Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་ནག་གི་གསང་ཉུལ་བ་དང་འབྲེལ་བའི་མི་གསུམ་འཛིན་བཟུང་།

ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེན་རྟོག་པ་དང་རྒྱ་གར་གསང་བའི་ལས་ཁུངས་གཉིས་ཀྱིས་མཉམ་རུབ་ཐོག་ལྡི་ལི་ནང་དུ་རྒྱ་ནག་གཞུང་གི་གསང་ཉུལ་གྱི་ལས་དོན་སྤེལ་བཞིན་པ་ཞིག་ཐེར་འདོན་གྱིས། རྒྱ་གར་གྱི་གསར་འགོད་པ་ཞིག་དང་སློབ་ཕྲུག་ཡིན་ཁུལ་གྱི་རྒྱ་རིག་བེུད་གཅིག དེ་བཞིན་བལ་བོའི་མི་གཅིག་བཅས་ཁྱོན་མི་གསུམ་འཛིན་བཟུང་བྱས་འདུག

ཇི་ནི་ཝའི་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཤུགས་ཆེར་གནང་འདུག

སུད་སི་ཀྱི་གྲོང་ཁྱེར་ Geneva ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༥ པ་འཚོགས་བཞིན་པ་དང་བསྟུན། དེ་རིང་སུད་སི་དང་ལིག་ཏེན་སི་ཊན་བོད་རིགས་མི་མང་གིས་སྣེ་ཁྲིད་ཐོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་སྟོན་དང་སྦྲགས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་པ་མ་ཟད། ལས་འགུལ་དེའི་ཐོག་ཉེ་ཆར་གྲོང་ཁྱེར་ཛུ་རིག་ནས་ཇི་ནེ་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་རྣམས་ཀྱང་མཉམ་ཞུགས་གནང་འདུག

ལ་དྭགས་ནང་པ་ཚོགས་པས་༸གོང་ས་མཆོག་ལ་ Bharat Ratna འབུལ་དགོས་བའི་ཞུ་སྐུལ།

ལ་དྭགས་ནང་པ་ཚོགས་པས་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་སྲིད་བློན་མཱོ་ཌི་མཆོག་ལ་ཞུ་ཡིག་ཅིག་ཕུལ་ཏེ། རྒྱ་གར་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཡུལ་དེའི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna ཞུ་བ་དེ་འབུལ་དགོས་བའི་སྐུལ་མ་ཞུས་འདུགཚོགས་པའི་ངོས་ནས་ཞུ་ཡིག་དེའི་ནང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁྲོད་བྱམས་བརྩེ་དང་སྙིང་རྗེ། བཟོད་སྲན། གཞན་ཕན་གྱི་བློ་ཙམ་མ་ཟད། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་གྱི་མཛད་རྗེས་རླབས་ཆེན་མཛད་ཡོད་པར་འགྲེལ་བརྗོད་དང་འབྲེལ། མགོན་པོ་གང་ཉིད་ནི་དོན་དམ་པའི་ཐོག་ནས་ཞི་བདེ་དང་མཐུན་སྒྲིལ་གྱི་མགྲིན་ཚབ་པ་ངོ་མ་དེ་ཡིན་པ་གསུངས་འདུག མ་ཟད་༸གོང་ས་མཆོག་གིས་རྒྱ་གར་གྱི་མགྲིན་ཚབ་པའི་ངོ་བོའི་ཐོག་ནས། ད་བར་འཛམ་གླིང་ཁྲོད་འཚེ་མེད་ཞི་བ་དང་སྙིང་རྗེ་གཞི་རྩར་བཞག་པའི་རྒྱ་གར་གྱི་གནའ་རབས་ལེགས་བྱང་གོང་འཕེལ་དང་འབྲེལ། འདས་པའི་ལོ་ངོ་ ༦༠ ཁྲོད་རྒྱ་གར་གྱི་མཚན་མཐོང་རྒྱུན་འཛིན་ཐད་རླབས་ཆེན་གྱི་མཛད་རྗེས་བཞག་གནང་མཛད་པ་མ་ཟད། རྒྱ་གར་གྱི་མང་ཚོགས་ཀྱིས་ཀྱང་དེ་ལྟར་ངོས་འཛིན་གྱིས་མགོན་པོ་གང་ཉིད་ལ་དད་གུས་ཤུགས་ཆེར་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ༸གོང་ས་མཆོག་ལ་རྒྱ་གར་གཞུང་ངོས་ནས་ Bharat Ratna གཟེངས་རྟགས་འབུལ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག གཞི་རྩའི་ཉེ་བའི་ཆར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ Nirupama Rao ལགས་ཀྱིས་རང་ཉིད་ཀྱི་Twitter ཐོག་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། དེ་སྔོན་རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar ལགས་ཀྱིས་ཀྱང་གྲོས་ཚོགས་འཐུས་མི་ཁག་ཅིག་གི་རྒྱབ་སྐྱོར་མཚན་རྟགས་བཀོད་པའི་ཐོག་ནས་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་དེ་རང་གནང་ཡོད་པ་རེད།

རྒྱ་གར་གཞུང་གིས་ཨ་རིའི་གཞུང་ལྟར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་གྱི་རེ་སྐུལ།

