Tibetan Royal Year of 2151 | Year of the Wood Dragon

kalachakra

༸གོང་ས་མཆོག་རྡོ་རྗེ་གདན་ནས་ཆིབས་༸ཞལ་བསྒྱུར་གནང་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་དེ་རིང་སྔ་དྲོ་ཚོུད་ ༧།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཆིབས་༸ཞལ་བསྒྱུར་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ནཱར་ཆིབས་བསྒྱུར་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་མཇལ་མོལ་གནང་ཡོད་པ་དང། དེ་ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ཕྱི་ལོ་གསར་བཞད་ཟླ་ ༡ ཚེས་ ༢ ཉིན་དབུ་འཛུགས་ཀྱིས་ཚེས་ ༡༤ བར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་འབུམ་གཉིས་ལྷག་ཙམ་ལ་དཔལ་དུས་ཀྱི་འཁོར་དབང་ཆེན་ཐེངས་ ༣༤ བཀྲིན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དུས་དབང་དང་བསྟུན་ཆོས་ཞུ་བ་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་བསྩལ་ཡོད་པ་མ་ཟད། ཚེས་ ༡༤ ༸གོང་ས་མཆོག་གིས་གནས་ཁྱད་པར་ཅན་འདིར་འདུ་འཛོམས་བྱུང་པའི་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀྲིན་བསྩལ་ཡོད་པ་དང་། དེ་བཞིན་༸གོང་ས་མཆོག་ལ་དུས་དབང་གོ་སྒྲིག་ཚོགས་ཆུང་བོད་མིའི་སྒྲིག་འཛུག་དང་། བལ་ཡུལ་ནང་པའི་ཚོགས་སྐྱིད་སོགས་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། གཞན་ཡང་དུས་དབང་གི་དུས་ཡུན་དེའི་ཁྲོད་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་དང། ཉེ་འཁོར་སོག་པའི་དགོན་པ་གསར་པ་རབ་གནས་དབུ་འབྱེད་མཛད་པ་དང། ས་གནས་ཀྱི་རྒྱ་གར་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་བ། ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ། དེ་བཞིན་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོ་དང་རྒྱ་རིགས་ཁག་ཅིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་དུས་དབང་ཐེངས་ ༣༤ འདིའི་ཐོག་ཆེད་བཅར་ཞུས་པའི་ཆོས་ཞུ་བ་ཚོ་ལ་ཆ་མཚོན་ན་འཛམ་གླིང་ཡུལ་འདྲ་མིན་ ༩༠ ལྷག་ནས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་འདུ་འཛོམས་བྱུང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་དུས་འཁོར་དབང་ཆེན་དུས་ཡུན་རིང་བོད་མིའི་གཞུང་དང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གིས་འཕྲོད་བསྟེན་དང་འབྲེལ་སྤྱི་ཚོགས་ཀྱི་ཞབས་ཞུ་དང། བོད་དོན་དང་འབྲེལ་བའི་ཆབ་སྲིད་གོ་རྟོགས་ཀྱི་ལས་འགུལ། དེ་མཚུངས་སུ་རྩེད་འགྲན་དང་རོལ་དབྱངས