Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གཞུང་གིས་བོད་ནང་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མངོན་གསལ།

ཁེ་ན་ཌར་རྟེན་གཞི་བྱས་པའི་ International Forum for Rights and Security ཞེས་པའི་ཉམས་ཞིབ་ཁང་གི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་ད་བར་བོད་ནང་དུ་གནས་སྟངས་ཡར་རྒྱས་གཏང་རྒྱུར་ཁས་ལེན་མང་དག་ཅིག་བྱས་ཡོད་པ་དེ་ལྟར་ནའང་། དོན་དམ་ཐོག་རྒྱ་གཞུང་གིས་བོད་ནང་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གནང་འདུགདེ་རིང་རྒྱ་གར་གྱི་ The Statesman བརྒྱུད་ལམ་ཐོག་ཁེ་ན་ཌ་ཉམས་ཞིབ་ཁང་གི་སྙན་ཐོར་སྤེལ་བའི་གནས་ཚུལ་བཀོད་པར་རྒྱ་ནག་གཞུང་གིས་མ་འོངས་༸སྐུའི་ཡང་སྲིད་གདམ་རྒྱུའི་བདག་དབང་རྩོད་བཞིན་པ་དང་། སྔ་ལོར་རྒྱ་ནག་གཞུང་གིས་བོད་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་དང་༸རྒྱལ་བ་བྱམས་པའི་སྐུ་བརྙན་གཏོར་བཤིག་བཏང་བའི་གནས་ཚུལ་སྤེལ་བ་མ་ཟད། བོད་མི་འཛིན་བཟུང་བྱས་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་འབད་གསུམ་གནང་བར་དམ་དྲག་བྱས་པ། ལས་ཀ་བྱེད་ས་ཡོངས་ལ་རྒྱ་ཡིག་གཙོ་བོར་སྤྱོད་སྟབས། བོད་མི་རྣམས་ལ་ལས་ཀའི་གོ་སྐབས་ཀྱི་ཐོག་ནས་ངལ་བ་ཆེས་ཆེར་འཕྲད་བཞིན་པ་སོགས་ཆེད་བཀོད་དང་སྦྲགས། བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བཅས་པ་ཕྱོགས་ཡོངས་ནས་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གྱིས་ད་ལྟའི་བོད་ནང་གི་ཡ་ང་བའི་དངོས་ཡོད་གནས་སྟངས་ཁག་གསུངས་འདུག ཉམས་ཞིབ་ཁང་དེའི་ངོས་ནས་བོད་མི་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ནས་སྙན་ཐོ་རིམ་པ་སྤེལ་བ་དང་། བོད་ནང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་ཐོན་པ་ཁག་ལུང་འདྲེན་གྱིས་བོད་དེ་འཛམ་གླིང་ནང་རང་དབང་རྩ་བ་ནས་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་གྲས་སུ་བསླེབས་ཡོད་པ་ལྟར། བོད་ནང་ཡོད་པའི་བོད་མི་རྣམས་ལ་བཙན་བྱོལ་ནང་ཡོད་པའི་རང་གི་ནང་མི་ཉེ་འབྲེལ་རྣམས་དང་འབྲེལ་བ་གནང་རྒྱུར་བཀག་སྡོམ་དང་སུན་གཙེར་བཟོས་པ་མ་ཟད། སྔ་ལོའི་ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་བོད་པའི་གཞི་རིམ་སྤྱི་ཚོགས་ནང་དུ་ལས་བྱེད་པ་ ༢༠༠༠ ཙམ་ཆེད་གཏོང་གིས་བོད་མི་རྣམས་བོད་ཀྱི་ཕྱི་ཕྱོགས་ཙམ་མ་ཟད་བོད་ནང་ལའང་འགྲུལ་བཞུད་གནང་རྒྱུར་བཀག་སྡོམ་བྱས་པ་སོགས་མངོན་གསལ་གནང་ཡོད། སྔ་ལོར་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་དང་བརྙན་སོགས་དྲ་རྒྱའི་གླེང་སྟེགས་འདྲ་མིན་ཐོག་བོད་ཡིག་བཀོལ་སྤྱོད་ལ་དམ་དྲག་དང་རྒྱ་ནག་ནང་གི་སྐད་ཡིག་འདྲ་མིན་སློབ་གཉེར་བྱ་ཡུལ་ Talkmate དང་། Bilibili སོགས་ཀྱི་བརྒྱུད་ལམ་ལས་བོད་ཡིག་དང་ཡུ་གུར་སྐད་ཡིག་ཕྱིར་འཐེན་བྱས་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱིར་ཕུད་བཏང་འདུག

ཨུ་རུ་སུའི་ཉེ་ཆར་ཡུག་རེན་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ་ཕྱོགས་གཉིས་ཀྱི་དམག་འཐབ་རིམ་པ་བྱུང་བའི་ཁྲོད་མང་ཚོགས་ཤི་རྨས་ཐེབས་བཞིན་པའི་གནད་དོན་དང་འབྲེལ་ནས། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཀྱི་ཐོག་ནས། ཨུ་རུ་སུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཕྱིར་ཕུད་བཏང་འདུག ཁ་སང་གི་ལྷན་ཚོགས་ཀྱི་ཐོག་ཏུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁོངས་ནས་རྒྱལ་ཁབ་༩༣ གྱིས་ཨུ་རུ་སུ་རྒྱལ་ཚོགས་ཀྱི་ཁོངང་ནས་ཕྱིར་ཕུད་གཏོང་རྒྱུར་འོས་འཕངས་ཡོད་པ་དང་། རྒྱལ་ཁབ་༢༤ ཡིས་གྲོས་གཞི་དེར་དགག་གཞག་གནང་ཡོད་པ་དང་རྒྱལ་ཁབ་ ༥༨ གྲོས་གཞི་དེར་ཞུགས་ཐུབ་མི་འདུགགྲོས་ཆོད་དེ་དང་འབྲེལ་ནས། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་པ་ཟུར་བ། ལྕམ Nikki Haley ལགས་ཀྱིས་ Fox News