Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ངོས་ལ་ཉེན་སྲུང་གནང་མཁན་ས་གནས་ཀྱི་དཔོན་རིགས་དང་སྐུ་སྲུང་བ་ཡོངས་ལ་ཐུགས་རྗེ་ཆེ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཀངྒ་རཱ་རྫོང་དཔོན་དང་སྐུ་སྲུང་བ་སྤྱི་ཁྱབ་པ་གཙོས་དྷརྨ་སཱ་ལཱའི་ས་གནས་ཀྱི་དཔོན་རིགས་ཁག་ཅིག་དང་ཁོང་རྣམ་པའི་ནང་མི་སྐུ་འཁོར་ཡོངས་ལ་གཟིམ་ཆུང་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་སྐུ་བཞུགས་མཛད་ནས་མི་ལོ་ ༦༠ ལྷག་ཙམ་ཕེབས་ཡོད་པ་དེའང་ཐུགས་ཧ་ཅང་ལྷོད་པོ་དང་བདེ་པོ་བྱུང་ཡོད་པར་བཀའ་སྩལ་མཛད་པ་དང་སྦྲགས། ཐེངས་འདིའི་མཇལ་ཁའི་གོ་སྐབས་ཐོག་ནས་ས་གནས་ཀྱི་སྔ་རྗེས་སུ་ཕེབས་པའི་དཔོན་རིགས་རྣམས་དང་ལྷག་དོན་མགོན་པོ་༸གང་ཉིད་མཆོག་ལ་ཉིན་མཚན་མེད་པར་སྐུ་ཕྱྭའི་ཉེན་སྲུང་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག༸གོང་ས་མཆོག་གིས་ཀངྒ་རཱ་རྫོང་དུ་ཆགས་པའི་བཞུགས་སྒར་དྷརྨ་སཱ་ལཱ་འདི་ནི་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧ་རུ་མཆོག་གི་དགོངས་གཞི་ལྟར་མགོན་པོ་༸གང་ཉིད་མཆོག་གིས་དབུས་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་བཞུགས་གནས་སུ་གྱུར་བ་དང་། ས་གནས་འདི་གནམ་གཤིས་དང་ས་བབ་སོགས་ཕྱོགས་གང་ཅིའི་ཐོག་ནས་མགོན་པོ་མཆོག་ལ་ཧ་ཅང་འཚམ་པོ་གྱུར་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ། ༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཕྱྭའི་འགན་ཡོད་པའི་རྒྱ་གར་གྱི་སྐུ་སྲུང་བ་དབར་རྒྱུན་ལྡན་ནས་དམིགས་བསལ་གྱི་མཛའ་བརྩེའི་འབྲེལ་བ་མཚོན་པའི་དཔེ་མཚོན་ཁག་ཅིག་ཞལ་ཤོབ་མཛད་དེ་བཀའ་སྩལ་བ་དང་ཆབས་ཅིག སྤྱིར་༸གོང་ས་མཆོག་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་རྒྱ་གར་གྱི་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་དབུས་དང་མངའ་སྡེའི་གཞུང་ནས་མཐུན་འགྱུར་གང་ཐུབ་ཞུས་དང་ཞུ་བཞིན་ཡོད་པ་དེ་ལྟར་ཡང་། བཞུགས་སྒར་གྱི་ས་གནས་དཔོན་རིགས་དང་སྐུ་སྲུང་བ་རྣམས་ལ་མགོན་པོ་ནས་དམིགས་བསལ་བཀྲིན་ཆེན་པོ་ཡིན་སྐོར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་སྐབས་དེར་ད་དུང་རྒྱ་གར་འཕགས་པའི་ཡུལ་འདི་ནི་མང་གཙོ་དང་ཆོས་དད་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་ཆེ་བསྟོད་མཛད་པ་དང་འབྲེལ། དེ་སྔ་༸གོང་ས་མཆོག་མ་སུ་རིར་ལོ་གཅིག་ཙམ་རིང་སྐུ་བཞུགས་མཛད་རྗེས་བཞུགས་སྒར་དྷརྨ་སཱ་ལཱར་ཆིབས་བསྒྱུར་མཛད་གཏན་ཁེལ་སྟབས། སྐབས་དེའི་འབྲས་སྤྱི་བློན་ཆེན་ Apa Pant ལགས་ཀྱིས་དྷ་ས་ནས་༸གོང་ས་མཆོག་གི་ཐུགས་ཀྱི་འོད་ཟེར་འཛམ་གླིང་ཡོངས་ལ་འཕྲོ་ངེས་རེད་ཅེས་ཞུས་པ་དེ་ད་ཆ་རན་པོ་ཞིག་ཆགས་ཡོད་པ་དང་། ༸གོང་ས་མཆོག་ད་ཆ་ས་གནས་འདིར་རང་དབང་ལྡན་པའི་ངང་སྐུ་བཞུགས་མཛད་དེ་སྐབས་བསྟུན་ཕྱི་ནང་གི་མི་སྣ་མཇལ་འཕྲད་དང་ལྷག་པར་བརྙན་སོགས་ཀྱི་བརྒྱུད་ལམ་ཐོག་ནས་མགོན་པོ་མཆོག་གི་དགོངས་གཞི་བརྒྱུད་སྤེལ་མཛད་ཐུབ་པ་བཅས་ལ་གཞིགས་ན་༸སྐུ་ཚེ་འདི་དོན་དམ་པའི་ཕན་རླབས་ཅན་ཞིག་ཏུ་གྱུར་ཡོད་པར་བཀའ་སྩལ་མཛད་ཡོད། ༸གོང་ས་མཆོག་གིས་སྐབས་དེར་དེ་རིང་སྔ་དྲོ་༸སྐུའི་བླ་སྨན་པ་རྣམས་ནས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཞུས་པ་ལྟར་སྔར་བཞིན་གསལ་ཐང་ཡིན་པའི་སྙན་སེང་ཞུས་པ་ཡོངས་གྲགས་བཀའ་སྩལ་མཛད་འདུག  ཚོུད་གཅིག་ལྷག་ཙམ་གྱི་མཇལ་མོལ་དེའི་རིང་རྒྱ་གར་གྱི་ས་གནས་དཔོན་རིགས་རྣམས་ནས་༸གོང་ས་མཆོག་ཁུལ་འདིར་སྐུ་བཞུགས་མཛད་པ་ཙམ་གྱིས་ད་ཆ་ས་གནས་འདི་གནའ་བོའི་ལེགས་བཤད་ཀྱི་ལྟེ་གནས་ལྟ་བུར་གྱུར་ཡོད་པ་འགྲེལ་བརྗོད་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་མི་ཚེ་དོན་དམ་པ་ཇི་ལྟར་བསྐྱེལ་དགོས་པ། དེ་བཞིན་རང་གི་འོས་འགན་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་ཟུང་འབྲེལ་ཐོག་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་གནད་དོན་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་བཞིན་༸གོང་མཆོག་གིས་ཐུགས་བརྩེ་ཆེན་པོས་བཀའ་ལན་མཛད་པ་དང་འབྲེལ། གཙོ་བོ་འགྲོ་བ་མི་གཅིག་གྱུར་གྱི་བློ་གོང་འཕེལ་གནང་རྒྱུའི་གལ་གནད་དང་། རྒྱ་གར་གྱི་གནའ་རབས་ལེགས་བཤད་ནང་འཚེ་མེད་ཞི་བ་དང་སྙིང་རྗེའི་སྐོར་གསལ་བ་དེ་དག་རླབས་ཆེན་ཡིན་པ་དང་། དེ་དག་ལ་བརྟེན་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་ལོ་ངོ་སྟོང་མང་པོའི་རིང་ནས་གནས་ཐུབ་ཡོད་སྟབས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དག་ལ་སློབ་གཉེར་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Bharat Ratna འབུལ་དགོས་བའི་ཞུ་སྐུལ།

རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཀྱིས་རྒྱ་གར་དབུས་གཞུང་ལ་ཞུ་སྙན་ཞིག་ཕུལ་ཏེ་རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡུལ་དེའི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུ་དགོས་པའི་གནད་དོན་གཙོས་ལ་དྭགས་ཀྱི་ཁུལ་ UT དང་འབྲེལ་ནས་གནད་དོནཁག་ཅིག་གི་སྐོར་ཞུ་སྐུལ་ཞུས་འདུགཁ་སང་རེས་གཟའ་ཕུར་བུ་ཉིན་རིན་ཆེན་ལྷ་མོ་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་བར་ཕྱི་ལོ་ ༢༠༢༡༌༌༢༢ ལོའི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་ནང་དུ་ལ་དྭགས་ཀྱི་ཁུལ་ UT དང་འབྲེལ་བའི་གནད་དོན་ཁག་ཅིག་དེའི་ཆ་ཤས་སུ་འཁོད་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་མ་ཟད། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྒྱུན་དུ་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་དཀྱུས་མ་ཞིག་དང་རྒྱ་གར་གྱི་བུ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པར་བཀའ་སྩལ་བ་ལུང་འདྲེན་གྱིས་མགོན་པོ་༸གང་ཉིད་མཆོག་ནས་༸སྐུ་ཚེ་ཧྲིལ་པོའི་རིང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་ལས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་བསྐྱར་གསོ་ཡོང་ཐབས་ཀྱི་མཛད་རྗེས་རླབས་ཆེན་བསྐྱངས་ཡོད་པར་འགྲེལ་བརྗོད་དང་འབྲེལ། ༸གོང་ས་མཆོག་ལ་རྒྱ་གར་གཞུང་གི་ངོས་ནས་ Bharat Ratna གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་དུས་ལ་བབ་ཡོད་པར་གསུངས་འདུག རིན་ཆེན་ལྷ་མོ་ལགས་ཀྱིས་ཞུ་ཡིག་དེའི་ནང་ལ་དྭགས་ཀྱི་ཁུལ་ UT ས་གནས་མང་ཚོགས་དང་འབྲེལ་བའི་གནད་དོན་ཁག་ཅིག་ཆེད་བཏོན་གནང་བར་རྒྱ་གར་གྱི་རྩ་ཁྲིམས་སྲུང་སྐྱོབ་ཀྱི་དོན་ཚན་དྲུག་པའི་འོག་ཏུ་ UT ས་གནས་མང་ཚོགས་ལ་རང་གི་ས་ཆ་དང་ལས་ཀ དེ་བཞིན་རིག་གཞུང་དང་ཁོར་ཡུག་བཅས་པ་སྲུང་སྐྱོབ་ཆོག་པའི་ཐོབ་ཐང་སྤྲོད་དགོས་པ་དང་། བྷོ་ཊའི་སྐད་ཡིག་ལ་གཞུང་འབྲེལ་ངོས་འཛིན་གནང་སྟེ་དེ་ཉིད་རྒྱ་གར་རྩ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ཁོངས་སུ་བཅུག་དགོས་པ། དེ་བཞིན་བྷོ་ཊིའི་སྐད་ཡིག་དང་རིག་གནས་གཉིས་ UT ཁུལ་གྱི་སློབ་གྲྭའི་ཤེས་ཡོན་ལམ་ལུགས་ནང་བཅུག་དགོས་པ་མ་ཟད། ལྷག་དོན་ལ་དྭགས་ནང་གི་གཞུང་འབྲེལ་གཞི་རིམ་གོང་མའི་སློབ་གྲྭ་ཁག་ཏུ་བྷོ་ཊའི་དགེ་རྒན་དང་བོད་རིག་པའི་མཐོ་རིམ་སློབ་དཔོན་གྱི་ས་དམིགས་ཆེད་བཏོན་གནང་བ་དང་ཆབས་ཅིག རྒྱ་གར་བྱང་ཕྱོགས་དཀར་འཁྱིལ་རྫོང་ཁོངས་སུ་ནང་པའི་གྲངས་ཉུང་མི་རིགས་སྤྱི་ཚོགས་ཀྱི་བདེ་དོན་སླད་ལས་འཆར་གསར་གཏོད་གནང་དགོས་པ་སོགས་ཀྱི་དོན་ཚན་ཁག་ཅིག་བཀོད་འདུག ཁ་སང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བྷོ་ཊིའི་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ཀྱི་ལེའུ་བརྒྱད་པའི་ནང་ཆེད་འཇུག་ཡོང་བར་ཁོང་གི་ངོས་ནས་སྤྱི་འཐུས་སྒེར་གྱི་ཁྲིམས་འཆར་ཞིག་རྒྱ་གར་གྱི་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་འོག་མར་བསྣམ་རྒྱུ་ཡིན་སྐོར་དང་དེ་ནི་ད་བར་གྱི་མི་རབས་ནང་བྱུང་མྱོང་མེད་པའི་ལས་འགུལ་གལ་ཆེ་ཞིག་དང་རྒྱ་གར་གྱི་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་འོག་མའི་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས། གནད་འགག་ཅན་ཞིག་ཏུ་གྱུར་བ་མ་ཚད་པར་བྷོ་ཊིའི་སྐད་ཡིག་པ་ཚང་མའི་སླད་སྤོབས་པ་གནང་འོས་ཤིག་ཆགས་རྒྱུ་ཡིན་པར་གསུངས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་གནད་དོན་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་དེ་འབྲེལ་དགོས་འདུན་ཆེད་བཏོན་གནང་ཡོད་པ་མ་ཟད། རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ལ་དྭགས་ནང་པ་ཚོགས་པ་དང་ལ་དྭགས་ཀྱི་ཁྲིག་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིག་སེ་རིན་པོ་ཆེ་མཆོག་བཅས་ནས་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་བློན་མཱོ་ཌི་མཆོག་ལ་ཞུ་སྙན་ཞིག་ཕུལ་ཏེ་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་གནང་ཡོད་པ་རེད།གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཕྱི་ཟླ་ ༣ ཚེས་ ༢༨ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༡༤ རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་ཧུན་སུར་རབ་རྒྱས་གླིང་། དེ་བཞིན་སྦེལ་ཀོབ་གཞིས་ཆགས་བཅས་གསུམ་གྱི་ནང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོ་དང་སེར་བྱེས་གཙོས་༸དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དང་དགའ་ལྡན་བླ་སྤྱི། གཞན་ཡང་རྙིང་མའི་དགོན་པ་སོགས་ཀྱི་སློབ་དཔོན་དང་དགེ་འདུན་པ་རྒན་གྲས་རྣམས་དང་ཚོགས་འདུ་གནང་རྒྱུ་མ་ཟད། ཐེངས་འདིའི་གཞུང་འབྲེལ་ཕྱོགས་སྐྱོད་ཁྲོད་གཙོ་བོ་ལྷོ་ཕྱོགས་གཞིས་ཆགས་ཁག་གི་གྲངས་ཉུང་མི་རིགས་སྤྱི་ཚོགས་ཀྱི་ཆོས་ལུགས་དབུ་ཁྲིད་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་འདྲ་མིན་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་སྤྱི་ཚོགས་དང་ཤེས་ཡོན། དཔལ་འབྱོར་གྱི་གནད་དོན་ཐད་ལ་ངལ་བ་གང་འཕྲད་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་མཐར་ཚེས་ ༡༠ ཉིན་ཕྱོགས་སྐྱོར་ལེགས་གྲུབ་གནང་གི་འདུག

༸གོང་ས་མཆོག་དབུས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པས་རྡུལ་ཕྲན་མཚོན་ཆ་སྤྱོད་རྒྱུ་མེད་པའི་འབོད་སྐུལ་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བཅོ་དྲུག་གིས་ཐུན་མོང་ཐོག་ནས་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བར་ར་ཤི་ཡས་ཡུཀ་རེན་ནང་བཙན་འཛུལ་མཚམས་འཇོག་དགོས་པ་དང་། རྡུལ་ཕྲན་མཚོན་ཆ་རིགས་རྩ་བ་ནས་མི་སྤྱོད་པའི་ཁས་ལེན་དམ་བཅའ་འཇོག་དགོས་པའི་འབོད་སྐུལ་གནང་འདུགཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གཅིག་ལྷག་འགྲོ་བཞིན་པ་དང་སྒོས་དེ་རིང་ནས་དབུ་འཛུགས་ཀྱིས་རྒྱལ་ཁབ་དེ་གཉིས་ཀྱི་སྐུ་ཚབ་ཊར་ཀི་ཏུ་ལྷན་འཛོམས་ཀྱིས་ཞི་བའི་གྲོས་མོལ་གནང་གཏན་ཁེལ་ཡོད་པའི་མཚམས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བཅུ་དྲུག་ཙམ་གྱིས་ཟླ་ ༣ ཚེས་ ༢༦ ཉིན་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ར་ཤི་ཡས་ཡུཀ་རེན་ནང་བཙན་འཛུལ་བྱས་པ་དེས་ཡུལ་དེའི་མང་ཚོགས་ཁོ་ན་མིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་དཔལ་ཡོན་དང་གོ་ལའི་ཁོར་ཡུག་སོགས་ལ་གནོད་འཚེ་ཚབས་ཆེན་བཟོ་མུས་ཡིན་སྟབས་ར་ཤི་ཡས་ཡུཀ་རེན་ནང་ཆེད་གཏོང་བྱས་པའི་དམག་དཔུང་རྣམས་འཕྲལ་མར་ཕྱིར་འཐེན་དང་དམག་འཐབ་མཚམས་འཇོག་བརྒྱུད་ངལ་བ་ཁག་སེལ་ཐབས་སླད་གྲོས་མོལ་གནང་དགོས་སྐོར་གསུངས་པ་མ་ཟད་བྱང་ Atlantic གི་ཆིངས་ཡིག་སྒྲིག་འཛུགས་  NATO དང་ར་ཤི་ཡ་ནས་ཐེངས་འདིའི་འཁྲུག་རྩོད་ནང་རྡུལ་ཕྲན་ནུས་ཤུགས་རིགས་རྩ་བ་ནས་སྤྱོད་རྒྱུ་མིན་པ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་འདུག འབོད་སྐུལ་གྱི་སྤྱི་བསྒྲགས་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱིས་བཙན་གནོན་དང་སྡིག་སྐུལ་ཐོག་ནས་སྲིད་དབང་བཟུང་མཁན་དག་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ་དང་ཆབས་ཅིག དཀའ་རྙོག་གི་གནས་བབ་གང་འདྲ་ཞིག་ཡིན་ཀྱང་། དེ་དག་གྲོས་མོལ་དང་དྲང་བདེན་གྱི་ལམ་ནས་སེལ་ཐབས་གནང་དགོས་ཡོད་སྐོར་གསུངས་པ་མ་ཟད། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་དགོས་ངེས་ཅན་ཡིན་པ་ལྟར་དེ་དེ་བཞིན་ཡོང་བར་ཕྱོགས་ཡོངས་ནས་འབད་བརྩོན་གནང་སྟེ་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་ལ་ཚད་མཐོའི་རྒྱབ་སྐྱོར་གནང་བའི་སྟེང་རྡུལ་ཕྲན་གོ་མཚོན་སྤྱོད་རྒྱུ་མཚམས་འཇོག་བྱ་རྒྱུ་ནི་དུས་ལ་བབ་པ་དང་ཐབས་ལམ་འདི་ཁོ་ན་བརྒྱུད་ནས་གོ་ལའི་སྐྱེས་འགྲོ་ཐམས་ཅད་ཉེན་ཁ་ལས་ཐར་ངེས་ཡིན་པར་གསུངས་འདུག ཐེངས་འདིའི་སྤྱི་བསྒྲགས་སྤེལ་མཁན་ཁོངས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ Jody Williams ལགས་དང་སྐུ་ཞབས་ Kailash Satyarthi ཀོ་ལམ་བྷེ་ཡའི་སྲིད་འཛིན་ཟུར་པ་ Juan Manuel Santos ལགས། དེ་བཞིན་གོ་མཚོན་གྱི་དམག་འཁྲུག་འགོག་ཐབས་ཀྱི་རྒྱལ་སྤྱིའི་སྨན་པའི་སྡེ་ཁག་དང་གོ་མཚོན་རྩ་མེད་བཟོ་རྒྱུའི་རྒྱལ་སྤྱིའི་ལས་འགུལ་ཁང་། རྒྱལ་སྤྱིའི་ཞི་བདེའི་དོན་གཅོད་ཁང་སོགས་ཚོགས་སྒེར་བཅུ་དྲུག་ཡོད་པ་རེད།

བྱང་ཨ་རི་ཁུལ་གྱི་གློག་བརྙན་ཁང་ ༨༠༠ ནང་༸གོང་ས་མཆོག་གི་མཛད་འཕྲིན་གློག་བརྙན་གསར་པ་གཟིགས་འབུལ་ཞུ་འཆར།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་༸སྐུའི་མཛད་འཕྲིན་དང་ལྷག་པར་དུ་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་བཟུང་བྱས་པར་བརྟེན་༸གོང་ས་མཆོག་རྒྱ་གར་དུ་ཉེན་གཡོལ་ལ་ཆིབས་བསྒྱུར་མཛད་པ་དང་འབྲེལ་བའི་ Never Forget Tibet: The Dalai Lama’s Untold Story ཞེས་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་དེ་གནངས་ཕྱི་ཚེས་ ༣༡ ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་ལ་ཉེན་གཡོལ་དུ་ཆིབས་སྒྱུར་མཛད་པའི་དེ་བྱུང་གི་རང་བཞིན་ལྡན་པའི་དུས་ཚིགས་དང་བསྟུན། དེ་ཉིན་ཨ་རི་དང་ཁེ་ན་ཌ་བཅས་བྱང་ཨ་རི་ཁུལ་གྱི་གློག་བརྙན་ཁང་ ༨༠༠ ནང་དུ་དུས་གཅིག་ལ་གཟིགས་འབུལ་གྱི་དབུ་བྱེད་གནང་འཆར་འདུགཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ Compassionate Films གློག་བརྙན་བཟོ་སྐྲུན་ཁང་གི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་དུ་ཆིབས་བསྒྱུར་མཛད་པ་དང་འབྲེལ་བའི་ད་བར་གསན་གཟིགས་གནང་མྱོང་མེད་པའི་པའི་གནད་དོན་ཁག་ཅིག་ཡོད་པའི་གློག་བརྙན་དེ་ཕྱི་ཟླ་ ༣ ཚེས་ ༣༡ སྟེ་༸གོང་ས་མཆོག་ཐོག་མར་རྒྱ་གར་ནང་དུ་༸ཞབས་སོར་བདེ་བར་འཁོད་ནས་མི་ལོ་ ༦༣ སོང་བའི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་རྒྱལ་སྤྱིའི་ཁྲོད་གཟིགས་འབུལ་དང་འབྲེལ་བྱང་ཨ་རི་ཁུལ་གྱི་གློག་བརྙན་ཁང་ ༨༠༠ ནང་དུས་གཅིག་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག གནངས་ཚེས་ ༣༡ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༦ ཐོག་སྐུ་ཞབས་ Jean Paul Mertinez ལགས་ཀྱིས་བཟོ་སྐྲུན་འཁྲབ་ཁྲིད་དང་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Hugh Bonneville ལགས་ཀྱིས་སྤྱི་ཤོག་འགྲེལ་བཤད་གནང་བའི་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་གཟིགས་འབུལ་གནང་རྒྱུའི་ཐོག་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུ་འབྱེད་གསུང་བཤད་དང་། བོད་ཀྱི་ནང་དོན་རིག་པའི་ཆེད་མཁས་བ་དང་ཡིག་སྒྱུར་བ་སྐུ་ཞབས་ Robert A.F. Thurman ལགས། དེ་བཞིན་ ༸གོང་ས་མཆོག་གི་གྲོགས་པོ་རྩོམ་པ་པོ་གྲགས་ཅན་ Deepak Chopra ལགས་བཅས་མཉམ་ཞུགས་གནང་གི་ཡོད་པ་དང་། འཛམ་གླིང་ཞི་བདེའི་ཆེད་དུ་བོད་ལུགས་དང་ཕྱི་ལུགས་ཀྱི་སྨོན་ལམ་གསུང་འདོན་གནང་རྒྱུ་སོགས་ཀྱི་ལས་རིམ་ཁག་ཅིག་ཡོད་པ་རེད། གནངས་ཉིན་གྱི་མཛད་སྒོ་དང་བསྟུན་ All the One དང་ From Chaos to Calm ཞེས་པའི་གློག་བརྙན་གསར་པ་དེ་གཉིས་གཟིགས་འབུལ་ཞུ་གཏན་ཁེལ་འདུག གློག་བརྙན་བཟོ་སྐྲུན་པ་  Jean Paul Mertinez ལགས་ཀྱིས་གློག་བརྙན་གཟིགས་འབུལ་གྱི་གསལ་བསྒྲགས་གནང་བ་དང་འབྲེལ་ཏེ། གློག་བརྙན་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་ནང་མི་སྐུ་འཁོར་ལྷན་རྒྱས། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་གྲོགས་པོ་ཚོའི་ལྷན་དུ་བཀའ་མོལ་དང་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་ཞིག་ཚོར་བཞིན་ཡོད་པ་དང་། གློག་བརྙན་ནང་བོད་ཀྱི་ལོ་རྒྱུས་དང་པར་རིགས། རི་མོ། རོལ་དབྱངས། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་འཁྱེར་ཕྱོགས་བཅས་ཀྱི་ཐོག་གཏིང་ཟབ་རང་བཞིན་གནད་དོན་བཀོད་ཡོད་པ་ལྟར། གོ་ལའི་མ་འོངས་གནས་བབ་དང་སྤྱི་ཚོགས་འཆམ་མཐུན་བཅས་ལ་ཐུགས་ཁུར་བཞེས་མཁན་ཚོར་གློག་བརྙན་འདིའི་ཐོག་ནས་སེམས་འགུལ་སྔར་ལྷག་འཕེལ་ངེས་ཡིན་པ་དང་། ད་ལན་གློག་བརྙན་གཟིགས་འབུལ་དབུ་འབྱེད་ཀྱི་གསལ་བསྒྲགས་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུགརྩ་བའི་གློག་བརྙན་དེ་བཞིན་རྩོམ་པ་པོ་ Rani Singh ལགས་ཀྱིས་བརྩམས་པའི་ ༼༸གོང་ས་མཆོག་དང་དཔོན་རིགས་ཤིག༽ ཅེས་པའི་དཔེ་དེབ་ལ་གཞིར་བཞག་ཡོད་པ་དང་། གློག་བརྙན་ནང་རྒྱ་གར་གྱི་རོལ་དབྱངས་མཁས་པ་ Shri Ravi Shankar ལགས་ཀྱི་སྲས་མོ་ Sitar རོལ་མོ་བ་གྲགས་ཅན་ Anoushka Shankar ལགས་ཀྱི་རོལ་དབྱངས་བརྩམས་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་ལྕམ་སྐུ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་དེང་སྐབས་འཛམ་གླིང་ཁྲོད་སྟོབས་ཆེ་བའི་རྒྱལ་ཁབ་ཅིག་གིས་ཁྱིམ་མཚེས་རྒྱལ་ཁབ་ཆུང་བར་བཙན་འཛུལ་བྱས་དང་བྱེད་བཞིན་པའི་ཛ་དྲག་དང་ཡིད་སྐྱོ་བའི་གནས་ཚུལ་མངོན་རྒྱུ་ཡོད་པའི་དུས་སྐབས་འདིར་༸གོང་ས་མཆོག་དང་ལྷན་དུ་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ ལྷག་ཕྱིན་པའི་རྗེས་སུའང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ནས་རང་གི་ཆོས་དང་རིག་གཞུང། ཞི་བའི་འཐབ་རྩོད་ལ་ཆོད་སེམས་བརྟན་པོ་ཡོད་སྐོར་དང་འབྲེལ། ད་རེས་༸གོང་ས་མཆོག་བཙོན་བྱོལ་དུ་ཆིབས་བསྒྱུར་མཛད་པ་དང་།  Har Mander Singh ལགས་དང་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་བ་སོགས་ དང་འབྲེལ་བའི་གློག་བརྙན་བོད་ནམ་ཡང་མ་བརྗེད་ཅེས་པས་གཟིགས་མོ་རྣམས་ལ་བོད་དེ་ནམ་ཡང་བརྗེད་རྒྱུ་མེད་པ་མ་ཟད། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པའི་རེ་བ་བསྐྱར་གསོ་བཅས་ཀྱི་གློག་བརྙན་གྱི་མིང་བྱང་ལྟར་བཟོ་རྒྱུ་ཡིན་པར་གསུངས་འདུག  