་འདུ་འཛོམས་སོགས་ཀྱི་བྱེད་སྒོ་མང་དག་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། དེ་དག་གི་ཁྲོད་ནས་ཆོས་ཞུ་བའི་བདེ་དོན་སླད་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་ཤོས་སྤེལ་མཁན་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཆགས་ཀྱི་ཡོད་པ་དང། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དུས་དབང་སྐབས་དང་བླངས་ཞབས་ཞུ་བ་ ༢༣༠ ལྷག་བརྒྱུད་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་སྤེལ་གནང་ཡོད་པ་རེད། རྩ་བའི་དེ་རིང་ཟླ་ ༡ ཚེས་ ༡༦ ཉིན་སྔ་དྲོ་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་གནང་མཛད་རྗེས་ཆོས་ཞུ་བ་རྣམས་རང་ཉིད་སོ་སོའི་ས་གནས་སུ་ཐོན་བཞིན་འདུག་པ་དང། དེ་བཞིན་ལ་ལ་ཞིག་ཉེ་འཁོར་གྱི་ནང་པའི་གནས་ཆེན་ཁག་ཏུ་གནས་སྐོར་དུ་བསྐྱོད་དང་སྐྱོད་མུས་རེད་འདུག  མཛད་འཆར་ལྟར་ན། དེ་རིང་ཟླ་ ༡ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཉིན་ཤས་རིང་ལྡི་ལིར་བཞུགས་ཞག་མཛད་ཀྱི་འདུག

༸གོང་ས་མཆོག་གིས་༸གང་ཉིད་མཆོག་དགུང་ལོ་བརྒྱ་སྐོར་བར་བཞུགས་རྒྱུའི་ཐུགས་ཐག་བཅད་ཐུབ་ཀྱི་འདུག་ཅེས་བཀའ་བསྩལ།

གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་འདིའི་ཐོག་འདུ་འཛོམས་བྱུང་བའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་ཡོད་པ་དེ་དག་ལ་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་ལམ་དང་སྔར་གྱི་ལུང་བསྟན་ལྟར་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་བཞུགས་རྒྱུ་གསལ་ཡོང་གི་ཡོད་ཀྱང་། དེ་ལྟར་བཞུགས་ཐུབ་མིན་གསུངས་དཀའ་བར་གྱུར་ཡང་དགུང་ལོ་བརྒྱ་བར་བཞུགས་རྒྱུའི་ཐུགས་ཐག་བཅད་ཐུབ་ཀྱི་འདུག་ཅེས་བཀའ་བསྩལ་སོང་བ་མ་ཟད། མཆམ་མཐུན་དང་བརྟན་ལྷིང་གི་གཞི་རྩ་དེ་སེམས་པ་བཟང་པོ་དང་དྲང་པོ་བྱེད་རྒྱུ་རེད་ཅེས་སོགས་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་དེ་ཁ་སང་ནས་ལེགས་པར་གྲུབ་བསྟུན། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཁྱད་པར་ཅན་འདིར་འདུ་འཛོམས་བྱུང་པའི་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་སྤྱན་རས་གཟིགས་ངན་སོང་ཀུན་འདུས་ཀྱི་རྗེས་སྣང་བཀྲིན་བསྩལ་ཡོད་པ་དང་། ཆོས་འབྲེལ་སྐབས་༸གང་ཉིད་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྡོ་རྗེ་སྤུན་གྲོགས་ཚོ་རྒྱུན་དུ་ནས་ཐུགས་མཐུན་ཁྲིམས་གཙང་དགོས་པའི་ལམ་སྟོན་བཀའ་བསྩལ་མཛད་པ་དང་སྦྲགས་ཏེ་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནས་བཅར་བའི་བོད་མི་ཆོས་ཞུ་བ་ཁག་ཅིག་ལ་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་པའི་འོག་ཕྱིར་ལོག་དགོས་བྱུང་ཡོད་པ་དེར་ཐུགས་ཕམ་བྱུང་སྐོར་གསུངས་པ་མ་ཟད། དེ་ལྟ་བུའི་བྱེད་སྟངས་དེ་མི་རིགས་ཕན་ཚུན་དབར་མཆམ་མཐུན་དང་བརྟན་ལྷིང་མི་ཡོང་བའི་གཞི་རྩ་རེད་ཅེས་བཀའ་ནན་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ལ་བོད་མིའི་སྒྲིག་འཛུག་དང་བལ་ཡུལ་ནང་པའི་ཚོགས་སྐྱིད་སོགས་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་དོན་ལྟར། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་། ལྷག་པར་དུ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་སྤྱི་དང་སྒོས་བོད་རྒྱ་ཆེ་མི་མང་གི་བདེ་དོན་སླད་བསྐྱངས་དང་སྐྱོང་བཞིན་པའི་བླ་ན་མེད་པའི་མཛད་རྗེས་ཁག་ལ་རྗེས་དྲན་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཤུགས་དྲག་ཞུས་ཡོད་པ་རེད། དེ་རིང་གི་བརྟན་བཞུགས་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་མཆོག་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱི་རྣམ་ཐར་གྱི་ཚིག་འབྲུ་ཞིག་ལུང་འདྲེན་གནང་སྟེ་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟན་པར་བཞུགས་རྒྱུ་མེད་ཀྱང་། ལོ་བརྒྱ་སྐོར་ཞིག་བཞུགས་རྒྱུའི་ཐུགས་ཐག་བཅད་ཐུབ་ཀྱི་ཡོད་ཅེས་བཀའ་བཞེས་བཟང་པོ་བསྩལ་གནང་མཛད་སོང་།

བྷི་ཧར་བློན་ཆེན་མཆོག་གིས་༸གོང་ས་མཆོག་ལ་སླར་ཡང་རྡོ་རྗེ་གདན་དུ་དུས་དབང་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་གྲུབ་ཀྱི་མཛད་སྒོར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་༸གོང་ས་མཆོག་ལ་མ་འོངས་པར་སླར་ཡང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་སོང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡ ཚེས་ ༢ ཉིན་དབུ་འཛུགས་ཀྱིས་དེ་རིང་བར་འཕགས་ཡུལ་གྱི་གནས་མཆོག་ཤར་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བཀྲིན་བསྩལ་གནང་ཡོད་པ་རེད། དེ་རིང་སྔ་དྲོ་རྗེས་སྣང་དང་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་སུ་དུས་དབང་གི་གསུང་ཆོས་ར་བའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིའི་དུས་འཁོར་དབང་ཆེན་ལེགས་གྲུབ་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་གནང་སོང་། གཞུང་འབྲེལ་གྱི་མཛད་སྒོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་ Nitish Kumar