་གཤེད་བཅོམ་གྱི་མིང་ཐོག་ནས་བོད་རིགས་མི་མང་གི་སྟེང་ལ་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་གསུངས་འདུགགཞན་ཡང་སྐབས་དེར་གསར་ཁང་གིས་རྒྱ་ནག་གིས་བོད་ཁུལ་དུ་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལམ་ལུགས་རྩ་གཏོང་གཏོང་གི་ཡོད་པའི་སྐོར་ལ་བཀའ་འདྲི་གནང་བར་ཁོང་གིས་ ༡༩༦༠ ནས་བཟུང་རྒྱ་ནག་གིས་བོད་ཁུལ་གྱི་སློབ་འབྲིང་དང་སློབ་ཆེན་གྱི་གཙོ་རྒྱུགས་ཀྱི་སྐད་ཡིག་དེ་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་ཡོངས་གྲགས་ཀྱིས་འདས་པའི་ལོ་ངོ་བཅུའི་ནང་རྒྱ་ནག་གིས་བོད་ཁུལ་གྱི་སྔོན་འགྲོ་དང་རྨང་གཞིའི་འཛིན་གྲྭ་སོགས་ཀྱི་ནང་དུ་ཡང་རྒྱ་ཡིག་གཙོ་བོར་སློབ་ཁྲིད་བྱེད་ཀྱི་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱིས་བོད་ནང་གི་སྐད་ཡིག་རྒྱ་བསྒྱུར་གྱི་སྲིད་བྱུས་དེར་སེམས་འཚབ་ཡོད་པའི་དགག་ལན་གནང་འདུག ཁོང་གིས་རྒྱ་ནག་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱང་རྒྱ་ནག་གིས་བསྐོ་གཞག་བྱེད་རྒྱུའི་ངན་བྱུས་འཐེན་བཞིན་པར་བརྟེན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་བྱེད་ཐུབ་པར་རེ་སྐུལ་ཞུ་བཞིན་ཡོད་པར་གསུངས་པ་དང་། ཨ་རིའི་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་ཡིན་ན་སླད་མར་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་མཚོན་པའི་སྤྱི་ཡོངས་ཀྱི་བོད་པའི་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་བྱུས་བྱེད་རྒྱུར་བཀག་འགོག་བྱེད་ཐུབ་པ་མ་ཟད། བླ་སྤྲུལ་གྱི་ཡང་སྲིད་ནི་ཆོས་ལུགས་ཀྱི་ལམ་ལུགས་ཤིག་ཡིན་པར་བརྟེན་དེར་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་བཀག་འགོག་བྱེད་ཐུབ་པར་གསུངས་ཏེ་རྒྱལ་སྤྱིའི་ཚོགས་སྡེ་རྣམས་ཀྱིས་རྒྱ་ནག་ནང་གི་ཆོས་ལུགས་དད་མོས་རྡོག་རོལ་གྱི་གནས་སྟངས་དེར་རྣམ་འགྱུར་དྲག་པོ་ཞིག་སྟོན་ཐུབ་མེད་པར་བློ་ཕམ་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་ལྟར་རྒྱ་ནག་རྒྱལ་ཁབ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཕྱི་གསལ་ནང་གསལ་བཟོ་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་ཁུར་བཞེས་དགོས་པ་གསུངས་འདུག  

Latest news