༸གོང་ས་མཆོག་གིས་རྒྱབ་ལྗོངས་མི་འདྲ་བའི་སོག་པོའི་རུ་ཁག་ཅིག་ལ་མཇལ་ཁ་སྩལ་བ། 

ནང་ཆོས་དང་བོད་མིའི་གནས་སྟངས་ལ་རྒྱུས་ལོན་སླད་ཉིན་ཤས་གོང་བཞུགས་སྒར་དུ་ཕེབས་པའི་སོག་པོའི་རུ་ཁག་ལ་དེ་རིང་སྔ་དྲོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༸རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་འདུགརུ་ཁག་སྣེ་ཁྲིད་གནང་མཁན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གིས་མཇལ་ཁ་སྐབས་གཙོ་བོ་བོད་དང་སོག་པོ་དབར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དང་།  བར་སྐབས་ཤིག་ནས་ཉམས་རྒུད་ཕྱིན་ཡོད་ཀྱང་ཕྱིས་སུ་སླར་གསོ་གནང་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་དང་། སོག་ཡུལ་ནས་རྒྱ་གར་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཁག་ཏུ་ཚུར་སློབ་གཉེར་གནང་བར་ཆེད་གཏོང་ཐུབ་ཚེ་དགེ་མཚན་དམིགས་བསལ་ལྡན་ཡོད་པ་དང་། དེའང་གཙོ་བོ་ང་ཚོའི་ཆོས་དང་རིག་གཞུང་ཐོག་ནས་འཛམ་གླིང་སྤྱིར་ཞབས་འདེགས་ཞུ་ཐུབ་རྒྱུའི་གོ་སྐབས་ཡོད་པར་བཀའ་སྩལ་དང་ཆབས་ཅིག རྒྱ་གར་ནས་ཐོན་པའི་དགེ་བཤེས་དང་མཁས་དབང་སོགས་སོག་པོར་དགོས་ཚེ་མངགས་གཏོང་ཆོག་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་སྤྱི་བའི་ཞབས་འདེགས་གང་ཐུབ་མཛད་རྒྱུའི་ཞལ་བཞེས་སྨིན་སྩལ་ཐོབ་སོང་ཞེས་གསུངས་སོང་། གཞི་རྩའི་རུ་སོག་སྐུ་ཚབ་དོན་ཁང་དང་ན་རོ་པཎ་ཆེན་གྱི་ཐེབས་རྩ། ཏེ་ལོ་ཧུ་ཐོག་ཐུ་ཐེབས་རྩ་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ Mind Reflection Retreat ཞེས་པའི་ལས་གཞི་དེ་ནི། སོག་པོའི་མི་གྲངས་  ༥༢ ཙམ་ཞིག་ལ་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་ཟབ་ཁྲིད་དང་། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་། ཆབ་སྲིད་བཅས་པ་ངོ་སྤྲོད་དང་གོ་རྟོགས་སྤེལ་བར་བཞུགས་སྒར་དུ་ཆེད་བཅར་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་མི་གྲངས་ ༥༢ ཡོད་པའི་ཁོངས་མི་གྲངས་ ༢༠ ནི་གཞས་གཏོང་མཁན་དང་། གཏམ་བརྗོད་འཁྲབ་མཁན། སྤྱི་ཚོགས་དྲ་རྒྱའི་ཐོག་རྗེས་འཇུག་འབུམ་ཕྲག་ཡོད་མཁན་ཁག་ཅིག་འདེམས་སྒྲུབ་གནང་འདུག་པ་དང་། ཏེ་ལོ་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་བོད་མིའི་གནས་སྟངས་སོགས་གོ་རྟོགས་ཁྱབ་ཆེ་རུ་འགྲོ་བར་དམིགས་ཏེ་མི་སྣ་དེ་དག་འདེམས་སྒྲུབ་གནང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།རུ་ཁག་དེར་ཁྱོན་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཀྱི་ཐོག་ཉིན་གྲངས་ལྔའི་རིང་ཟབ་སྦྱོང་གནང་ཡོད་པ་རེད།  གས་གསར་འགོད་པས་རུ་ཁག་དེའི་མི་སྣ་ཁག་ཅིག་ལ་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུ་རྒྱུ་བྱུང་བར་ཚོར་སྣང་གང་བྱུང་བ་དང་འབྲེལ་བའི་བཅར་འདྲི་ཞུས་ཡོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Madeleine Albright མཆོག་དགོངས་པ་རྫོགས་པར་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Madeleine Albrights མཆོག་དགོངས་པ་རྫོགས་པ་དང་འབྲེལ་ཏེ་དམ་པ་དེ་ཉིད་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག ཁ་ཉིན་ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Madeleine Albright མཆོག་དགུང་གྲངས་ ༨༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་སྲས་མོ་ Alice Patterson Albright ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ནས་ཁོང་གི་ཡུམ་དམ་པ་དེ་ཉིད་ནི་ཨ་རིའི་ལོ་རྒྱུས་ཁྲོད་བེུད་ཕྱི་སྲིད་དྲུང་ཆེ་གནང་མཁན་མྱོང་མཁན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཚད་པར་ཁོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་རིང་ལ་གཟེང་སུ་ཐོན་པའི་ཕྱག་ལས་གནང་ཡོད་སྟབས། དེར་ཆེ་བསྟོད་མཚོན་ཕྱིར་ཁོང་ལ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་གིས་ Presidential Medal of Freedom ཞེས་རང་དབང་གི་གཟེངས་རྟགས་ཤིག་ཕུལ་བ་དེས་མི་གཞན་རྣམས་ཀྱང་དམ་པ་དེ་ཉིད་ཀྱི་རྗེས་སུ་འབྲངས་རྒྱུར་རླབས་ཆེན་གྱི་སེམས་ཤུགས་སྐྱེད་དུ་བཅུག་ཡོད་ཅེས་བཀའ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་ལ་མཚོན་ན། འདས་པའི་དུས་ཡུན་ནང་ཨ་རིར་དམ་པ་ཁོང་དང་མཇལ་འཕྲད་ཀྱི་གོ་སྐབས་ཐེངས་འགའ་ཤས་བྱུང་མྱོང་ཡོད་པ་དང་ཐེངས་གཅིག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་རྒྱལ་ཁབ་དེའི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་དང་ལྷན་དུ་མཇལ་འཕྲད་མཛད་ཡོད་སྐོར་བཀའ་སྩལ་དང་སྦྲགས། དམ་པ་ཁོང་གི་ནང་མིའི་རྒྱབ་ལྗོངས་ནི་སྐྱབས་བཅོལ་བ་ཡིན་སྟབས། ཁོང་གིས་འགྲོ་བ་མི་གཞན་གྱི་རང་དབང་དང་བདེ་ཐབས་སླད་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པར་བཀའ་སྩལ་འདུགབོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་བོད་མི་ཡོངས་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་སྲས་མོ་གཙོས་ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུས་ཏེ་ལྕམ་སྐུ་ Albright མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་བོད་མི་ཚང་མར་ཧ་ཅང་གི་བློ་ཕམ་བྱུང་ཞེས་དང་ཁོང་ནས་ཨ་རི་གཞུང་དང་མི་མང་གི་བདེ་དོན་སླད་སྲི་ཞུ་རྣམ་དག་ཞུས་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་སྟབས། ཁོང་གི་མཛད་རྗེས་རྣམས་ཚང་མས་རྟག་ཏུ་དྲན་ངེས་རེད་ཅེས་ཆེ་བསྟོད་ཞུས་འདུག རྩ་བའི་དམ་པ་དེ་ཉིད་ཀྱིས་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Bill Clinton མཆོག་གི་སྐབས་སུ་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་པ་དེ་ནི་ཨ་རིའི་ལོ་རྒྱུས་ཁྲོད་བེུད་ཕྱི་སྲིད་དྲུང་ཆེ་གནང་མཁན་མྱོང་མཁན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་དམ་པ་ཁོང་ནས་ཨ་རིའི་རྒྱལ་ནང་བདེ་སྲུང་སློབ་སྟོན་པ་དང་ཨ་རིའི་ཕྱི་སྲིད་ལས་ཁུངས། དེ་བཞིན་རྒྱལ་ཚོགས་ཆེད་ཨ་རིའི་སྐུ་ཚབ་སོགས་གནང་སྟེ་འཛམ་གླིང་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་ཐོག་ལ་འབུར་དུ་ཐོན་པའི་ཕྱག་ལས་མང་དག་ཅིག་གནང་ཡོད་པ་མ་ཟད། འགྲོ་བ་མིའི་རིན་ཐང་དང་སྐྱབས་བཅོལ་བའི་བདེ་སྡུག་དང་འབྲེལ་བའི་ཐོག་རྒྱུན་ཆད་མེད་པར་འཐབ་རྩོད་གནང་ཡོད་པ་མ་ཟད། ལྕམ་སྐུ་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་ལས་གནང་སྐབས་སྲིད་འཛིན་ཁི་ལིན་ཊོན་གྱི་སྣེ་ཁྲིད་འོག་སྐུ་ཞབས་ Greg Craig  ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་པོ་བསྐོ་གཞག་གནང་ཡོད་པ་དང་། ལྕམ་སྐུ་ཁོང་གིས་སྐབས་དེའི་རྒྱ་ནག་སྲིད་འཛིན་ཅང་ཛི་མིན་ལ་ཨ་རི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་གལ་ཆེར་བརྩིས་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གྲོས་མོལ་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

བཞུགས་སྒར་ཁུལ་གྱི་རྩོམ་རིག་དུས་སྟོན་ལ་༸གོང་ས་མཆོག་གིས་འཚམས་འཕྲིན་སྩལ་བ།

བཞུགས་སྒར་ཁུལ་གྱི་རྡ་ས་རྫོང་དཔོན་ལས་ཁུངས་ཀྱིས་ཐེངས་དང་པོ་རྡ་སའི་ཁུལ་དུ་རྩོམ་རིག་གི་དུས་སྟོན་ཞེས་པ་དེ་རིང་དང་སང་ཉིན་གཉིས་ལ་གོ་སྒྲིག་ཞུས་པའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ཅིག་སྩལ་ཏེ། རྡ་རམ་ས་ལ་ནི་གང་ཉིད་མཆོག་གི་མི་ལོ་དྲུག་ཅུའི་བཞུགས་གནས་ཡིན་པར་ལུང་འདྲེན་གྱིས། ཐེངས་འདིའི་རྩོམ་རིག་དུས་སྟོན་ཐོག་འཛུལ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་ཡོད་ཅེས་བཀའ་སྩལ་འདུགདེ་རིང་གི་བཞུགས་སྒར་ཁུལ་གྱི་རྡ་ས་རྫོང་དཔོན་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་རྩོམ་རིག་དུས་སྟོན་དེ་རྡ་ཤོད་ཉེ་འཁྲིས་ཀྱི་མཐོ་སློབ་ཅིག་གི་ཚོགས་ཁང་དུ་ཚོགས་ཡོད་པ་དང་།   དེ་རིང་གི་ཉིན་དང་པོའི་མཛད་སྒོའི་སྟེང་རྒྱ་གར་གྱི་རྩོམ་པ་པོ་དང་སྙན་ངག་པ་མང་པོ་འཛུལ་ཞུགས་གནང་ཡོད་པའི་ཁྲོད།   བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གཞུང་འབྲེལ་གྱི་ཐོག་ནས་མགོན་པོ་གང་ཉིད་ཀྱི་འཚམས་འཕྲིན་སྙན་སྒྲོན་ཞུས་ཡོད་པ་རེད། གང་ཉིད་མཆོག་གི་འཚམས་འཕྲིན་གྱི་ནང་དུ།  རྒྱ་གར་ནི་རྒྱལ་སྤྱིའི་སྟེང་སྲོལ་རྒྱུན་རྩོམ་རིག་གི་རྒྱུན་རྙིང་ཤོས་ཤིག་ཡིན་པ་དང་། རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་གྱི་ཁྲོད་དུ་ནང་སེམས་ལ་དམིགས་གཏད་ཀྱིས་དོན་དངོས་ཀྱི་བདེ་སྐྱིད་འཚོལ་བཞིན་ཡོད་པར་བཀའ་གནང་སྟེ། བདེ་སྐྱིད་འབྱུང་བར་དང་ཐོག་ནང་སེམས་ལ་འགྱུར་བ་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པའི་རྨང་གཞི་དེ་ནི་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་ཁྲོད་ཀྱི་གཞན་ལ་གནོད་པ་སྤོང་བའི་འཚེ་མེད་ཞི་བ་དང་། དེ་བཞིན་གཞན་སྡུག་བསྔལ་ལས་གྲོལ་བར་འདོད་པའི་སྙིང་རྗེ་ཡིན་པར་བཀའ་འགྲེལ་གྱིས། དེ་ལྟ་བུའི་དུས་ཡུན་རིང་པོའི་རྩ་འཛིན་དེ་དེང་སང་གི་སྤྱི་ཚོགས་ཁྲོད་དུ་ཡང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན་སྐོར་ལུང་འདྲེན་གྱིས། གང་ཉིད་མཆོག་གིས་དུས་རྒྱུན་ནས་རྒྱ་གར་ནི་གནང་དེང་གི་ཤེས་རིག་ཟུང་འབྲེལ་གྱི་ཐོག་ནས་འཛམ་གླིང་ཞི་བདེ་སྐྲུན་པར་ནུས་པ་ཡོད་པའི་རྒྱལ་ཁབ་ཁོ་ན་དེ་ཡིན་པར་ཐུགས་ཡིད་ཆེས་ཡོད་པར་བཀའ་སྩལ་འདུག