མཆོག་དང་ས་གནས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག  བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་མཁན་བླ་སྤྲུལ་རྣམ་པ།  ༸གོང་ས་མཆོག་གི་སློབ་མ་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Richard Gere ལགས། དེ་བཞིན་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་ལྷག་འདུ་འཛོམས་བྱུང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་མཛད་སྒོ་དེའི་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་བ་དང་སྦྲགས། བྷི་ཧར་མངའ་སྡེའི་གཞུང་གིས་འདས་པའི་ལོ་ཤས་ནང་ཁུལ་དེའི་ནང་པའི་གནས་ཆེན་ཁག་ལ་ཡར་རྒྱས་ཀྱི་ལས་གཞི་རིམ་པ་སྤེལ་མུས་ཡིན་སྐོར་༸གོང་ས་མཆོག་ལ་སྙན་གསེང་ཞུས་སོང་བ་མ་ཟད། ༸གང་ཉིད་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ད་བར་དུས་འཁོར་དབང་ཆེན་ཐེངས་ ༤ བཀྲིན་བསྩལ་གནང་མཛད་ཡོད་པ་དང་།  ད་རེས་ཐེངས་ ༥ པ་དེའི་ཐོག་བྷི་ཧར་མངའ་སྡེ་གཞུང་དང་མང་ཚོགས་ནས་མཐུན་འགྱུར་དང་ཞབས་ཞུའི་ལས་དོན་སྒྲུབ་རྒྱུའི་གོ་སྐབས་བྱུང་བར་ཁོང་གིས་མངའ་སྡེའི་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ་དུས་དབང་གོ་སྒྲིག་ཚོགས་ཆུང་དང་ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད། ལྷག་པར་དུ་བློན་ཆེན་མཆོག་གིས་གོ་སྐབས་དེ་ཆེ་བཞེས་ཀྱིས་༸གོང་ས་མཆོག་གི་དགུང་གྲངས་ ༡༠༠ ཙམ་མ་ཟད། དགུང་གྲངས་ ༡༡༣ བར་སྐུ་འཚོ་བཞུགས་གནང་སྐྱོང་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུས་པ་དང་འབྲེལ། གནས་མཆོག་རྡོ་རྗེ་གདན་འདི་༸གོང་ས་མཆོག་དང་ནང་པའི་མང་ཚོགས་ཚོའི་གནས་ཆེན་ཞིག་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་གནས་འདིར་དུས་ནམ་ཞིག་ཕེབས་ཀྱང་ང་ཚོ་བྷི་ཧར་མངའ་སྡེའི་གཞུང་མང་ཡོངས་ནས་དུས་རྟག་ཏུ་དགའ་བསུ་ཡོད་ཅེས་སོགས་གསུངས་པ་མ་ཟད།  ༸གོང་ས་མཆོག་གིས་མ་འོངས་པར་སླར་ཡང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་སོང་། དེ་བཞིན་༸གོང་ས་མཆོག་གིས་སློབ་མ་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱིས་ཕྱི་རྒྱལ་ཆོས་ཞུ་བའི་ཚབ་ཞུས་ཏེ་གསུང་བཤད་གནང་པར་ད་རེས་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་སྤྲུལ་རྣམ་པ་དབུ་བཞུགས་ཐོག་ང་རང་ཚོ་༸གོང་ས་མཆོག་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་དང་། དུས་དབང་གི་ཉིན་གྲངས་འདིའི་རིང་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་མཛད་པ་ལྟར། ང་ཚོ་ཆོས་ཞུ་བ་ཚོས་གཞན་