རྒྱ་གར་དབུས་ནང་སྲིད་ལྷན་ཁང་ནང་བོད་ཀྱི་གནད་དོན་ཐོག་སློབ་སྟོན་པ་ཟུར་པ་དང་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་ Amitabh Mathur ལགས་ཀྱིས་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་ལ་རྒོལ་ལན་ཁོ་ནར་མ་དམིགས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་གོང་འཕེལ་ཐད་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་སླད་དུ་མགོན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པ་མ་ཟད། རྒྱ་གར་གཞུང་གིས་ཨ་རིའི་གཞུང་ལྟར་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བདག་དབང་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ་ཡོད་པར་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུག ཁ་སང་ rediff གསར་ཁང་གི་དྲ་གནས་ཐོག་དེའི་གསར་འགོད་པས་སྐུ་ཞབས་ Amitabh Mathur ལགས་ལ་བཅར་འདྲི་ཞུས་པ་ཞིག་འདོན་སྤེལ་གནང་འདུག་པའི་ནང་ཁོང་གིས་དེང་སྐབས་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་འབྱུང་བཞིན་པའི་གནས་སྟངས་ཁྲོད་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་སམ་ཞེས་པར་ལན་འདེབས་གནང་བར་རྒྱ་གར་གཞུང་གི་ངོས་ནས་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ ༦༡ རིང་མཐུན་འགྱུར་གང་ལེགས་སྦྱར་ཏེ་བོད་མི་རྣམས་ལ་རྒྱ་གར་ནང་དུ་རང་གི་ཆོས་དང་རིག་གཞུང་འཛིན་སྐྱོང་གནང་བ་མ་ཟད། གོང་འཕེལ་གནང་རྒྱུའི་གོ་སྐབས་སྐྲུན་པ་དང་ལྟར་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་འཐབ་རྩོད་དེ་གསོན་པོར་གནས་ཐུབ་པ་བཟོས་ཡོད་པ་དེ་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་། ཁོང་སྒེར་གྱི་ཉམས་མྱོང་ལ་གཞིགས་ན་རྒྱ་གར་གཞུང་གི་ངོས་ནས་ད་ཆ་ཡོངས་བསྒྲགས་ཐོག་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་མགོན་པོ་༧གང་ཉིད་མཆོག་ལ་རྒྱབ་སྐྱོར་གནང་གལ་ཡིན་པ་གསུངས་འདུག ཨ་རིའི་གཞུང་མང་ངོས་ནས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་༧གོང་ས་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བ་དང་འབྲེལ་ཏེ་ཡུལ་དེའི་གྲོས་ཚོགས་འོག་མའི་ངོས་ནས་ཀྱང་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བདག་དབང་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ་ཡོད་པའི་གྲུ་དོན་ཁ་གསལ་འཁོད་པའི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་གནང་བ་བཞིན་དུ་རྒྱ་གར་གྱི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་བདག་དབང་༧གོང་ས་མཆོག་ལ་མ་གཏོགས་མེད་པའི་སྲིད་བྱུས་གཏན་འབེབས་གནང་དགོས་པམ་ཟད་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དེ་སྔ་ལས་ལྷག་པའི་རྒྱབ་སྐྱོར་དང་ངོས་འཛིན་ཤུགས་ཆེ་རུ་བཏང་ནས་ལྷག་དོན་ Special Frontier Force ཞེས་བོད་མིའི་དྭང་ཞབས་དམག་སྒར་སྐོར་ཡོངས་གྲགས་གནང་སྟེ་གཞི་ལུས་བོད་མི་རྣམས་ལ་བཙན་བྱོལ་བོད་མིའི་མཛད་རྗེས་སྐོར་ཤེས་རྟོགས་ཐུབ་པ་བཟོ་དགོས་པ་གསུངས་འདུག དེ་བཞིན་སྐུ་ཞབས་ Mathur ལགས་ཀྱིས་༧གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུ་དགོས་སམ་ཞེས་བཅར་འདྲི་ཞུས་པར་རྒྱ་གར་གཞུང་གིས་སྔ་ས་ནས་༧གོང་ས་མཆོག་ལ་ཆེས་མཐོའི་གཟེངས་རྟགས་དེ་འབུལ་ལམ་ཞུ་རྒྱུའི་དུས་ཚོད་རན་ཡོད་པར་གསུངས་འདུག་པ་དང་ཆབས་ཅིག རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་ལ་རྒོལ་ལན་ཁོ་ནར་མ་དམིགས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་གོང་འཕེལ་དང་ལྷག་དོན་འཛམ་གླིང་གི་ས་ཕྱོགས་གང་དུ་ཕེབས་ཀྱང་དབུ་ཁྲིད་ཁག་དང་མཇལ་མོལ་མཛད་སྐབས་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་རིན་ཐང་བཅས་ཀྱི་སྐོར་ལ་ཐུགས་ཚོར་ཆེན་པོ་ལམ་སྟོན་སྩལ་ཁག་གི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་སླད་དུ་མགོན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པ་མ་ཟད། རྒྱ་གར་མང་ཚོགས་དང་ལྷན་དུ་ཐུན་མོང་མ་ཡིན་པའི་མཛའ་བརྩེའི་འབྲེལ་བ་བཟང་པོ་ཞིག་ཡོད་པ་བཅས་ཀྱི་རྐྱེན་གྱིས་ཕྱི་ལོ་ ༡༩༥༩ ལོ་དང་དེའི་རྗེས་སུ་རྒྱ་གར་ནང་ཕེབས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་སྦྱིན་བདག་ཡག་པོ་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཏུ་མ་ཕེབས་པར་རྒྱ་གར་ནང་དུ་བཞུགས་པ་དང་། དེ་དག་གི་ཡང་སྲིད་ཀྱང་རྒྱ་གར་ནང་དུ་ཕེབས་བཞིན་ཡོད་པ་ལྟར་༧གོང་ས་མཆོག་ཡུལ་དེར་དབུ་བཞུགས་མཛད་པ་ཙམ་གྱིས་རྒྱ་གར་ལ་ཁེ་ཕན་ཆེན་པོ་ཡོད་སྐོར་གསུངས་པ་དང་། ཆབས་ཅིག་ཏུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་མགྲིན་ཚབ་པ་ཡག་ཤོས་ཤིག་ཡིན་པའི་ཆ་ནས་མགོན་པོ་༧གང་ཉིད་མཆོག་ལ་སྔ་ས་ནས་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་དེ་ངེས་པར་དུ་འབུལ་ལམ་ཞུ་དགོས་གལ་ཡིན་པར་གསུངས་འདུགདེ་བཞིན་སྐུ་ཞབས་ Mathur ལགས་ཀྱིས་རྒྱ་ནག་དང་ལྷན་དུ་ས་མཚམས་རྩོད་རྙོག་ཞི་བར་གང་གནང་དགོས་པའི་དྲི་བ་དང་འབྲེལ་ཏེ་རྒྱ་གར་གྱི་ངོས་ནས་རྩོད་རྙོག་འདི་མགྱོགས་མྱུར་ཞི་བར་ཐབས་ལམ་ཞིག་འཚོལ་དགོས་ངེས་ཡིན་པ་དང་། ཨ་རུ་ནཱ་ཅལ་ནང་དུ་ ULFA སོགས་གྱེན་ལོག་རུ་ཁག་སོགས་ཀྱི་དཀའ་རྙོག་མེད་པའི་ཐོག་ནས་མངའ་སྡེ་དེ་ད་ལྟའི་ཆར་རྒྱ་གར་ནང་དུ་བརྟན་པོར་གནས་ཡོད་པ་མ་ཟད། ས་གནས་སུ་འགོ་ཁྲིད་ཡག་པོ་ཡོད་པ་སོགས་ལ་གཞིགས་ཏེ་ཨ་རུ་ནཱ་ཅལ་གྱི་གནད་དོན་ཐོག་ཁོང་ལ་ཐུགས་འཚབ་དེ་ཙམ་མེད་པ་དེ་ལྟར་ཡང་། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཐོག་ལ་ཐུགས་འཚབ་ཆེ་བ་གནང་དགོས་པར་འགྲེལ་བརྗོད་དང་འབྲེལ། གལ་ཏེ་རྒྱ་ནག་གཞུང་ལ་དངངས་སྐྲག་བྱུང་ན་བོད་ནང་དུ་ཕྱི་ལོ་ ༢༠༠༨ ལྟ་བུའི་དྲག་གནོན་གྱི་བྱ་སྤྱོད་ཤུགས་ཆེ་བ་སྤེལ་སྲིད་པ་དང་དེས་༸གོང་ས་མཆོག་ལ་མཛད་དཀའ་ཤུགས་ཆེན་པོ་བཟོས་ཡོད་སྟབས་རྒྱ་གར་གཞུང་གི་ངོས་ནས་ཐག་གཅོད་གང་གནང་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་བཀའ་བསྡུར་གནང་དགོས་གལ་ཡིན་པ་གསུངས་འདུག