གཞན་ཡང་མགོན་པོ་གང་ཉིད་མཆོག་གིས། རྒྱ་གར་གྱི་གཙོ་བྱས་པའི་རྒྱལ་སྤྱིའི་དེང་རབས་རྩོམ་རིག་ནི་གསུང་རབས་ཀྱི་ནང་དུ་ཡོད་པ་ཞིག་མིན་པར།  རྩོམ་རིག་ནང་དུ་ལོ་རྒྱུས་དང་སྙན་ངག  བརྩམས་སྒྲུང་དང་གཏམ་རྒྱུད་སོགས་ཡོངས་སུ་འདུས་བ་ཞིག་ཡིན་པར་བཀའ་གནང་སྟེ། མི་གཞན་གྱི་འཚོ་གནས་སྐོར་ནས་དཔེ་ཀློག་གནང་བ་ཡིན་ན།  ས་རྒྱུས་དང་གནམ་གཤིས།  དེ་བཞིན་སྤྱི་ཚོགས་ལམ་སྲོལ་སོགས་ནས་ཟུར་འདོན་བྱས་པའི་རིག་གཞུང་གི་ཕྱུག་ཚད་དེ་ཤེས་ཐུབ་པ་མ་ཟད།  དཔེ་གློག་གནང་བ་ཡིན་ན་མི་རིགས་ལ་ཐུན་མོང་དུ་མངའ་བའི་འགྲོ་བ་མིའི་གཅིག་གྱུར་གྱི་བདེ་སྐྱིད་དང་ཞི་བདེ་འཚོལ་སྒྲུབ་།   དེ་བཞིན་སྡུག་བསྔལ་ལས་གྲོལ་ཐབས་སོགས་ལ་ཡི་རངས་བྱེད་པར་ཕན་ནུས་ལྡན་ཞིང་། གཞན་ཡང་དཔེ་གློག་བརྒྱུད་ནས་གཞན་གྱི་བསམ་བློ་དང་ཚོར་བ། དེ་བཞིན་མྱོང་བ་སོགས་ཤེས་རྒྱུར་ཐུགས་རྒྱ་ཆེ་ཆེར་བསྐྱེད་ཐུབ་པར་བཀའ་གནང་འདུགགང་ཉིད་མཆོག་གིས་ད་དུང་།   རྡ་ས་ཁུལ་གྱི་རྩོམ་རིག་དུས་སྟོན་དེ་ནི་དཔེ་དེབ་དང་དཔེ་གློག་གི་དུས་ཚིགས་ཤིག་ཡིན་སྟབས།  གང་ཉིད་མཆོག་གིས་དུས་སྟོན་འདི་བརྒྱུད་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྲོད་ཀྱི་སེམས་དང་མྱོང་བ་སོགས་ཀྱི་གཙོ་བྱས་པའི་མ་རུང་གི་འདུ་ཤེས་འགོག་ཐབས་སོགས་ལ་ཐུགས་སྣང་མང་ཙམ་གནང་རྒྱུར་ཐུགས་རེ་ཡོད་པར་བཀའ་སྩལ་ཏེ།  གནའ་བོའི་རིག་གཞུང་དེར་འཛམ་གླིང་ཞི་བདེ་སྐྲུན་རྒྱུའི་ནུས་པ་ཡོད་པར་བསྐྱར་ནན་མཛད་འདུགསྤྱིར་དེ་རིང་གི་དུས་སྟོན་དེའི་ཐོག་ཏུ་བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་། ཉམས་ཞིབ་པ་གཉན་ཚེ་རིང་བཀྲ་ཤིས་ལགས་གཉིས་ཀྱིས་མཉམ་ཞུགས་ཀྱིས་བོད་ཕྱི་ནང་གི་རྩོམ་རིག་སྤྱིའི་གནས་བབ་ཀྱི་ཐད་ནས་གཏམ་བཤད་གནང་ཡོད་པ་དང་། དེ་བཞིན་སྙན་ངག་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་སྐད་ཀྱི་ལམ་ནས་ཁོང་གི་སྙན་ངག་གྱེར་འདོན་སོགས་གནང་སྟེ་བོད་མིའི་སྤྱི་ཚོགས་ཀྱི་ཚབ་མཚོན་གྱིས་རྩོམ་རིག་དུས་སྟོན་དེར་མཉམ་ཞུགས་གནང་ཡོད་པ་རེད།

༸གོང་ས་མཆོག་དང་Tutu མཆོག་གིས་མཛད་པའི་བདེ་སྐྱིད་ཀྱི་ཕྱག་དེབ་བྱིས་སྒྲུང་གི་ངོ་བོའི་ཐོག་པར་སྐྲུན་ཞུ་འཆར།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གང་ཉིད་མཆོག་གི་མཛའ་གྲོགས། ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་Desmond Tutu དམ་པ་དེ་ཉིད་མཆོག་གཉིས་ཀྱིས་ཟུང་འབྲེལ་གྱིས་ལྗགས་རྩོམ་མཛད་པའི་Book of Joy ཞེས་ཧ་ཅང་རྒྱུགས་ཆེ་བའི་བདེ་སྐྱིད་ཀྱི་ཕྱག་དེབ་དེ་རིང་མིན་རི་མོའི་ལམ་ནས་བྱིས་སྒྲུང་གི་ངོ་བོའི་ཐོག་པར་སྐྲུན་གནང་རྒྱུ་རེད་འདུག དེ་ཡང་དེ་རིང་AP གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཨ་རིའི་ཁུལ་དུ་རྟེན་གཞི་བྱས་པའི་གྲགས་ཅན་གྱི་བྱིས་སྒྲུང་པར་སྐྲུན་ཁང་། Random House Children’s Books ཞེས་པས་ཁ་སང་གསལ་བསྒྲགས་སྤེལ་བ་ལྟར་ན། པར་སྐྲུན་ཁང་དེའི་ངོས་ནས་འདི་ལོའི་ཟླ་བ་དགུ་བའི་ཚེས་ཉེར་བདུན་གྱི་ཉིན། དེ་སྔ་༸གོང་ས་མཆོག་དང་གང་ཉིད་ཀྱི་མཛའ་གྲོགས་དམ་པ་ཆོས་དཔོན་ Desmond Tutu རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་ལྗགས་རྩོམ་མཛད་པའི་ Book of Joy: Lasting Happiness in a Changing World ཞེས་འགྱུར་འགྲོས་ཆེ་བའི་འཇིག་རྟེན་དུ་རྒྱུན་གནས་ཐུབ་པའི་བདེ་སྐྱིད་ཅེས་པའི་དཔེ་དེབ་དེར་གཞིར་བཞག་གིས། རྩོམ་པ་པོ་ Rachel Neumann དང་Douglas Abrams ལགས་གཉིས་ཀྱིས་རྩོམ་སྒྲིག་གནང་ཞིང་། སྒྱུ་རྩལ་བ་ Rafael López ལགས་ཀྱིས་རི་མོ་སྒྲིག་སྦྱོར་གནང་བའི་བྱིས་སྒྲུང་རང་བཞིན་གྱི་རི་མོ་དཔེ་དེབ། བདེ་སྐྱིད་ཀྱི་དཔེ་དེབ་ཆུང་ཆུང་ཞེས་པ་ཞིག་པར་སྐྲུན་གནང་འཆར་འདུགབདེ་སྐྱིད་ཀྱི་དཔེ་དེབ་པར་སྐྲུན་ཁང་གི་འགན་འཛིན་གཞོན་པ། སྐུ་ཞབས Mallory Loehr ལགས་ཀྱིས་མགོན་པོ་གང་ཉིད་མཆོག་དང་ཁོང་གི་མཛའ་གྲོགས་དམ་པ་གཉིས་ཀྱིས་ཕྱག་དེབ་དེ་བརྒྱུད་ནས་བྱིས་པ་རྣམས་ལ་དགའ་སྤྲོ་དང་གཟི་བརྗིད་སྩལ་ཡོད་པར་གསུངས་བ་དང་འབྲེལ། ཐེངས་འདིའི་བྱིས་སྒྲུང་གི་དཔེ་དེབ་དེའི་ནང་དུ་ཡང་། དབུ་ཁྲིད་རྣམས་གཉིས་ཀྱི་བདེ་སྐྱིད་ཀྱི་བརྡ་ལན་གལ་ཆེན་དེ་བྱིས་པ་རྣམས་ལ་ཐད་ཀར་སྤྲོད་ཐུབ་པ་ཞིག་ཆགས་ཡོད་པར་མངོན་གསལ་གནང་འདུག གཞི་རྩའི་ཕྱི་ལོ་ ༢༠༡༦ ལོར་པར་སྐྲུན་གནང་བའི་བདེ་སྐྱིད་ཀྱི་ཕྱག་དེབ་དེ་ནི་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ཁག་་༤༠ ལྷག་གི་ནང་དུ་ཕབ་སྒྱུར་གྱིས་ད་བར་ཕྱག་དེབ་གྲངས་ས་ཡ་གཅིག་ཙམ་ཚོང་འགྲེམས་གནང་ཟིན་ཡོད་པ་རེད།