ལ་བྱམས་པ་དང་བརྩེ་བ། མི་བཟང་པོ་ཞིག་བྱེད་ཐུབ་པའི་རེ་བ་ཡོད་སྐོར་སོགས་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་དུ་བཅར་རྒྱུ་དེ་ཆོས་ཞུ་བ་ཚོར་ལས་སླ་པོ་ཞིག་མིན་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོ་དེ་བས་ཀྱང་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་ད་ལན་བོད་ནང་གི་བོད་མི་ཚོར་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་མི་མང་པོ་ཞིག་དུས་དབང་ཞུ་ཐུབ་མེད་པ་དང་། རྒྱ་གཞུང་གིས་བཙན་གནོན་དང་དམ་བསྒྲགས་འོག་དཀའ་སྡུག་མྱོང་བཞིན་པའི་ཡ་ང་བའི་བོད་ནང་གི་བོད་མི་ཚོ་ནི་ང་ཚོས་དུས་རྟག་ཏུ་ཡིད་ལ་དྲན་ཞིང་ཁོ་ཚོར་བྱམས་པ་དང་སྙིང་རྗེ་སྒོམ་དགོས་ཅེས་གསུངས་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཐེངས་འདིའི་དུས་དབང་གི་བཀའ་དབང་བསྩལ་གནང་མཛད་པར་ཐུགས་རྗེ་ཆེ་ཞེས་ཞུས་སོང་བ་དང་། དེའང་བོད་མི་སྤྱིའི་སྤྱི་མཐུན་བསོད་ནམས་གོང་འཕེལ་གཏོང་རྒྱུ་གནད་ཆེ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་སངས་རྒྱས་པའི་བསྟན་པར་ཞབས་འདེབས་སྒྲུབ་རྒྱུར་ད་ལྟའི་ཆར་ནང་པའི་ལྷ་ཁང་དང་དགོན་པ་གཅིག་པུ་ཡོད་པས་ཕན་ཐོགས་རྒྱུ་མེད་པ་དང་། གཙོ་བོ་དགོན་པ་དེ་དག་མ་འོངས་པར་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཤིག་ཏུ་བསྒྱུར་དགོས་ཅེས་བཀའ་བསྩལ་སོང་། ད་དུང་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོས་ད་ལན་དུས་དབང་ཞུས་རྗེས་རང་རང་སོ་སོའི་གནས་སུ་ལོག་སྐབས་སེམས་རྒྱུད་ལ་འགྱུར་བ་ཐེབས་པ་ཞིག་དགོས་ཅེས་བསྐྱར་ནན་གནང་པ་དང་། ཆོས་ཉམས་སུ་ལེན་པའི་བརྒྱུད་མ་འོངས་པར་མི་ཚེའི་ནང་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་དེ་དག་ལ་ཆོས་ཀྱི་ཐོག་ནས་གདོང་ལེན་བྱེད་ཐུབ་ཞིག་བྱེད་དགོས་ཅེས་བཀའ་བསྩལ་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། གནངས་ཟླ་ ༡ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཉིན་ཤས་རིང་ལྡི་ལིར་བཞུགས་ཞག་མཛད་ཀྱི་འདུག

༸གོང་ས་མཆོག་གིས་དུས་དབང་ནས་འཁྱེར་དགོས་པ་ཡག་ཤོས་དེ་སེམས་བཟང་པོ་བྱ་རྒྱུ་དེ་རེད་ཅེས་ལམ་སྟོན་བསྩལ་བ།

གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་ཀྱིས་མཇུག་སྒྲིལ་མཛད་ཡོད་པ་དང་།  དེ་རིང་ཉིན་མཐའ་མའི་བཀའ་དབང་སྐབས་མགོན་པོ་༸གང་ཉིད་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་ཤེས་ཀྱི་ཚིག་འགྲེལ་གནང་པ་དང་སྦྲགས། ཆོས་ཞུ་བ་ཚོས་ད་རེས་ཀྱི་དུས་འཁོར་དབང་ཆེན་ཞུས་ཟིན་རྗེས་འཁྱེར་དགོས་པ་ཡག་ཤོས་དེ་སེམས་བཟང་པོ་བྱ་རྒྱུ་དེ་རེད་ཅེས་ལམ་སྟོན་བསྩལ་སོང་། དེ་རིང་ཟླ་ ༡ ཚེས་ ༡༣ ཉིན་དུས་དབང་གི་བཀའ་ཆོས་ཉིན་མཐའ་མའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲི་རིན་པོ་ཆེ་སྟེང་༸ཞབས་སོར་བདེ་བར་འཁོད་བསྟུན་ཆེས་ཐོག་མར་པཱ་ལི་སྐད་ཀྱི་ཐོག་ནས་ཤེས་སྙིང་གསུང་འདོན་གནང་པ་དང་། དེ་རྗེས་ཐེངས་དང་པོ་ Spanish ཆོས་ཞུ་བ་ཁག་ཅིག་གིས་ཡུལ་དེའི་སྐད་ཀྱི་ཐོག་ནས་ཤེས་སྙིང་གསུང་འདོན་གནང་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་བཀའ་དབང་གི་སྔོན་འགྲོའི་ཆོས་བཤད་སྐབས་སྟོན་པའི་བཀྲིན་རྗེས་དྲན་དང་སྦྲགས་ཤེས་རབ་སྙིང་པོའི་ཚིག་འགྲེལ་གནང་ནས་སྤྱིར་འཛམ་བུ་གླིང་འདིའི་ཆོས་བརྒྱུད་ཚང་མས་འགྲོ་བ་སེམས་ཅན་ཀུན་ལ་ཕན་བདེ་སྒྲུབ་ཐབས་ཀྱི་དམིགས་ཡུལ་གཅིག་མཚུངས་ཡིན་ཀྱང་། ནང་པ་སངས་རྒྱས་པའི་ཆོས་དེ་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་གསུང་གི་ཡོད་རེད་ཅེས་བཀའ་བསྩལ་སོང་། ད་དུང་༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་འདི་ད་ལྟའི་དུས་རབས་ཀྱི་དངོས་ཡོད་གནས་སྟངས་དང་མཐུན་པའི་ཆོས་ཤིག་ཡིན་སྟབས། ད་རེས་ཀྱི་དུས་འཁོར་དབང་ཆེན་འདིར་རིག་གཞུང་དང་གོམས་གཤིས་མི་འདྲ་བའི་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནས་དོན་གཉེར་ཆེན་པོས་ཆོས་ཞུ་བ་མང་པོ་ཞིག་ཕེབས་ཡོད་པ་དང་།  ལྷག་པར་དུ་རྒྱ་ནག་གཙོས་པའི་ཉི་ཧོང་དང་ཀོ་རི་ཡ་ཝེ་ཊི་ནམ་ལ་སོགས་པའི་ལོ་རྒྱུས་ཀྱི་ཐོག་ནས་ནང་པ་སངས་རྒྱས་པའི་ཆོས་ཉམས་བཞེས་གནང་མཁན་དང་། དེ་བཞིན་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་བལ་ཡུལ་དང་འབྲུག་གཙོས་པའི་རྒྱ་གར་གྱི་ཧི་མཱ་ལ་ཡའི་ཆོས་ཞུ་བ་དང་བོད་མི་བཅས་ཆོས་ཞུ་བ་ཡོངས་ནས་དུས་དབང་འདི་ཞུས་ནས་འཁྱེར་དགོས་པ་ཡག་ཤོས་དེ་སེམས་བཟང་པོ་བྱ་རྒྱུ་དེ་རེད་ཅེས་ལམ་སྟོན་བཀྲིན་བསྩལ་མཛད་ཡོད་པ་རེད། གཞི་རྩའི་དེ་རིང་དུས་འཁོར་དབང་ཆེན་གྱི་ཉིན་མཐའ་མའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབང་གོང་མ་གོང་ཆེན་དང་། རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་བསྩལ་གནང་མཛད་པ་དང་འབྲེལ། དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་དངོས་གཞི་དེ་རིང་ནས་རེ་ཞིག་ལེགས་གྲུབ་མཛད་ཡོད་ཀྱང་། སང་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྤྱན་རས་གཟིགས་ངན་སོང་ཀུན་འདུས་ཀྱི་རྗེས་གནང་བསྩལ་རྒྱུ་དང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡང་ཡོད་པ་རེད།