Digital གསར་ཁང་ལ་འགྲེལ་བརྗོད་བྱས་པའི་ནང་། ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་ནས་ཕྱིར་ཕུད་བཏང་བའི་གྲོས་ཆོད་དེར་དགའ་བསུ་ཞུས་ཏེ། ལྷན་ཚོགས་ཀྱི་ངོས་ནས་ཨུ་རུ་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནས་ཕྱིར་ཕུད་བཏང་བ་དེ་ནི་དོན་ལ་གནས་བ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས། དམག་དོན་གྱི་ཉེས་ཅན་པ་ཞིག་ལ་ལྷན་ཚོགས་སུ་ཞབས་སྟེགས་སྤྲད་པ་ཡིན་ན་ལྷན་ཚོགས་ཀྱི་མཚན་གནས་ལ་གནོད་ཀྱི་ཡོད་པར་ངོ་སྤྲོད་ཀྱིས། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞན་པའི་རྒྱལ་ཁབ་རྒྱ་ནག་དང་བྱང་ཀོ་ཡི་ཡ། དེ་བཞིན་སི་རི་ཡཱ་དང་ཨེ་རན་སོགས་ཀྱང་རྗེས་སུ་ཕྱིར་ཕུད་གཏོང་དགོས་བར་བརྗོད་འདུག གཞི་རྩའི་རེས་གཟའ་ཟླ་བའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་པ། ལྩམ་ Thomas-Greenfield ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་༤༧ པའི་ཐོག་ཨུ་རུ་སུ་དམག་འཐབ་དང་འབྲེལ་ནས་མང་ཚོགས་ཤི་རྨས་ཐེབས་པའི་གནད་དོན་མངོན་གསལ་གནང་བ་བརྒྱུད་ནས་ཨུ་རུསུ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནས་ཕྱིར་ཕུད་གཏོང་དགོས་བའི་སྐུལ་མ་གནང་བ་མ་ཟད། ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་ཡོད་པ་ནི་གད་མོ་སློང་བྱེད་ཀྱི་གནད་དོན་ཞིག་ཡིན་པའི་ཟུར་ཟ་གནང་འདུག ཁ་སང་ལྷན་ཚོགས་ཀྱི་དབུས་སུ་ཨུ་རུ་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་ནས་ཕྱིར་ཕུད་བཏང་མ་ཐག ལྩམ་ Thomas-Greenfield ལགས་ཀྱིས་ཁོང་གི་འཕྲུལ་སྒྲའི་སྟེང་། ཁ་སང་ནི་གལ་གནད་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ཞིག་ཡིན་པ་ཕྱིར་བསྒྲགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་ཨུ་རུ་སུ་ལྷན་ཚོགས་ནས་ཕྱིར་ཕུད་བཏང་ཡོད་ལུགས་མངོན་གསལ་གནང་བརྒྱུད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཨུ་རུ་སུ་ཕྱི་གསལ་ནང་གསལ་བཟོ་དགོས་བའི་བརྡ་ལན་གལ་ཆེན་ཞིག་སྤྲད་ཡོད་པར་བསྒྲགས་འདུག གཞི་རྩའི་ཕྱི་ལོ་ ༢༠༠༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུན་མོང་གིས་གྲོས་ཆོད་གཏན་འབེབས་གནང་བའི་ནང་དུ། རྒྱལ་ཁབ་སུ་ཞིག་གིས་མངོན་སུམ་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་ན་རྒྱལ་ཁབ་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ནང་ནས་ཕྱིར་ཕུད་གཏོང་དགོས་བར་འཁོད་ཡོད་དང་། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་རྒྱལ་ཁབ་ ༡༩༣ ལྷག་ཡོད་པའི་ཁྲོད། གྲོས་ཆོད་གཏན་འབེབས་ལ་རྒྱལ་ཁོངས་ནས་ངོ་ཡོད་སུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་དགོས་བར་འཁོད་ཡོད་པ་ལྟར། ཁ་སང་གི་གྲོས་ཆོད་དེར་རྒྱལ་ཁབ་༩༣ ལྷག་གིས་རྒྱབ་སྐྱོར་གྱིས་མང་མོས་ཐོག་གཏན་འབེབས་བྱུང་འདུག

རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་བདག་པོ་བོད་མི་ཡིན་པ་ཤེས་དགོས།

འདི་ལོ་ ༢༠༢༢ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མངོན་གསལ་གནང་མཁན་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་སུ་ཁ་སང་ལྷན་ཚོགས་ཐོག་དངོས་སུ་འབུལ་བཞེས་གནང་སོང་བ་དང་འབྲེལ། སྐུ་ཞབས་ཨི་ནེས་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་བོད་མིའི་ཐོག་སྤེལ་བྱེད་བཞིན་པའི་བྱ་སྤྱོད་དེས་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་པ་དང་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་བདག་པོ་བོད་མི་ཡིན་པ་ཤེས་དགོས་ཞེས་གསུངས་སོང་།རྒྱལ་སྤྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ ལས་གྲུབ་པའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་ལྷན་ཚོགས་ནས་ལྷན་ཚོགས་རིམ་པའི་ནང་འཛམ་གླིང་དབང་ཆ་གཅིག་བསྡུས་རིང་ལུགས་ལ་དཔའ་ངར་ཞུམ་མེད་ཀྱིས་གདོང་ལེན་དང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་སྲུང་སྐྱོབ་གནང་མཁན་གྱི་སྐྱེ་བོ་རྣམས་ཀྱི་བྱས་རྗེས་ལ་ཆེ་བསྟོད་ཚུལ་དུ་སྙིང་སྟོབས་གཟེངས་རྟགས་སམ་ Courage Award ཞེས་པ་ཞིག་འབུལ་སྲོལ་ཡོད་པ་ལྟར། སྐུ་ཞབས་ Enes Kanter Freedom ལགས་སུ་ཁ་སང་ལྷན་ཚོགས་ཐོག་དངོས་སུ་འབུལ་བཞེས་གནང་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་གིས་ཇི་ནི་ལྦའི་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སྙིང་སྟོབས་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཨི་ནེས་ཁེན་ཊར་ཕྷི་རི་ཌོམ་ལགས་སུ་བཅར་འདྲི་ཞུས་པར་དང་ལེན་དང་སྦྲགས། ཁོང་གིས་འདི་ལོ་ ༢༠༢༢ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་བཞེས་པ་དེ་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གནང་མཁན་མང་ཚོགས་ཚོའི་ཆེད་དུ་ལེན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་གོ་སྐབས་འདི་ནི་རང་ཉིད་ཀྱི་སྤོབས་པ་ཞིག་ལ་ངོས་འཛིན་གྱི་ཡོད་པ་དང་། ད་རེས་གཟེངས་རྟགས་དེ་བརྒྱུད་རྒྱ་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཞིག་ལ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་དེ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པའི་བྱ་སྤྱོད་ཅིག་ཆགས་ཡོད། རྒྱ་ནག་གཞུང་གི་ངོས་ནས་ངེས་པར་དུ་བོད་དེ་བོད་མིར་བདག་གི་ཡོད་པ་ཤེས་དགོས། ང་ཚོའི་ངོས་ནས་དུས་ནམ་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།དེ་བཞིན་ཁོང་གིས་དེ་སྔ་ཁོང་བོད་མིའི་མགོན་སྐྱབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་སྐོར་དྲན་གསོ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རང་ཉིད་ཀྱི་མི་ཚེ་ནང་དུ་གནད་དོན་ལེགས་ངན་གང་འདྲ་ཞིག་འཕྲད་ཀྱང་དུས་དང་རྣམ་པ་ཀུན་ཏུ་དྲང་བདེན་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་དགོས་པར་ལམ་སྟོན་བཀའ་སྩལ་བ་དེས་སེམས་འགུལ་ཞེ་དྲག་ཐེབས་སོང་ཞེས་དང་། ངས་ཀྱང་དེ་ལྟར་འབད་བརྩོན་བྱེད་བཞིན་ཡོད། གལ་སྲིད་འཛམ་གླིང་གི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་གྱི་བཀའ་སློབ་དེ་ཡིད་ལ་དྲན་ཚེ་ད་ལྟའི་འཛམ་གླིང་འདི་དམག་འཁྲུག་མེད་པར་ཞི་བ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད་ཅེས་གསུངས་སོང་།སྤྱིར་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་ UN watch ཞེས་རྒྱལ་ཚོགས་ལ་ལྟ་སྲུང་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པས་སྣེ་ཁྲིད་གནང་སྟེ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༠ ལྷག་མཉམ་རུབ་ཀྱིས་བཙུགས་པའི་ལྷན་ཚོགས་ཤིག་ཡིན་ཞིང་། ལྷན་ཚོགས་ཐོག་འཛམ་གླིང་སྲིད་སྐྱོང་སྒེར་སྤྱོད་གཞུང་གི་འོག་དཀའ་སྡུག་མྱངས་པའི་ཆབ་སྲིད་བཙོན་ཟུར་དང་གསར་འགོད་པ་། འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་སོགས་མགྲོན་འབོད་གནང་སྟེ་རྒྱལ་ཁབ་སོ་སོ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གླེང་སློང་གནང་སའི་སྡིངས་ཆ་གྲགས་ཅན་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཇི་ནི་ཝའི་ལྷན་ཚོགས་ཀྱི་ངོས་ནས་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་རྩལ་དང་འབྲེལ་བོད་ནང་གི་བོད་མིའི་ཐུགས་ཚོར་མངོན་གསལ་གནང་མཁན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་གནང་ཡོད་པ་རེད།

ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་སྤེལ་བ།