ང་སྐུ་འབུམ་ནས་ཡོང་བའི་བླ་མ་བདེ་ཐང་ངང་བསྡད་ཡོད་པས་ཁྱེད་རང་ཚོ་བློ་བདེ་པོ་གནང་རོགས་ཞེས་བཀའ་སྩལ་སོང་།

དེ་རིང་བོད་ཟླ་ ༡ པོ་ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་གྱི་ཉིན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྐྱེས་རབས་ཀྱི་གསུང་ཆོས་དང་སེམས་བསྐྱེད་ཀྱི་ཆོ་ག་བཀའ་དྲིན་སྩལ་ཡོད་པ་དང་།  ཐེངས་འདིའི་ཆོས་འབྲེལ་གྱི་མཛད་འཆར་དེའང༸གང་ཉིད་མཆོག་གིས་ནད་ཡམས་རྐྱེན་ལོ་ ༢ ཙམ་གྱི་རྗེས་མང་ཚོགས་ལ་དངོས་སུ་མཇལ་འཕྲད་ཀྱིས་ཆོས་འབྲེལ་སྩལ་བ་ཐོག་མ་ཆགས་ཀྱི་ཡོད།དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་༨ པའི་ཐོག་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ཁྲོད་༸མགོན་པོ་གང་ཉིད་མཆོག་ཕོ་བྲང་གི་གཟིམ་ཆུང་ནས་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་༸གོང་ས་མཆོག་གིས།  ཐོག་མའི་འཆར་གཞི་ལྟར་ན་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་གཏན་ཁེལ་ཡོད་ཀྱང་༸སྐུའི་འཕྲོད་བཞེས་ཐད་ད་ཆ་སྐུ་ངལ་མེད་པས་ལྡི་ལིར་ངེས་པར་དུ་ཆིབས་བསྒྱུར་བསྐྱངས་དགོས་དོན་མེད་སྟབས།   ལོ་ལྟར་དགུན་དུས་སྐབས་གནས་མཆོག་རྡོ་རྗེ་གདན་དུ་འཆར་ཅན་ཆིབས་བསྒྱུར་སྐྱོང་བཞིན་ཡོད་པ་དེའི་ཞོར་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་རྒྱུ་ཡིན་པས་ང་སྐུ་འབུམ་ནས་ཡོང་བའི་བླ་མ་དེ་བདེ་ཐང་ངང་བསྡད་ཡོད་པས་ཁྱེད་རང་ཚོ་བློ་བདེ་པོ་གནང་རོགས་ཞེས་བཀའ་སྩལ་སོང་།དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས་ཆོས་འབྲེལ་ཁྲོད།  སྤྱིར་ང་རང་ཚོའི་སེམས་མ་སྐྱིད་པ་བཟོ་མཁན་དེ་ཕྱི་ལོག་ནས་དཀྲུག་པ་མ་ཡིན་པར་བསམ་བློའི་ནང་ཆགས་སྡང་ཉོན་མོངས་ཀྱི་སེམས་འཁྲུག་གི་ཡོད་སྟབས་དེར་གཉེན་པོ་བསྟེན་ཚེ་རང་བཞིན་གྱིས་སེམས་ལ་ཞི་བདེ་ཡོང་གི་ཡོད་པ་དང་ཆབས་ཅིག     སྟོན་པ་བཅོམ་ལྡན་འདས་ཀྱིས་སེམས་འདུལ་བར་བྱེད་པར་སེམས་པ་བཟང་པོ་གནང་དགོས་པ་བཀའ་སྩལ་ཡོད་པ་ལྟར།   བོད་མི་གངས་ཅན་པ་ཚོར་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་རང་བཞིན་གྱིས་བྱམས་བརྩེ་ཤུགས་ཆེན་པོ་ཡོད་སྐོར་བཀའ་བསྩལ་སོང་།མ་ཟད། ༸གང་ཉིད་མཆོག་གིས་བོད་གངས་ཅན་པ་ཚོས་དུས་ད་ལྟ་བར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པ་མེད་པར་བཟུང་ཡོད་པ་དང་།  དུས་ད་ལྟ་ཆབ་སྲིད་ཀྱི་གནས་སྟངས་ཆ་ནས་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་བོད་རྒྱ་ཆེ་མི་མང་གི་སེམས་ཀྱི་གཏིང་ལ་ཡོད་པའི་འཕགས་པ་སྤྱན་རས་གཟིགས་དང་མ་ཎི་གསུང་འདོན་གནང་བ་སོགས་གསུབ་ཐབས་མེད་པར་བརྟན་པོར་གནས་ཡོད།  ལྷག་པར་ད་ཆ་དུས་ཚོད་འགྱུར་བགྲོས་ཕྱིན་པའི་མཚམས་ལ་རྒྱ་ནག་ནང་དུའང་སངས་རྒྱས་ཀྱི་བསྟན་པ་ལ་དོ་སྣང་བྱེད་བསྡད་ཀྱི་ཡོད་སྐོར་བཀའ་བསྩལ་སོང་། ད་དུང་༸གང་ཉིད་མཆོག་གིས་བོད་བརྒྱུད་ནང་བསྟན་དེ་བཞིན་རིག་པ་དང་ལྡན་པ་དང་ཚན་རིག་དང་མཐུན་པ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། ང་ཚོ་ལུས་པོའི་ཆ་ནས་ཡུལ་གྱར་ཆགས་ཏེ་བསྡད་ཡོད་ཀྱང་བསམ་བློའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སེམས་ཐག་ཉེ་པོའི་ངང་བསྡད་ཡོད་པས། ཆོས་ཞུ་བ་སྤྱི་དང་ལྷག་པར་སློབ་གྲྭའི་ཕྲུ་གུ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གནང་ཏེ་ཧུར་ཐག་གནང་དགོས་པ་བཀའ་སྩལ་ཏེ།  ༸གང་ཉིད་མཆོག་ད་ཆ་དགུང་ན་མཐོ་བོར་སླེབས་ཡོད་ཀྱང་ད་དུང་ལོ་བཅུ་ཕྲག་ལ་ཕལ་ཆེར་བཞུགས་རྒྱུ་ཡིན་པས་ཚང་མས་ཧུར་ཐག་གནང་དགོས་ཞེས་བཀའ་བསྩལ་སོང་།གཞི་རྩའི་འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ནད་ཡམས་རྐྱེན་གྱིས་༸གོང་ས་མཆོག་གི་མཛད་འཆར་ཡོངས་དྲ་ཐོག་བརྒྱུད་བསྐྱངས་ཡོད་པ་དེ་ལྟར་ནའང་ད་ཆ་རྒྱ་གར་ནང་ནད་ཡམས་ཀྱི་གནས་སྟངས་ཇེ་བཟང་དུ་སོང་བར་བརྟེན་ད་རེས་དངོས་སུ་མང་ཚོགས་ལ་ཆོས་འབྲེལ་བསྐྱངས་པ་ཞིག་ཆགས་ཀྱི་ཡོད་པ་རེད།   དེ་རིང་༸གང་ཉིད་མཆོག་གིས་སྐྱེས་རབས་གསུང་ཆོས་དང་སེམས་བསྐྱེད་སྡོམ་པ་འབོག་ཆོག་མཛད་དེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་ཆོས་འབྲེལ་ལེགས་པར་གྲུབ་མཚམས། མང་ཚོགས་ཁག་ཅིག་ལོ་གཉིས་ཀྱི་རྗེས་སུ་༸གང་ཉིད་མཆོག་གི་དྲུང་ནས་གསུང་ཆོས་ཞུ་རྒྱུ་བྱུང་བར་ཚོར་སྣང་བཅར་འདྲི་ཞུས་སྐབས།  ཁོང་རྣམས་པས་དུས་ཡུན་རིང་པོ་ཞིག་གི་རྗེས་ནས་༸མགོན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བར་དགའ་བ་དཔག་མེད་དང་དེ་འབྲེལ་གོ་སྐབས་བྱུང་བར་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་།  

Latest news