༸གོང་ས་མཆོག་གིས་ཡིད་བརྟན་མེད་པའི་དུས་སྐབས་སུ་གཞན་ཕན་བློ་བསྐྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་བ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ བའི་ཐོག  ཡོ་རོབ་ཁུལ་གྱི་སེམས་དང་སྲོག་གི་ཚོགས་པའི་གོ་སྒྲིག་གི་འོག  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་ཡིད་བརྟན་མེད་པའི་གནས་སྟངས་ཀྱི་སྐབས་འགྲོ་བ་མི་སྤྱི་ལ་ཕན་པའི་འདུ་ཤེས་བསྐྱེད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་དྲྭ་ཐོག་བརྒྱུད་ནས་ལམ་སྟོན་བཀའ་སློབ་སྩལ་སོང་། དེ་རིང་གི་དྲྭ་ཐོག་གི་བཀའ་སློབ་ཀྱི་ལས་རིམ་དེའི་ཐོག   སེམས་དང་སྲོག་གི་ཚོགས་པའི་ཡོ་རོབ་ལས་ཁུངས་ཀྱི་གཙོ་འཛིན་ལྕམ་སྐུ། Cohen  Varela  ལགས་དང་། དེ་བཞིན་ Aarhus University གཙུག་ལག་སློབ་ཁག་གི་སློབ་དཔོན་ཆེན་མོ་ Andreas Roepstorff  འབུམ་རམ་པ་དགེ་སློང་ Matthieu Ricard ལགས་སོགས་ཀྱི་དོན་གཉེར་ཅན་ཁག་ཅིག་དབུ་བཞུགས་ཀྱིས།  དེང་སྐབས་ཀྱི་སྤྱི་ཚོགས་ནང་དུ། འགྲོ་བ་མིའི་རིགས་ལ་དཀའ་ངལ་འཕྲད་བཞིན་པ་སྤྱི་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཞུས་པར་མགོན་པོ་གང་གིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་བསྐྱེད་སྟངས་དང་རྟེན་འབྲེལ་གྱི་རྣམ་བཞག་སོགས་ཀྱི་རྨང་གཞིའི་ཐོག་ནས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་སོང་། དེ་ཡང་༸གོང་ས་མཆོག་གིས་ཐོག་མར་དེང་སྐབས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་མི་མང་པོ་ཁེར་རྐྱང་གི་ཚོར་བའི་དཀའ་ངལ་འཕྲད་པའི་སྐོར་ལ་བཀའ་ལན་གནང་སྟེ།  འཛམ་གླིང་གི་ཤར་ནུབ་གང་སར་གནས་བའི་སྐྱེ་འགྲོ་ཐམས་ཐད་འགྲོ་བ་མི་གཅིག་གྱུར་ཡིན་པར་བཀའ་སྩལ་ཏེ།  འཛམ་གླིང་གི་འགྲོ་བ་མི་ཐམས་ཅད་ཀྱི་གཅིག་གྱུར་གྱི་རིན་ཐང་གོང་སྤེལ་གནང་རྒྱུ་དེ་ནི་མགོན་པོ་གང་གི་ཐུགས་བསྐྱེད་དམ་བཅའ་གཅིག་ཡིན་པར་བཀའ་གནང་བ་དང་སྦྲགས། འགྲོ་བ་མི་ཙམ་ཟད། སེམས་ཅན་དུད་འགྲོ་རིགས་ཀྱང་མཉམ་གནས་བྱས་ཏེ་འཚོ་བཞིན་ཡོད་སྐོར་བཀའ་གནང་སྟེ། གཞི་རྩའི་འགྲོ་བ་མིའི་རིགས་ལ་མི་འདྲ་བའི་ཆ་ཕྲ་མ་ཙམ་རེ་ཡོད་སྲིད་ཀྱང་།  ཚང་མས་མ་འདྲ་བའི་ཆ་དེར་དོ་སྣང་བྱེད་རྒྱུ་མིན་པར། འགྲོ་བ་མིའི་གཅིག་གྱུར་གྱི་ཆ་དེར་གཙུགས་འཛིན་བྱས་ཏེ་གོང་སྤེལ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་ལྟར།  ང་ཚོ་དང་ཁོང་ཚོ་ཞེས་པའི་དབྱེ་མཚམས་དགར་རྒྱུ་མེད་པར། འགྲོ་བ་མིའི་ཤེས་ཡོན་སློབ་གསོའི་ནང་དུ་མིའི་རིགས་ཀྱི་གཅིག་གྱུར་གྱི་འདུ་ཤེས་རྒྱ་བསྐྱེད་གཏོང་རྒྱུའི་བསླབ་གཞི་ཁག་རྩ་འཛུགས་བྱེད་རྒྱུའི་ཐོག  དུས་རྒྱུན་ནས་འགྲོ་བ་ཡོངས་ཀྱི་བདེ་རྩ་ལ་དགོངས་པ་བཞེས་རྒྱུ་ལས།  རང་གཅེས་འཛིན་ཁོ་ན་སྒོམ་ནས་བསྡད་ན་ཁེར་རྐྱང་གི་ཚོར་བ་ཡོང་བཞིན་ཡོད་པར་བཀའ་བསྩལ་སོང་།  དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་དེང་གི་ཆ་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་དབུལ་ཕྱུག་གི་ཧེ་བག་ཆེན་པོ་ཡོད་པ་དེ་ནི་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡིན་པར་བཀའ་སྩལ་ཏེ།  དཀའ་ངལ་འདིའི་ཡོངས་ཁུངས་དངོས་ནི་མིའི་རིགས་ཀྱིས་རང་ཁོ་ནའི་མཚན་སྙན་དང་དབང་ཆ། རྒྱུ་ནོར་སོགས་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། འདི་ལྟ་བུའི་དབུལ་ཕྱུག་གི་ཧེ་བག་དེ་ཉུང་དུ་གཏོང་དགོས་ན། དེང་རབས་ཀྱི་སློབ་གྲྭའི་བསླབ་གཞི་ཁག་གི་ནང་དུ་འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་ཐད་ཀྱི་བསླབ་གཞི་འཇོག་དགོས་རྒྱུ་གལ་ཆེན་པོ་ཡིན་ཡིན་པར་བཀའ་གནང་སྟེ། མིའི་རིགས་ཀྱིས་ནང་སེམས་ཀྱི་རིན་ཐང་ཐད་ལ་རྒྱུས་ལོན་བྱས་པ་བརྒྱུད་ནས་སྙིང་རྗེ་ཡི་བློ་དེ་གོང་འཕེལ་ཏུ་གཏོང་ཐུབ་པ་དང་སྦྲགས། སྙིང་རྗེ་ཡི་བློ་དེ་གོང་འཕེལ་སོང་བ་ཡིན་ན། སེམས་ཅན་གྱི་སྡུག་བསྔལ་ཤེས་བའི་ཐོག་ནས། འགྲོ་བ་མིའི་རིགས་ཀྱིས་སེམས་ཅན་གྱི་ཤ་ཟ་བ་སོགས་ཀྱང་ཇེ་ཉུང་དུ་གཏོང་ཐུབ་པའི་ལམ་སྟོན་མཛད་སོང་། ༸གོང་ས་མཆོག་གིས་གཞན་ཡང་མི་རབས་སྔ་མ་དག་གི་བྱས་ཉེས་ཀྱི་རྐྱེན་གྱིས་འཛམ་གླིང་འདིར་འཚེ་བ་དང་དམག་འཐབ་། དེ་བཞིན་དབུལ་ཕྱུག་ཀྱི་ཧེ་བག་སོགས་ཀྱི་དཀའ་ངལ་མང་པོ་ཞིག་བྱུང་ཡོད་པར་བཀའ་གནང་སྟེ། ད་ཆ་མི་རབས་གསར་བ་དག་གིས་འདས་བའི་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས།  འགྲོ་བ་མིའི་སྐྲུན་པའི་དཀའ་ངལ་འདི་དག་སེལ་རྒྱུར་ཐུགས་འགན་བཞེས་དགོས་བ་དང་། དེ་བཞིན་མི་རབས་རྒན་པ་རྣམས་ཀྱིས་མི་རབས་གཞོན་པ་རྣམས་ལ་རང་གི་ནོར་འཁྲུལ་ཤོར་བ་རྣམས་དྲང་བོར་གསུང་དགོས་བའི་འགན་ཡོད་པའི་ལམ་སྟོན་གནང་བ་དང་སྦྲགས། མི་རབས་གཞོན་པ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་དང་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་པོ་གཅིག་གྱུར་གྱི་འདུ་ཤེས་གཞི་རྩར་བཞག་པའི་ཐོག་ལེགས་ལམ་དུ་སྐྱོད་དགོས་པར་བཀའ་བསྩལ་སོང་། དེ་རིང་གི་བཀའ་སློབ་ལམ་སྟོན་གྱི་ལས་རིམ་དེ་མཇུག་སྒྲིལ་མཚམས་སུ། ཡོ་རོབ་ཁུལ་གྱི་སེམས་དང་སྲོག་གི་ཚོགས་པའི་གཙོ་འཛིན་ལྕམ་སྐུ། Cohen  Varela  ལགས་ཀྱིས་མགོན་པོ་གང་གིས་དུས་ཚོད་བཏོན་ནས་དེ་རིང་གི་དྲི་བ་ཁག་ལ་བཀའ་ལན་སྩལ་བར་བཀའ་དྲིན་ཆེ་ཞུས་པ་དང་ལྷན་དུ།  མ་འོངས་བར་ཡང་མི་མང་ལ་བཀའ་སློབ་སྩོལ་རྒྱུའི་ཐུགས་རེ་ཡོད་སྐོར་ཞུས་པར་༸གོང་ས་མཆོག་གིས་གང་ཉིད་ག་དུས་ཡིན་ཡང་གྲ་སྒྲིག་ཡིན་སྐོར་ཀྱི་བཀའ་ལན་གནང་བ་མ་ཟད།་རྟགས་དང་མཚན་མ་མང་པོ་ཞིག་ལ་བརྟག་པ་ཡིན་ན། གང་ཉིད་མ་མཐའ་ཡང་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་གནང་དང་བ་འབྲེལ། འགྲོ་བ་མིའི་རིགས་ཀྱི་མི་ཚེའི་སྙིང་བོ་དངོས་ནི་གཞན་ལ་རོགས་རམ་བྱེད་རྒྱུ་ཡིན་སྟབས།  ནམ་མཁའ་ཇི་ལྟར་གནས་བ་ལྟར། མགོན་པོ་གང་ཉིད་ཀྱང་དེ་ལྟར་གནས་ནས་འགྲོ་བའི་སྡུག་བསྔལ་སེལ་རྒྱུར་ཐུགས་སྨོན་གནང་རྒྱུ་ཡིན་པར་བཀའ་གནང་སོང་།