ལོ་ལྟར་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་ཡུན་སྔ་རྗེས་དང་བསྟུན་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ ཟུང་འབྲེལ་ཐོག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་གླེང་བརྗོད་ཐད་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཞེས་པ་ཞིག་ཚོགས་ཀྱི་ཡོད་པ་དང་། འདི་ལོའི་ ༢༠༢༢ ཇི་ནི་ཝའི་ལྷན་ཚོགས་ཐེངས་ ༡༤ པ་དེ་རིང་ཕྱི་ཚེས་ ༦ ཉིན་ཇི་ནི་ཝར་བསྐོང་ཚོགས་གནང་ཡོད་པ་དང། སྐབས་དེའི་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་བའི་ལྷན་ཚོགས་ཀྱི་སྡིངས་ཆའི་སྟེང་བོད་མིའི་སྐུ་ཚབ་ཐོག་ནས་གཏམ་བཤད་གནང་མཁན་བཙན་བྱོལ་ནང་གི་བོད་མི་སྙན་ངག་པ་དང་བོད་དོན་འཐབ་རྩོད་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་ཉིད་ཀྱི་གཏམ་བཤད་མ་གནང་གོང་ལ་བོད་ཀྱི་རྒྱལ་དར་འཕྱར་ནས་འབྲོག་གླུ་བླངས་ཤིང་ལྷན་ཚོགས་ཐོག་ཚོགས་བཅར་བའི་ཁྲོད་བོད་མི་རིགས་ཀྱི་ངོ་བོ་དང་བོད་རྒྱལ་ཁབ་མཚོན་པར་གནང་སོང་།དེ་བཞིན་ཁོང་གིས་དེ་སྔ་ཁོང་རྒྱ་ནག་གི་བཙོན་ཁང་ནང་མྱངས་བའི་དཀའ་སྡུག་གི་བརྒྱུད་རིམ་འགྲེལ་བརྗོད་གནང་སྟེ། རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་དུས་ད་ལྟ་ད་བར་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་མི་ས་ཡ་བརྒལ་བ་དམར་གསོད་བཏང་བ་སོགས་འདས་མ་ད་གསུམ་གྱི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གཏམ་བཤད་གནང་བ་དང་ཆབས་ཅིག རྒྱ་ནག་དམར་པོ་གཞུང་གི་ངོས་ནས་རྒྱ་མི་རིགས་ཙམ་མ་ཟད་རྒྱ་ནག་གི་མངའ་འོག་བོད་གཙོས་པའི་ས་གནས་ཁག་གི་མང་ཚོགས་ཐོག་འཛིན་པའི་དྲག་གནོན་དང་དམ་དྲག་གྱི་སྲིད་བྱུས་དེ་རྒྱུན་གནས་ཐུབ་ཐབས་མེད་སྐོར་གསུངས་ཡོད་པ་མ་ཟད། ལྷག་པར་དུ་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་དང་ལྷན་དུ་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་ཚོས་དཔལ་འབྱོར་གྱི་ཁེ་ཕན་རྣམས་རྒྱ་ནག་བཙན་འཛུལ་འོག་ཡོད་པའི་མང་ཚོགས་ཀྱི་སྡུག་བསྔལ་ལས་བྱུང་གི་ཡོད་པ་ཤེས་པའི་ཐོག་ནས་རྒྱ་ནག་དང་ལྷན་ངེས་པར་དུ་ཚོང་འབྲེལ་མཚམས་འཇོག་དགོས་པ་དང་། རྒྱལ་ཁབ་དེ་དག་ལ་བོད་གཙོས་དེའི་མངའ་འོག་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གནང་རྒྱུའི་འགན་ཡོད་ཅེས་གསུངསས་ཡོད། སྤྱིར་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་ UN watch ཞེས་རྒྱལ་ཚོགས་ལ་ལྟ་སྲུང་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པས་སྣེ་ཁྲིད་གནང་སྟེ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༠ ལྷག་མཉམ་རུབ་ཀྱིས་བཙུགས་པའི་ལྷན་ཚོགས་ཤིག་ཡིན་ཞིང་། ལྷན་ཚོགས་ཐོག་འཛམ་གླིང་སྲིད་སྐྱོང་སྒེར་སྤྱོད་གཞུང་གི་འོག་དཀའ་སྡུག་མྱངས་པའི་ཆབ་སྲིད་བཙོན་ཟུར་དང་གསར་འགོད་པ་། འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་སོགས་མགྲོན་འབོད་གནང་སྟེ་རྒྱལ་ཁབ་སོ་སོ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གླེང་སློང་གནང་སའི་སྡིངས་ཆ་གྲགས་ཅན་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༡༠ ལོ་ནས་སུད་སི་བོད་ཀྱི་བེུད་ལྷན་ཚོགས་ལྷན་ནས་ལྷན་ཚོགས་འདིའི་ཚོགས་མིའི་མི་ཁོངས་སུ་འཛུལ་ཞུགས་གནང་སྟེ་ཐོག་མར་རྒྱ་ནག་གཞུང་གི་བཙོན་ཁང་ནང་བཙོན་འཇུག་གིས་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་བེུད་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་བོད་མིའི་སྐུ་ཚབ་གནང་སྟེ་བོད་དོན་ཉན་ཞིབ་ཐོག་མ་གནང་ཐུབ་པ་བྱུང་འདུག་པ་མ་ཟད། འདས་པའི་ལོ་ངོ་བཅུ་ལྷག་ནང་ལྷན་ཚོགས་ཐོག་སུད་སི་བོད་ཀྱི་བེུད་ལྷན་ཚོགས་བརྒྱུད་ལྷན་ཚོགས་སྟེང་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་སོགས་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་བོད་དོན་གཏམ་བཤད་དང་ཉན་ཞིབ་སོགས་ཀྱང་གནང་ཐུབ་པ་བྱུང་ཡོད་པ་རེད།ད་བར་གྱི་ལྷན་ཚོགས་དེའི་ཚོགས་དུས་ནམ་ཡིན་ལ་སུད་སི་བོད་ཀྱི་བེུད་ལྷན་ཚོགས་ནས་གོ་སྐབས་ཆེ་བཞེས་ཀྱིས་ལྷན་ཚོགས་བརྒྱུད་དེ་བོད་མིའི་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་སོགས་མགྲོན་འབོད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་སོགས་རྒྱལ་སྤྱིའི་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བཞིན་ཡོད་པ་ལྟར། སུད་སི་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས་ནས་ཚོགས་པའི་ངོས་ནས་ཐེངས་འདིའི་ལྷན་ཚོགས་ཐེངས་ ༡༤ ཐོག་བསྟན་འཛིན་བརྩོན་འགྲུས་ལགས་མགྲོན་འབོད་གནང་སྟེ་བོད་དོན་གཏམ་བཤད་སྤེལ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་དང་མཐུར་འགྱུར་ཞུ་རྒྱུ་བྱུང་བར་དགའ་སྤོབས་བྱུང་ཞེས་སོང་།ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་ངོས་ནས་འཛམ་གླིང་ནང་དཔའ་ངར་ཞུམ་མེད་ཀྱིས་སྲིད་དབང་སྒེར་སྤྱོད་རིང་ལུགས་ལ་གདོང་ལེན་གྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མཁན་གང་ཟག་ལ་སྙིང་སྟོབས་གཟེངས་རྟགས་སམ་ Courage Award ཞེས་པ་ཞིག་འབུལ་སྲོལ་ཡོད་པ་ལྟར། འདི་ལོ་ ༢༠༢༢ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མངོན་གསལ་གནང་མཁན་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་སུ་དེ་རིང་ལྷན་ཚོགས་ཐོག་དངོས་སུ་འབུལ་བཞེས་གནང་ཡོད་པ་རེད། དེ་སྔ་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་གནང་ཡོད་པ་རེད།  

གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐོག་དམ་དྲག་ཇེ་ཆེར་གཏོང་བཞིན་པར་ཉན་ཞིབ་ལས་རིམ།

CECC ཞེས་པའི་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཁ་སང་དེང་གི་རྒྱ་ནག་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐོག་དམ་དྲག་ཇེ་ཆེར་གཏོང་བཞིན་པའི་སྐོར་ལ་ཉན་ཞིབ་ལས་རིམ་ཞིག་ཚོགས་ཡོད་པ་དང་དེའི་ཐོག་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷག་སྒྲོན་ལགས་དང་རྒྱལ་སྤྱིའི་སྐད་ཡིག་རང་དབང་མཐུན་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཉམས་ཞིབ་པ་ Gerald Roche ལགས། དེ་བཞིན་ནང་སོག་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གཙོ་འཛིན་ Enghebatu Togochog ལགས། ཡུ་གུར་ཆབ་སྲིད་བཙོན་ཟུར་དང་སྐད་ཡིག་ལས་འགུལ་བ་ Abduweli Ayup ལགས་བཅས་ནས་མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཏང་དང་གཏོང་བཞིན་པར་གང་གནང་དགོས་མིན་གྱི་དགོས་འདུན་ཆེད་བཏོན་གནང་བ་མ་ཟད། གྲོས་ཚོགས་འཐུས་མིའི་བཀའ་འདྲི་ཁག་ལ་ལན་འདེབས་གནང་འདུག ཁ་སང་ CECC ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ཀྱིས་གཙོ་སྐྱོང་གནང་སྟེ་དྲ་རྒྱ་བརྒྱུད་ཚོགས་པའི་ལས་རིམ་ཐོག་ CECC ཚོགས་གཙོ་གཞན་གྲོས་ཚོགས་འཐུས་མི་ Jim Mcgovern ལགས་དང་གྲོས་ཚོགས་འཐུས་མི་གཞན་གཉིས་ནས་མཉམ་ཞུགས་གནང་འདུག བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷག་སྒྲོན་ལགས་ཀྱིས། སྔ་ལོར་བསྟི་གནས་ཁང་གིས་རྒྱ་གཞུང་ནས་བོད་ནང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་ཕྲུག་བརྒྱ་ཆ་ ༧༠ ལྷག་བཙན་དབང་ཐོག་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭར་བཏང་སྟེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གང་ཡང་མི་ཤེས་པའི་མི་རབས་ཤིག་བཟོ་ཐབས་བྱེད་བཞིན་སྐོར་མངོན་གསལ་གནང་བའི་སྙན་ཐོ་ལུང་འདྲེན་དང་སྦྲགས། ཁོང་གིས་སྙན་ཐོར་ཞིབ་འཇུག་གནང་སྐབས་རྒྱ་ནག་གཞུང་གིས་ལོ་ ༦ ནས་ ༡༨ བར་གྱི་བོད་ཕྲུག་ཁྱོན་བརྒྱ་ཆ་ ༨༠ ཙམ་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭར་བཞག་ནས་བོད་པའི་སྐད་ཡིག་དང་ཆོས། རིག་གཞུང་བཅས་དང་འབྲེལ་བ་མེད་པའི་མི་རབས་ཤིག་བཟོ་ཐབས་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཤེས་སྐབས་ཧང་སང་བའི་མྱོང་ཚོར་ཞིག་བྱུང་ཡོད་པ་གསུངས་འདུག ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་བཏང་བར་ངོས་ལེན་མ་གནང་མཁན་གྱི་ཕྲུ་གུའི་ཕ་མ་ཚོར་ཉེན་བརྡ་དང་འཇིགས་སྐུལ་སོགས་ཀྱིས་སུན་གཙེར་ཤུགས་ཆེར་བཟོ་བཞིན་པ་དང་། ཐ་ན་ཕྲུ་གུ་ལོ་ན་ ༤ ནས་ ༦ བར་གྱི་སློབ་ཕྲུག་གཏོང་དགོས་སྟབས། ཕྲུ་གུ་རྣམས་ཕ་མ་དང་ཁ་བྲལ་བའི་སྡུག་བསྔལ་བཟོད་དཀའ་བའི་ངུ་འབོད་དང་ཕ་མའི་ངོས་ནས་ཀྱང་བུ་ཕྲུག་བློས་གཏོང་མ་ཐུབ་པའི་ངལ་བ་ཆེས་ཆེར་འཕྲད་པ་ལ་སོགས་པའི་གནས་སྟངས་ཁག་ཅིག་ཤེས་རྟོགས་བྱུང་བ་སྙན་སེང་གིས་དེང་སྐབས་ཨ་རི་དང་ཁེ་ན་ཊ། དེ་བཞིན་ཨོ་གླིང་བཅས་ནས་དེ་སྔ་དེ་གའི་གདོད་མའི་མི་རིགས་ཐོག་གཉའ་གནོན་ཤུགས་ཆེར་བཏང་བའི་འོག་གདོད་མའི་མི་རིགས་ཀྱི་ཕྲུ་གུ་རྣམས་བཅའ་སྡོད་སློབ་གྲྭར་བཞག་པའི་གནད་དོན་དེ་དག་ཐད་ལ་གཞུང་དང་སྤྱི་ཚོགས་ནས་མཐའ་གཅིག་ཏུ་ནོར་འཁྲུལ་ཡིན་པ་ངོས་ལེན་གྱིས་དགོངས་སེལ་ཞུ་བཞིན་པའི་དུས་སྐབས་འདིར་རྒྱ་ནག་གིས་གཞི་རྒྱ་ཆེན་པོའི་ཐོག་ནས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་སོགས་སྙན་སེང་ཞུས་འདུག དེ་བཞིན་ཁོང་གིས་ཉེ་ཆར་ཟླ་བ་སྔོན་མའི་ཚེས་༢༥ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏྭ་ལའི་མདུན་དུ་རང་ལུས་མེར་བསྲེགས་རྐྱེན་གྱིས་འདས་གྲོངས་སུ་གྱུར་མཁན་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས། གནད་དོན་དེས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ལ་མ་ལྟོས་པར་བོད་མི་རབས་ནས་མི་རབས་བར་དུ་བོད་རྒྱལ་ཁབ་དང་བོད་ཀྱི་སྐད་ཡིག རིག་གཞུང་། ༸གོང་ས་མཆོག་མ་གཏོགས་བསམ་རྒྱུ་མེད་པ་མངོན་གསལ་གནང་གི་ཡོད་པ་སོགས་གསུངས་ཏེ། བོད་མིའི་འཐབ་རྩོད་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དགོས་གནད་ཡིན་པ་གསུངས་འདུག དེ་བཞིན་ཁ་སང་གི་ལས་རིམ་ཐོག་ཡུ་གུར་ལས་འགུལ་བ་ Abduweli Ayup ལགས་དང་ནང་སོག་ལས་འགུལ་བ་ Enghebatu Togochog ལགས་གཉིས་ཀྱིས་རྒྱ་གཞུང་གི་ངོས་ནས་ཡུལ་ལུང་སོ་སོར་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བརྒྱུད་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་སྐོར་སོགས་སྙན་སེང་ཞུས་ཡོད།

བོད་མིའི་ཆོས་དང་རིག་གཞུང་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་པའི་སྙན་ཐོ་སྤེལ་འདུག

ཕྱི་ཟླ་ ༣ ཚེས ༣༡ ཉིན་ CECC ཞེས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༡ ལོའི་རྒྱ་ནག་ཐོག་སྤེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་མུ་མཐུད་དྲག་གནོན་ཙམ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་བཀོད་འདུག དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱ་ནག་དང་འབྲེལ་བའི་སྐོར་ལ་འདོན་སྤེལ་གནང་བའི་སྙན་ཐོའི་ནང་དོན་བཀོད་པའི་ནང་། རྒྱ་ནག་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུ་རྒྱ་ནག་ཁོ་ནར་ཡོད་སྐོར་བརྗོད་བཞིན་པ་དང་འབྲེལ། རྒྱ་ནག་གཞུང་གིས་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཞུ་མཁན་རྣམས་ལ་ཉེས་ཆད་གཅོད་བཞིན་པ་དང་།  བོད་ཕྱི་ནང་གཉིས་སུ་འབྲེལ་ལམ་བྱ་རྒྱུ་དམ་དྲག་ཤུགས་ཆེར་བྱེད་རྒྱུ་དང་ལྷག་པར་དུ་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་འབྲེལ་ལམ་བྱེད་མཁན་ཀུན་ལ་གདུག་རྩུབ་མནར་གཅོད་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འཕྲུལ་རིགས་མ་ལག་བརྒྱུད་ཨ་རིའི་མི་སེར་ལའང་སོ་མྱུལ་བྱེད་ཀྱི་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། ཨ་རིའི་སྲིད་འཛིན་བྷ་ཊན་མཆོག་གི་སྲིད་གཞུང་ནས་ Tibetan Policy and Support Act of 2020 ཞེས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བརྒྱུད་དེ་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་ངོ་བོ་བཅས་སྲུང་སྐྱོབ་གནང་དགོས་པ་མ་ཟད། ཕྱི་འབྲེལ་མི་སྣས་༸གོང་ས་སྐུ་ཕྲེང་ ༡༥ པ་མཆོག་གི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་མི་ཡོང་བར་འབད་བརྩོན་གནང་དགོས་པ་གསུངས་ཡོད་པ་བཀོད་འདུག