བོད་མི་དང་བླངས་ཚོགས་སྒེར་ནས་བོད་མི་ཉམ་ཐག་་མང་པོ་ཞིག་དུས་དབང་ཞུ་ཕྱིར་ཁྲིད་འདུག

ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ནང་གནས་སྡོད་རང་ལོ་ ༧༥ ལ་ཕེབས་པའི་པཱ་དབང་འདུས་ལགས་ནི་མིག་ལོང་བ་ཡིན་ཀྱང་། ཁོང་ཐེངས་འདིའི་དུས་དབང་ཞུ་བར་བཅར་ཐུབ་པ་བྱུང་འདུག ཨོ་རི་ས་གཞན་ཕན་ཚོགས་ཆུང་གིས་བོད་རིགས་མང་ཚོགས་ཁྲོད་དཔལ་འབྱོར་བསྡུ་རུབ་གནང་སྟེ་ཕུན་ཚོགས་གླིང་གཞིས་ཆགས་སུ་གནས་སྡོད་པཱ་དབང་འདུས་ལགས་ལྟ་བུ་ཉམ་ཐག་རྒན་ཁོགས་ཁྱོན་མི་གྲངས་ ༢༦ ཙམ་ཞིག་རིན་མེད་ཐོག་རྡོ་རྗེ་གདན་དུ་དུས་དབང་ཞུ་ཕྱིར་ཁྲིད་གནང་འདུག ཁོང་རྣམ་པར་ཞལ་ལག་བཟོ་མཁན་མ་བྱན་དང་གཟིགས་སྐྱོང་གནང་མཁན། དེ་བཞིན་སྨན་ཞབས་པ་བཅས་ཀྱི་མཐུན་འགྱུར་ཡང་སྦྱོར་བཞིན་འདུག དེ་དག་ལས་པཱ་དབང་འདུས་ལགས་ནི་ཨོ་རི་ས་བོད་མི་གཞིས་ཆགས་ཀྱི་གཞིས་གྲོང་ ༣ ནས་ཡིན་ཞིང་། ཁོང་ལ་བཟའ་ཟླ་བུ་ཕྲུག་གཙོས་ནང་མི་ཉེ་འབྲེལ་སོགས་གང་ཡང་མེད་པ་མ་ཟད། དགུང་ལོ་ལྔ་བཅུ་ང་གྲངས་སོན་སྐབས་རྩ་གྲིབ་ཀྱི་ནད་གཞིན་ཕོག་རྐྱེན་མིག་གཉིས་ཀ་ལོང་ནས་འཚོ་ཐབས་ལ་དཀའ་ངལ་ཤུགས་ཆེ་འཕྲད་མུས་ཡིན་འདུག ཁོང་གིས་དུས་དབང་ཐོག་མ་དེ་ཕྱི་ལོ་ ༡༩༨༥ དང་ ༡༩༩༡ ལོ་སོ་སོར་ཞུས་འདུག་ཀྱང་། ད་ལྟ་བར་ལོ་ངོ་ ༢༧ རིང་ལ་དུས་དབང་ཞུ་ཐུབ་མི་འདུག ཡང་རྒན་ཁོགས་དགུང་ལོ་ ༨༠ ལ་ཕེབས་པ་རྨོ་མོ་པདྨ་བདེ་འབྱོར་ལགས་ཀྱིས་ཁོང་གི་གཟུགས་པོའི་སྨད་ལ་ན་ཟུག་གི་རྐྱེན་པས་སྒོམ་པ་རྒྱག་ཐུབ་ཀྱི་མེད་ཀྱང་། ད་ལན་སྤྱི་ཚོགས་ཞབས་ཞུའི་རོགས་སྐྱོར་འོག་དུས་དབང་ཐོག་བཅར་ཐུབ་ཡོད་པ་དང་ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་དང་གསུང་ཐོས་རྒྱུའི་གོ་སྐབས་ཐོབ་པ་དེ་ལས་ལྷག་པའི་གཞན་གང་ཡང་མེད་ཅེས་གསུངས་སོང་། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིའི་དུས་དབང་དང་བསྟུན་ནས་ཆོས་རིག་ལྷན་ཁང་དང་ནང་སྲིད། དེ་བཞིན་ཤེས་རིག་དང་འཕྲོད་བསྟེན་གསུམ་གྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་གྱི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་རྒས་གསོ་ཁང་ནས་ཉམ་ཐག་རྒས་གཅོང་དང་ལོ་གཞོན་ནད་མནར། དྭ་ཕྲུག་དེ་བཞིན་གྲྭ་བཙུན་སོགས་ཁྱོན་མི་དྲུག་བརྒྱ་ལྷག་ཙམ་ལ་རིན་མེད་ཀྱི་བཞུགས་གནས་དང་ཞལ་ལག་སོགས་ཀྱི་མཐུན་འགྱུར་སྦྱར་ཡོད་པ་རེད།  བོད་མི་དང་བླངས་སྒེར་པ་དང་ཚོགས་པ་ཁག་ཅིག་ནས་ཀྱང་ལས་དོན་འདྲ་མིན་བརྒྱུད་དཔལ་འབྱོར་བསྡུ་རུབ་གནང་སྟེ་ཉམ་ཐག་རྒན་ཁོགས་རྣམས་ལ་དུས་དབང་ཞུ་ཕྱིར་ལམ་གྲོན་དང་ཟུར་ཕོགས་བཅས་ཀྱི་མཐུན་རྐྱེན་སྦྱར་དང་སྦྱོར་མུས་རེད་འདུག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྤྱི་ཚོགས་འགུལ་བསྐྱོད་ཚོགས་པས་སྦེལ་ཀོབ་ཀྱི་ཉམ་ཐག་རྒན་ཁོགས་མི་གྲངས་ ༡༥ ཙམ་ལ་རིན་མེད་ཐོག་དུས་དབང་ཞུས་ཕྱིར་ཁྲིད་འདུག་པ་མ་ཟད། ཁོང་རྣམས་རྡོ་རྗེ་གདན་གྱི་ཉེ་འཁྲིས་སུ་གནས་མཇལ་ཞུ་རྒྱུའི་གོ་སྐབས་བསྐྲུན་འདུག གཞན་ཡང་དགུང་ལོ་ ༧༦ སོན་པའི་རྨོ་མོ་རྒན་གྲས་ཞིག་གིས་ནང་མི་ཚེ་འདས་ཕྱིན་རྗེས་ཁེར་རྐྱང་ལུས་ནས་དཔལ་འབྱོར་གྱི་ཡོང་ཁོངས་གང་ཡང་མེད་པ་ཞིག་ནས་དུས་དབང་ཞུ་བར་བཅར་ཐུབ་ཐབས་མེད་ཀྱང་སྤྱི་ཚོགས་འགུལ་བསྐྱོད་ཚོགས་པས་མཐུན་འགྱུར་འོག་བཅར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་སོང་། ཨ་རི་ཁེལ་ཕོ་ནི་ཡར་གནས་སྡོད་བོད་མི་བསྟན་པ་རྡོ་རྗེ་ལགས་དང་ཕྱི་རྒྱལ་བ་ Tom Lamb རྣམ་གཉིས་ཀྱིས་རྐང་འགན་བཞེས་ཐོག་དཔལ་འབྱོར་བསྡུ་རུབ་གནང་སྟེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་སྔ་འགྱུར་གྲུབ་བརྒྱུད་ཆོས་འཕེལ་གླིང་དགོན་པའི་བརྒྱུད་དུས་དབང་ཞུས་འདོད་ཡོད་པའི་ཉམ་ཐག་གྲྭ་བཙུན་དང་ས་གནས་བོད་མི་ ༣༢ ཙམ་དུས་དབང་ཞུ་ཆེད་དུ་ཁྲིད་འདུག   ནོར་རྒྱས་གླིང་གི་བོད་མི་ཉམ་ཐག་ཁག་ཁྲིད་གནང་མཁན་ནོར་རྒྱས་གླིང་གི་སྔ་འགྱུར་གྲུབ་བརྒྱུད་ཆོས་འཕེལ་གླིང་དགོན་པའི་ལས་བྱེད་སྐུ་ཤོག་བྱམས་པ་རབ་བརྟན་ལགས་ཀྱིས་སྦྱིན་བདག་རྣམ་པས་མཐུན་འགྱུར་འོག་ཁོང་དང་ཁོང་གི་ཕྱག་རོགས་གཉིས་ནས་ད་ལན་རྒན་ཁོགས་དང་གྲྭ་ཕྲུག་རྣམས་གནས་ཁྱད་པར་ཅན་འདི་ལྟ་བུར་ཁྲིད་ཐུབ་པ་དེ་སྐལ་བཟང་ཞིག་དང་། ལས་འཆར་དེའི་ཆེད་ཧིན་སྒོར་འབུམ་གསུམ་ཙམ་འགྲོ་གྲོན་འགྲོ་ངེས་ཡིན་པར་ཚོད་དཔག་གནང་བཞིན་ཡོད་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལན་གྱི་དུས་དབང་ཐོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༩༢ ཙམ་ནས་བོད་རིགས་གཙོ་བོར་གྱུར་པའི་ཧི་མཱ་ལ་ཡའི་རི་རྒྱུད་དང་ཕྱི་རྒྱལ་སོགས་ནས་དད་ལྡན་ཆོ་ཞུ་བ་མི་འབུམ་གཉིས་ལྷག་བཅར་ཡོད་པའི་ཚོད་དཔག་གནང་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཉམ་ཐག་ཚོར་དམིགས་བསལ་གོ་སྒྲིག་ཞུས་པའི་བཞུགས་གནས་དེ་གཙོ་བོ་དཔལ་༸རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་མཚུར་བུ་བླ་བྲང་ནས་མཐུན་འགྱུར་སྦྱར་བ་ཞིག་ཆགས་ཀྱི་འདུག ཁྱད་པར་དུ་མཚུར་བུ་བླ་བྲང་གིས་མཐུན་འགྱུར་འོག་ལྷོ་ཕྱོགས་སེ་ར་བྱེས་ཀྱི་གྲྭ་པ་ ༢༥༠༠ གཙོས་པའི་ཆོས་ལུགས་རིས་མེད་ཀྱི་གྲྭ་བཙུན་ཁྱོན་ ༣༠༠༠ ལྷག་ལ་དེ་མཚུངས་ཀྱིས་རིན་མེད་བཞུགས་གནས་དང་ཞལ་ལག་སོགས་ཀྱི་ཆ་རྐྱེན་བསྐྲུན་འདུག

Latest news