རྒྱ་གར་གྱི་སྲིད་བློན་མི་དཱི་མཆོག་གི་འཁྲུངས་སྐར་ལ་འཚམས་འཕྲིན་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དེ་རིང་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་དགུང་གྲངས་བདུན་ཅུར་བཞེས་པའི་འཁྲུངས་སྐར་ལ་འཚམས་འཕྲིན་སྩལ་ཏེ། སྲིད་བློན་མཆོག་གི་སྐུ་གཟུགས་སྔར་སྟར་གསལ་ཐང་ཡོང་རྒྱུའི་ཐུགས་སྨོན་སྐྱབས་འཇུག་མཛད་འདུག མགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་དུ་ད་ཆ་འཛམ་གླིང་གི་ས་ཕྱོགས་གང་སར་རིམས་ནད་ཁྱབ་བརྡལ་ཕྱིན་ཡོད་སྟབས། འདི་ལོ་ནི་དམིགས་བསལ་གྱི་དཀའ་ཁག་ཆེ་བའི་ལོ་ཞིག་ཡིན་ཀྱང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་མཉམ་ལས་ཀྱི་ཐོག་ནས་རིམས་ནད་འདིར་སྔོན་འགོག་བྱེད་ཐབས་དང་དེ་བཞིན་རིམས་ནད་བཅོས་ཐབས་ཀྱི་འགོག་ཁབ་ཅིག་གང་མགྱོགས་བསླེབ་རྒྱུར་ཐུགས་རེ་གནང་གི་ཡོད་སྐོར་དང་སྦྲགས། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གིས་རང་ནུས་གང་ཡོད་རྩད་འདོན་གྱིས་མང་ཚོགས་རྣམས་དཀའ་ངལ་ལས་གྲོལ་ཐབས་ལ་ཤུགས་སྣོན་གང་ལེགས་གནང་བཞིན་ཡོད་པར་ལུང་འདྲེན་གྱིས་རྒྱ་གར་དབུས་ས་གང་དུ་རིམས་ནད་ལ་གདོང་ལེན་གནང་ཕྱོགས་ཀྱི་ཐབས་ལམ་གང་ལེགས་བསྟེན་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འདི་ལོའི་རིམས་ནད་ཀྱིས་འགྲོ་བ་མིའི་རིགས་ཀྱི་ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ། དེ་བཞིན་མི་མང་གི་འཚོ་བའི་གཞི་རྟེན་བོར་བ་དང་བྱིས་པ་རྣམས་ཀྱི་སློབ་སྦྱོང་ལ་ཡང་བར་ཆད་ཆེན་པོ་བྱུང་བ་མ་ཟད། མི་མང་གི་ཚེ་སྲོག་ལ་ཡང་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་སྐོར། དམིགས་བསལ་དུ་རིམས་ནད་ཀྱི་རྐྱེན་གྱིས་མི་མང་དཀྱུས་མ་མང་པོ་ཞིག་ལ་དཀའ་ཁག་ཚད་མེད་འཕྲད་ཀྱི་ཡོད་སྐོར་བཀལ་སྩལ་ཏེ། དེང་སྐབས་མི་མང་པོ་ཞིག་གིས་མགོན་པོ་༸གང་ཉིད་མཆོག་ལ་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་ཀྱི་བཀའ་འདྲི་ཞུ་སྐབས་དུས་རབས་བརྒྱད་པའི་ནང་བྱུང་བའི་རྒྱ་གར་གྱི་མཁས་པའི་དབང་བོ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་ལེའུར་གསུངས་པ་ལྟར། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོད་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་པའི་གདམས་ངག་ཟབ་མོ་དེ་ཐུགས་ལ་དགོངས་པའི་ཐོག་ནས་དཀའ་ངལ་འཕྲད་སྐབས་ཕྱོགས་མང་པོ་ནས་གཟིགས་དགོས་སྐོར་བཀའ་ལན་མཛད་ཀྱི་ཡོད་པར་འཁོད་འདུག དེ་བཞིན་མགོན་པོ་མཆོག་གིས་དཀའ་ཚེགས་ཆེ་ཞིང་ངེས་གཏན་བྲལ་བའི་དུས་སྐབས་འདིར་སྙིང་རྗེ་གཞི་རྟེན་དུ་བྱས་པའི་རྒྱ་གར་གྱི་གནའ་བོའི་འཚེ་མེད་ཞི་བ་དང་གཞན་གཅེས་ལག་ལེན་དེ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ལ་གཟིགས་བཞིན་པ་མ་ཟད། དགོས་ངེས་ཅན་ཞིག་ལ་དགོངས་བཞེས་མཛད་ཡོད་པ་བཀའ་སྩལ་འདུག འཚམས་འཕྲིན་དེའི་མཇུག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་ཀྱིས་དུས་རྒྱུན་ནས་རྒྱ་གར་ནི་འཕགས་པའི་ཡུལ་ལ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། འདས་པའི་མི་ལོ་ ༦༡ རིང་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་བོད་མི་ཡོངས་ཀྱི་ཕ་ཡུལ་གཉིས་པའང་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག་ཏུ་གོ་སྐབས་འདི་བརྒྱུད་ནས་བསྐྱར་དུ་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་བྱམས་བརྩེ་དང་ལྡན་པས་མཐུན་སྦྱོར་རོགས་མགོན་གང་ལེགས་གནང་བར་བཀའ་དྲིན་ཆེ་ཞེས་སྐྱབས་སྨོན་དང་བཅས་སྩལ་འདུག

བོད་ཀྱི་གྲོགས་པོ་རྙིང་གྲས་ལྕམ་སྐུ་ Kapila Vatsyayan མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་འདུག

རྒྱ་གར་དབུས་གཞུང་གི་ཕྱི་འབྲེལ་དང་ཤེས་ཡོན་། འཛིན་སྐྱོང་། དེ་བཞིན་གྲོས་ཚོགས་འཐུས་མིའི་ཐུགས་འགན་སོགས་བཞེས་མྱོང་མཁན་དང་བོད་དོན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ Kapila Vatsyayan མཆོག་ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱལ་ས་ལྡི་ལིའི་རང་ཤག་ཏུ་དགུང་ལོ་ ༩༢ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཁྲལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དམ་པ་ཁོང་གི་གཅེན་པོ་སྐུ་ཞབས་ Subash Bhashi ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་ནས་ལྕམ་སྐུ་ཀ་པི་ལཱ་མཆོག་སྐུ་ཚེ་མ་ཟིན་པར་དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོས་གདུང་སེམས་མཉམ་བསྐྱེད་དང་ཐུགས་སྨོན་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དགོངས་རྫོགས་མཆོད་འབུལ་མཛད་སྟོན་ལ་ཆེད་ཕེབས་མཛད་སྐབས་ཐེངས་དང་པོ་ལྕམ་སྐུ་མཆོག་དང་མཇལ་འཕྲད་མཛད་མྱོང་ཡོད་པར་ཐུགས་དྲན་གསོས་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་རྣམ་ཀུན་ནས་ལྕམ་སྐུ་ཀ་པི་ལཱ་མཆོག་ལ་ཨ་མ་ལགས་ཞེས་མཚན་འབོད་མཛད་ཀྱི་ཡོད་པ་དང་། དེའང་ཁོང་གིས་༸གོང་ས་མཆོག་གིས་གཙོས་པའི་བོད་མི་དག་ལ་ཨ་མ་ལྟ་བུས་བྱམས་བརྩེ་གནང་གི་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ལྕམ་སྐུ་ཁོང་གིས་མགོན་པོ་༸གང་ཉིད་མཆོག་གི་ལོ་མང་གོང་ནས་དགོངས་གཞི་ཡོད་པ་བཞིན་བོད་བརྒྱུད་ནང་བསྟན་གྱི་ལེགས་བྱང་རྣམས་སྲུང་སྐྱོབ་དང་གཅེས་ཚགས་སོགས་གནང་རྒྱུར་སྨན་པའི་ཕྱག་རོགས་རྒྱ་ཆེ་གནང་བས་བཀྲིན་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་ཁོང་གིས་ཕྱི་ལོ་ ༡༩༧༠ ནང་དུ་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཐོག་མར་གསར་རྒྱག་གྱི་ལས་གཞི་དབུ་འཛུགས་སྐབས་ནས་བཟུང་མཐར་ལེགས་གྲུབ་ཀྱི་བར་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱག་རོགས་རླབས་ཆེན་གནང་ཡོད་སྐོར་སོགས་བཀའ་སྩལ་འདུག མདོར་ན་ལྕམ་སྐུ་པ་ཀི་ལཱ་མཆོག་སྐུ་འཚོ་བཞུགས་སྐབས་སུ་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་གཙོས་པའི་ལྡི་ལི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ལ་སོགས་པ་བོད་ཀྱི་ལེགས་བྱང་དང་འབྲེལ་བའི་ལྟེ་གནས་ཁང་གསར་འཛུགས་དང་རྒྱ་སྐྱེད་ལ་དམིགས་པའི་བོད་ཀྱི་མཛའ་གྲོགས་དུས་ཡུན་རིང་ཤོས་ཤིག་གནང་ཡོད་པར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ལྕམ་སྐུ་དམ་པ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ལེགས་བྱང་གཅེས་ཚགས་དང་གཞན་ཡང་གལ་གནད་ཆེ་བའི་གནད་དོན་མང་པོའི་ཐོག་ཕྱག་ལས་མཛད་སྟངས་ལ་མགོན་པོ་༧གང་ཉིད་མཆོག་ནས་ཡི་རང་མཛད་བཞིན་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་མཆོག་ནས་ལྕམ་སྐུ་ཀ་པི་ལཱ་མཆོག་དང་ལྷན་འདས་པའི་ལོ་མང་རིང་ནས་མཛའ་འབྲེལ་མུ་མཐུད་རྒྱུན་སྐྱོང་མཛད་ཡོད་པ་དང་། འདས་ལོའི་ཕྱི་ཟླ་བཅུ་གཅིག་ནང་རྒྱལ་ས་ལྡི་ལིར་མཇལ་འཕྲད་ཆེས་མཐའ་མ་དེ་མཛད་ཡོད་སྐོར་བཀའ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་མཚམས་སུ་ད་ལན་ལྕམ་སྐུ་ Kapila Vatsyayan མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དེས་འཕགས་བོད་གཉིས་ཀར་གྱོང་གུན་ཆེན་པོ་ཕོག་ཡོད་པ་དང་། དམ་པ་ཁོང་ནི་རྒྱ་གར་གྱི་ཐུན་མིན་གནའ་བོའི་སྒྱུ་རྩལ་དང་ལེགས་བྱང་གྱི་དགུང་མཐོའི་གཟུགས་བརྙན་དེ་ཆགས་ཡོད་པར་བཀའ་སྩལ་འདུག གཞི་རྩའི་རྒྱ་གར་གྱི་རིག་གཞུང་ཐོག་མཁས་དབང་གྲགས་ཅན་ཀ་པི་ལཱ་ཝ་ཏི་སེ་ཡ་ཡན་མཆོག་གིས་ད་བར་ཁོང་གིས་རིག་གནས་དང་འབྲེལ་བའི་དཔེ་དེབ་ ༢༠ འདོན་སྤེལ་གནང་ཡོད་པ་དང་། རྒྱ་གར་གྱི་སྲོལ་རྒྱུན་གླུ་གར་འཁྲབ་གཞུང་དང་། ལེགས་བྱང་། ཤེས་ཡོན་སོགས་ཀྱི་ཐོག་ལ་གཟེངས་སུ་ཐོན་པའི་མཛད་རྗེས་རླབས་པོ་ཆེ་བཞག་པར་བརྟེན་ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་དབུས་གཞུང་གིས་དམ་པ་དེ་ཉིད་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཝི་བྷུ་ཤན་ཞེས་པ་དེ་ཕུལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་ཁ་སང་ཉིན་རྒྱབ་ཏུ་གནང་ཡོད་པ་དང་། སྐབས་དེར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀོད་མངགས་ལམ་བསྟོན་ཕེབས་དོན་ལྟར་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས། དེ་བཞིན་ལྡི་ལི་བོད་ཁང་གི་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས། དྲུང་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་བཅས་ཆེད་བཅར་གྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་ཤུལ་ལུས་སྐུ་འཁོར་ཚོར་ཐུགས་གསོ་སོགས་ཞུས་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་དེ་ཉིད་ཀྱི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་འདུག་པའི་ནང་དུ་ཀ་པི་ལཱ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་སྨོན་དང་དམ་པ་ཁོང་གི་ཤུལ་ལུས་སྐུ་འཁོར་ཡོངས་ལ་ཐུགས་གསོ་ཞུས་པ་དང་སྦྲགས། སྲིད་སྐྱོང་མཆོག་གིས་ལྡི་ལིར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཐོག་ལ་དམ་པ་ཁོང་དང་མཇལ་འཕྲད་ཞུས་པ་དྲན་གསོ་དང་སྦྲགས། སྐུ་འཚོ་བཞུགས་རིང་དམ་པ་ཁོང་གིས་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བར་བཀྲིན་རྗེས་དྲན་ཞུས་པ་མ་ཟད། བོད་མི་རྣམ་པའི་སེམས་ཁོངས་ནས་ཁོང་དུས་ནམ་ཡང་བརྗེད་ཐབས་ མེད་སྐོར་གསུངས་འདུག

བོད་ཀྱི་གྲོགས་པོ་རྙིང་གྲས་ Dr. Kapila Vatsyayan ལགས་དགོངས་པ་རྫོགས་འདུག

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཚུ་ཚོད་ ༩ པའི་ཐོག་བོད་ཀྱི་གྲོགས་པོ་རྙིང་གྲས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་སྒྱུ་རྩལ་བ་གྲགས་ཅན་མཁས་དབང་ Kapila Vatsyayan ལགས་དགོང་ལོ་༩༢ ཐོག་རྒྱལ་ས་ལྡི་ལིའི་རང་ཁྱིམ་དུ་སྐུ་ཚེ་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འདུག

ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་འོས་འགན་དེ་ང་ཚོ་དང་ལྷག་པར་དུ་སྲིད་དོན་པར་ཡོད་ཅེས་བཀའ་སྩལ་བ།

༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་གོ་ལའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གང་སྤེལ་ཡང་དེར་ཐུགས་དོགས་གང་ཡང་མེད་པར་རྒྱབ་སྐྱོར་མཛད་ངེས་ཡིན་ཞེས་བཀའ་སྩལ་བ་དང་སྦྲགས། གནད་དོན་འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞི་གཅིག་པོ་དེའི་ཡུན་གནས་དང་འབྲེལ་བ་ཡོད་ཅེས་བཀའ་སྩལ་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ The Los Angeles Times ཞེས་པའི་ཨ་རིའི་ཉིན་རེའི་གསར་ཤོག་ཐོག་དམིགས་བསལ་དཔྱད་གཏམ་ཞིག་སྤེལ་གནང་མཛད་དེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་ལྗོན་ཤིང་ལ་སྙེ་ནས་སྐུ་བལྟམས་ཤིང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཟད། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་མཛད་པ་དེ་དག་ཀྱང་ལྗོན་ཤིང་འོག་ཏུ་བརྟེན་ཡོད་སྐོར་བཀའ་སྩལ་དང་སྦྲགས། ཅི་སྟེ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་སླར་ཕེབས་ཚེ་ཁོང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ཕྱག་ལས་མཛད་རྒྱུ་ཐུགས་གཏན་ཁེལ་ཡོད་པར་བཀའ་སྩལ་འདུག༸གོང་ས་མཆོག་གིས་དཔྱད་གཏམ་དེའི་ནང་འདས་པའི་ལོ་མང་གོང་ནས་གཞོན་སྐྱེས་ཕོ་མོ་ས་ཡ་མང་པོས་སྲིད་དོན་གྱི་དབུ་ཁྲོད་ཚོའི་ངོས་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་སྨན་པའི་དོན་འབྲས་སོན་པའི་ཕྱག་བསྟར་གནང་དགོས་པའི་ལས་འགུལ་བསྟུད་མར་སྤེལ་བ་མ་ཟད། སྣོད་བཅུད་ཀྱི་འཇིག་རྟེན་ལ་གཏོར་བཤིག་དང་སྐྱེས་ལྡན་སྣ་མང་ཉུང་དུ་གཏོང་བཞིན་ཡོད་པའི་བྱ་སྤྱོད་ལ་རོགས་འདེགས་ཀྱིས་མང་ཚོགས་ཁྲོད་གོ་རྟོགས་ལས་འགུལ་སྤེལ་བ་ཁག་ལུང་འདྲེན་མཛད་པ་དང། ལྷག་དོན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་བུ་མོ་ན་ཆུང་ Greta Thunberg ལགས་ཀྱིས་ད་བར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་འཕེལ་བའི་གནད་དོན་སོགས་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བར་ཡི་རངས་བསྔགས་བརྗོད་མཛད་དེ་ལོ་ན་ཆུང་ཆུང་ཞིག་ལ་གོ་ལའི་འགན་ཁུར་གྱི་བསམ་བློ་དེ་འདྲ་ཞིག་ཡོད་པ་དེ་ནི་ངོ་མཚར་ཅན་ཞིག་ཡིན་སྐོར་བཀའ་སྩལ་བ་ཆབས་ཅིག  Greta Thunberg ལགས་ཀྱིས་སྣེ་ཁྲིད་པའི་ Friday for future ཞེས་རེས་གཟའ་པ་སངས་ནི་མ་འོངས་པའི་ཆེད་དུ་ཡིན་པའི་འབོད་ཚིག་གི་ལས་འགུལ་ལ་མགོན་པོ་༸གང་ཉིད་མཆོག་ནས་རྒྱབ་སྐྱོར་ཡོད་པར་བཀའ་སྩལ་འདུགདེ་བཞིན་༸གོང་ས་མཆོག་གིས་མི་རེ་ངོ་རེར་གོ་ལའི་ཁྱིམ་ཚང་འདི་བཟང་ཕྱོགས་སུ་སྣེ་ཁྲིད་རྒྱུའི་འོས་འགན་ཡོད་པ་བཀའ་སྩལ་བ་དང་སྦྲགས། བསྔོ་སྨོན་གསུང་འདོན་ཁོ་ན་གནང་བ་དེས་མི་འགྲིག་པར་ང་ཚོས་དོན་དམ་པར་འགན་ཁུར་དགོས་ཞེས་ལམ་སྟོན་མཛད་པ་མ་ཟད། དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཚོར་དུས་རབས་འདི་ཞི་བདེ་དང་གྲོས་མོལ། དེ་བཞིན་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དང་གོ་སྐབས་ལྡན་ཡོད། གཞོན་སྐྱེས་དེ་རྣམས་ནི་ང་ཚོའི་རེེ་བ་དང་ཁོང་རྣམ་པའི་འབད་བརྩོན་རྣམས་ནི་བདེན་པ་དང་རྒྱུ་མཚན་ལ་གཞིར་བཅོལ་བ་ཞིག་ཆགས་ཡོད་སྟབས་ན་གཞོན་ཚོས་དོན་དམ་གྱི་འགྱུར་ལྡོག་གནང་བའི་ཐུགས་རེ་ཡོད་པར་བཀའ་སྩལ་འདུག ཕྱོགས་མཚུངས་དེང་གི་དུས་འདིར་ང་ཚོའི་ཁོར་ཡུག་གྱི་གནད་དོན་དང་འོས་བསྡུའི་དབར་འབྲེལ་ལམ་དམ་ཟབ་ཆགས་ཡོད་པར་བཀའ་སྩལ་བ་དང་འབྲེལ། ང་ཚོས་གཞོན་སྐྱེས་ཁོ་ནར་རེ་བ་བཅོལ་ནས་མ་བཞུགས་པར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་དེ་ཛ་དྲག་གི་ངོ་བོར་ཐུགས་ཁུར་བཞེས་མཁན་གྱི་ཆབ་སྲིད་དབུ་འཁྲིད་རྣམས་འོས་འདེམས་གནང་དགོས་པ་བཀའ་སྩལ་འདུག ༸གོང་ས་མཆོག་གིས་གནད་དོན་འདི་དང་འབྲེལ། དེང་སྐབས་འཇར་མ་ནི་དང་སུད་ཛ་ལན་ཌི། ཧྥི་ལན་ཌི། སྦེལ་ཇམ། དེ་བཞིན་ནི་ཐར་ལན་ཌི། ཨོ་རོབ་གྲོས་ཚོགས་སོགས་ཀྱི་ནང་ལ་ལྗང་ཁུ་ཚོགས་པའི་འཐུས་མི་རྣམས་སྲིད་དོན་མི་སྣར་འོས་འདེམས་གནང་གི་ཡོད་པ་དང་། དེ་ནི་མང་ཚོགས་ཀྱི་དགོངས་འཆར་བརྒྱུད་དེ་སྲིད་དོན་མི་སྣའི་བསམ་བློར་འགྱུར་ལྡོག་ཡོང་བར་བཟང་རྟགས་ཤིག་ཡིན་པར་བཀའ་སྩལ་བ་དང་སྦྲགས། སྤྱིར་མགོན་པོ་༸གང་ཉིད་མཆོག་གིས་སྲིད་དོན་པ་ཚོས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་གནད་ཆེར་ངོས་འཛིན་གནང་གི་མེད་པའི་རྣམ་པ་ཞིག་གཟིགས་ཀྱི་ཡོད་སྐོར་བཀའ་སྩལ་ཏེ་མ་རིག་པ་ནི་རང་ཉིད་ཀྱི་དགྲ་བོ་ཨང་དང་པོ་དེ་ཡིན་པར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་དཔྱད་གཏམ་དེ་ནང་ད་དུང་ང་ཚོས་ཚོགས་འདུ་དང་ལྷན་ཚོགས་སྐོང་ཚོགས་གནང་བ་དེ་ཁོ་ནས་མི་འགྲིག་པར་འགྱུར་ལྡོག་ཡོང་བར་འཆར་གཞི་ལྡན་པའི་དུས་བཅད་གཏན་འབེབས་གནང་དགོས་པ་དང་། གལ་ཏེ་སྲིད་དོན་དབུ་ཁྲིད་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་ཚེ་ང་ཚོར་རེ་བ་གནང་རྒྱུའི་རྒྱུ་མཚན་ལྡན་ཡོད། ང་ཚོས་སྲིད་པའི་དཔལ་ཡོན་དེ་མི་ཁག་ཅིག་གི་འདོད་མོས་ལ་བལྟས་ནས་བློས་བཏང་གནང་རྒྱུ་མེད་པར་ལམ་སྟོན་མཛད་འདུག གཞན་ཡང་༸གོང་ས་མཆོག་གིས་ཉེ་ཆར་རྟོག་ཞིབ་པ་ཚོས་འཛམ་གླིང་འདི་དུག་རྫས་ནག་པོ་སྤྱོད་ཚད་ཡོངས་སུ་བརྒལ་ཡོད་པའི་གྲུབ་དོན་ར་འཕྲོད་བྱུང་བ་ལྟར་ད་ལྟའི་ང་ཚོའི་དུས་སྐབས་འདི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་པ་དང་། ལྷག་དོན་སྲིད་དོན་པ་ཚོས་སྔ་རྗེས་སུ་རྒྱུ་མཚན་འདྲ་མིན་ལ་སྙད་བཏགས་ཀྱང་ང་ཚོས་ངེས་པར་དུ་དུས་ཚོད་ཐབས་མཁས་ཀྱི་ཐོག་ནས་སྤྱོད་དགོས་པར་བཀའ་སྩལ་འདུག འཛམ་གླིང་འདིར་གནས་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་རྣམས་ནས་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ལྟར་གོ་ལ་ཁྱོན་ཡོངས་དང་འབྲེལ་བའི་ཁོར་ཡུག་གི་གནད་དོན་ལ་བསྐྱར་ཞིབ་གནང་གལ་ཡིན་པ་དང་། གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་གདོང་ལེན་གནང་བཞིན་པའི་དུས་སྐབས་འདིར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེ་ནི་ང་ཚོ་ཡུན་གནས་ཐུབ་པར་དོན་དམ་གྱི་གནད་དོན་ཞིག་ཡིན་པར་བཀའ་སྩལ་འདུག ང་ཚོའི་མ་འོངས་པའི་མི་རབས་གཞོན་པ་ཚོ་ཇི་ལྟར་ཆགས་མིན་ང་ཚོའི་ལག་ཏུ་ཡོད་པར་བརྟེན་ང་ཚོས་རྗེས་ཤོར་མ་བྱུང་བའི་སྔོན་དུ་ཆོད་སེམས་བརྟན་པོས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གདོང་ལེན་གྱི་ལས་དོན་གཉེར་དགོས་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་བ་དང་། རྩ་བའི་༸གོང་ས་མཆོག་ལ་བུ་ཕྲུག་གང་ཡང་མེད་ཀྱང་བུ་ཕྲུག་ཡོད་མཁན་ཚོས་ཕྲུ་གུར་རང་ཉིད་སོ་སོ་དང་དེ་དག་གི་བུ་ཚའི་མི་ཚེ་ཇི་ལྟར་སྐྱེལ་དགོས་པའི་ཐོག་ལ་བསམ་བློ་གཏོང་དགོས་པ་དང་། ང་ཚོ་དུས་རབས་ ༢༡ གི་འགོ་སྟོད་འདིར་ཡོད་ཀྱང་ངེས་པར་དུ་དུས་རབས་ ༢༢ དང་ ༢༣ ནང་གནས་སྟངས་ཇི་ཆགས་ཐོག་ལ་དགོངས་བཞེས་གནང་དགོས་ཞེས་ལམ་སྟོན་སྩལ་འདུགགཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་གཙོ་སྐྱོང་གནང་བའི་ཐོག་ G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་འདུ་འཛོམས་ཀྱིས་དྲ་ཐོག་བརྒྱུད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་ལྷན་དུ་དཔལ་འབྱོར་དང་ཁོར་ཡུག་གི་དྲང་བདེན་སྤྱི་ཡོངས་ལ་དགོས་ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་གྱི་ཚོགས་འདུ་ཐེངས་ ༡༩ ཚོགས་པར་གོ་ལའི་ཚ་དྲོད་ཀྱི་རྐྱེན་གྱིས་ད་ཆ་དངོས་སུ་མི་མང་པོར་ངལ་བ་བཟོད་བརླགས་མེད་པའི་འཕྲད་ཀྱི་ཡོད་སྟབས་ང་ཚོས་གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་ངེས་པར་དུ་ཐུགས་སྣང་མང་ཙམ་གནང་དགོས་ཞེས་ལམ་སྟོན་སྩལ་ཡོད།

Latest news