ད་དུང་ཚོགས་ཆུང་དེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་དེ་སྔ་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་མི་སྣ་དང་ལྷན་དུ་མཇལ་མོལ་གནང་དུ་འཇུག་དགོས་བའི་ཞུ་སྐུལ་གནང་དགོས་པ་མ་ཟད། སྙན་ཐོ་འདི་བརྒྱུད་དེ་དེ་སྔ་ཨ་རིས་གཏན་འབེབས་གནང་པའི་ The Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་གནང་དགོས་རྒྱུ་དང་། འཛིན་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་གནང་རྒྱུའི་སླད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གཞན་དང་ལྷན་དུ་རྒྱལ་སྤྱི་རང་བཞིན་ལྡན་པའི་མཉམ་རུབ་ཀྱི་ནུས་པ་སྤུངས་རྒྱུ་ཙམ་མ་ཟད། བཙན་བྱོལ་ནང་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷན་དུ་དུས་ནས་དུས་སུ་བཀའ་མོལ་གནང་དགོས་པ་གསུངས་འདུག སྙན་ཐོ་འདི་དང་འབྲེལ་ནས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་སྲིད་གཞུང་དང་འབྲེལ་ལམ་འཇོག་མཁན་གྱི་ངེས་སྟོན་པ་ Franz Matzner ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ནག་གསུབ་གཏོང་བཞིན་ཡོད་སྟབས། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་གསལ་ལྟར། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཀྱིས་ཀྱང་རྒྱལ་སྤྱིའི་བདེ་འཇགས་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནད་དོན་ཀྱི་ཐོག་ནས་མཉམ་རུབ་གནང་དགོས་པ་གསུངས་འདུག

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐོག་ཡུག་རེན་དང་བོད་དོན་གླེང་སློང་།

ཉེ་ཆར་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་དྲ་བརྙན་བརྒྱུད་ཆེས་མཐོའི་ལྷན་ཚོགས་ཚོགས་ཡོད་པ་དེའི་ཐོག་གཙོ་བོ་ཡུག་རེན་ནང་གི་དམག་འཁྲུག་གི་གནད་དོན་དང་ལྷན་དུ་རྒྱ་གཞུང་གིས་བོད་ནང་གི་བོད་མི་དང་དེ་བཞིན་ཤིན་ཅང་དང་ནང་སོག་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་སྐོར་གླེང་འདུགདེ་ཡང་ཟླ་བ་འདིའི་ཚེས་ ༡ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་དྲ་བརྙན་བརྒྱུད་ཆེས་མཐོའི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་བསྟུན་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Charles Michel ལགས་ཀྱིས་ལྷན་ཚོགས་དེའི་ཐད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཐེངས་འདིའི་ལྷན་ཚོགས་དེ་ནི་རྒྱུན་ལྡན་གྱི་ཚོང་འབྲེལ་སྐོར་མིན་པར་དེ་ནི་ཨུ་རུ་སུས་ཡུག་རེན་ནང་དུ་དམག་འཁྲུག་བྱུང་བཞིན་པའི་དུས་སྐབས་ཀྱི་ལྷན་ཚོགས་ཤིག་ཆགས་ཀྱི་ཡོད་པ་དང་ང་ཚོ་ཚང་མ་ཡུ་རོབ་ནང་དུ་རྒྱལ་སྲུང་ཀྱི་ངལ་བ་ཚབས་ཆེན་འོག་གནས་བཞིན་ཡོད་སྟབས་ཡུ་རོབ་མཐུན་ཚོགས་ཀྱི་ལས་དོན་གལ་ཆེ་ཤོས་དེ་ཡུཀ་རེན་ནང་གི་དམག་འཁྲུག་མཚམས་འཇོག་གིས་ཡུལ་དེའི་མང་ཚོགས་ལ་སྲུང་སྐྱོབ་གནང་རྒྱུ་ཡིན་པར་གསུངས་འདུག ལྷག་དོན་ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་ཕྱོགས་གཉིས་ད་བར་གོ་ལའི་འཕྲོད་བསྟེན་གྱི་གནད་དོན་གཙོས་ཡོངས་ཁྱབ་རིམས་ནད་ཀྱི་སྔོན་འགོག་དང་ཛ་དྲག་གི་གྲ་སྒྲིག་དང་གདོང་ལེན་བཅས་ཀྱི་ཐོག་ལ་གླེང་སློང་གནང་བའི་ཁྲོད་རྒྱ་ནག་དང་ལྷན་དུ་གཅིག་གྱུར་གྱིས་གོ་ལ་སྲུང་སྐྱོབ་ཐད་མཉམ་ལས་གནང་རྒྱུ་དང་དེ་བཞིན་རྒྱ་གཞུང་ལ་ཁོར་ཡུག་དང་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་བཅས་ཀྱི་ཐད་ལས་འགུལ་མང་ཙམ་སྤེལ་དགོས་པའི་ཞུ་འབོད་གནང་བ་མ་ཟད། གནད་དོན་ཁག་ཅིག་གི་ཐོག་ལ་ཕྱོགས་གཉིས་དབར་དགོངས་ཚུལ་མི་མཐུན་པ་བྱུང་བའི་ཁོངས་སུ་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་གཞུང་ལ་བོད་ནང་གི་བོད་མི་དང་གཞན་ཡང་ཤིན་ཅང་དང་ནང་སོག་བཅས་ཀྱི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པ་དང་སྒོས་སུ་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་ལ་རྡོག་རོལ་གཏོང་ཐབས་བྱེད་བཞིན་པའི་ཐད་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་སྟེ། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་སྒེར་ཁག་ཅིག་གི་གནད་དོན་ཡང་གླེང་སློང་གིས་རྒྱ་གཞུང་ལ་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཞུས་དོན་ལྟར་སྲིད་བློན་ Li Keqiang གྱིས་དེ་འབྲེལ་གྲོས་མོལ་གང་མགྱོགས་འགོ་འཛུགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག སྤྱིར་ད་ལན་གྱི་ལྷན་ཚོགས་འདི་བཞིན་གཙོ་བོ་ཡུག་རེན་ནང་གི་དམག་འཁྲུག་སྐོར་ལ་གླེང་སློང་གནང་རྒྱུ་དེ་ཆགས་ཀྱི་ཡོད་སྟབས། ཡུ་རོབ་མཐུན་ཚོགས་ཀྱིས་ད་ལྟའི་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་ཕྱོགས་གཉིས་དབར་གྲོས་མོལ་གནང་གལ་ཆེ་བ་ཡིན་དང་འདིའི་ཐད་དམིགས་བཀར་གྱིས་དམག་འཁྲུག་དེ་ཉིད་གང་མགྱོགས་མཚམས་འཇོག་ཡོང་སླད་ཐབས་ཤེས་གང་ཡོངས་གནང་བཞིན་པ་འགྲེལ་བརྗོད་དང་འབྲེལ།  ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ནས་ད་ལྟའི་དམག་འཁྲུག་དེ་ཉིད་གོ་ལ་སྤྱིའི་ཉེན་སྲུང་དང་དཔལ་འབྱོར་གནས་བབ་ལ་ཉེན་ཚབས་ཆེན་པོར་གྱུར་ཡོད་པར་མོས་མཐུན་གནང་བཞིན་ཡོད་པ་དང་ང་ཚོ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་སླད་གོ་ལའི་འགན་འཁུར་མི་སྣའི་ཕྱག་ལས་གནང་མཁན་ཡང་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་ནས་ཨུ་རུ་སུས་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དག་ལ་མིག་ལོང་བ་ལྟར་སྣང་མེད་དུ་གཏོང་རྒྱུ་མེད་པར་འགྲེལ་བརྗོད་ཀྱིས་ཡུ་རོབ་མཐུན་ཚོགས་དང་ལྷན་དུ་ཡུག་རེན་ནང་གི་དམག་འཁྲུག་དེ་ཉིད་མཚམས་འཇོག་ཡོང་སླད་རོགས་པ་གནང་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་ཐོག་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་དཔལ་འབྱོར་འབྲེལ་ལམ་དེ་ཉིད་དྲང་བདེན་བརྒྱུད་ཕན་ཚུན་གཉིས་ཕན་ཡོང་སླད་གྲོས་བསྡུར་ལྷུག་པོ་གནང་བའི་ཁྲོད། རྒྱ་གཞུང་གིས་ལཱི་ཐི་ནི་ཡར་ཁ་གཏད་གཅོག་བྱེད་ཀྱིས་དབྱེ་འབྱེད་ཚོང་འབྲེལ་བྱས་པ་གཙོས་ཐེ་ཝན་དང་ ཨཧྥ་གྷན་དང་འབར་མ།   དེ་བཞིན་ཀོ་རི་ཡ་སོགས་ཀྱི་ནང་དཀའ་ངལ་གང་འཕྲད་སྐོར་དང་འབྲེལ་བའི་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་ཐོག་ལའང་གྲོས་བསྡུར་གནང་འདུག རྩ་བའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་དྲ་བརྙན་བརྒྱུད་ཚོགས་པའི་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Charles Michel ལགས་དང་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་ལྕམ་ Ursula von der Leyen ལགས། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་སྐུ་ཞབས Josep Borrell ལགས་བཅས་རྣམ་པ་གསུམ་དབུ་བཞུགས་ཐོག་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་ Li Keqiang གཉིས་ནས་དེར་མཉམ་ཞུགས་གནང་ཡོད་པ་རེད།  

གླུ་གཞས་སྒྱུ་རྩལ་ལམ་ནས་ཡོ་རོབ་ཁུལ་དུ་བོད་དོན་ངོ་སྤྲོད་ལས་འགུལ།

སུད་སི་ནང་གནས་བཞུགས་བོད་མི་གཞས་པ་དང་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་མིང་བྱང་འོག་ཡོ་རོབ་རྒྱལ་ཁབ་ཁག་ཏུ་རང་ཉིད་ཀྱི་གླུ་གཞས་སྒྱུ་རྩལ་ལམ་ནས་བོད་དོན་ངོ་སྤྲོད་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་བཞིན་འདུག བློ་ལྡན་རྣམ་གླིང་ལགས་ཀྱིས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་ཞེས་འབོད་ཚིག་སོགས་འཁོད་པའི་བོད་པའི་རྣམ་པ་མཚོན་པའི་རླངས་འཁོར་ཞིག་བཏང་སྟེ། ཡོ་རོབ་རྒྱལ་ཁབ་ཁག་གི་ནང་དུ་བོད་དོན་ཆེད་སྐོར་སྐྱོད་གནང་བཞིན་འདུགལས་འགུལ་དེ་ནི། ཁོང་གིས་ཐོག་མར་སྔར་ལོའི་༸སྐུའི་འཁྲུང་སྐར་ཉིན་སུད་སི་ནས་དབུ་འཛུགས་གནང་ཡོད་པ་དང། བོད་ནས་ཁྱེད་ལ་གཞས་གཅིག་འམ་ A Song from Tibet for You ཞེས་པའི་ལས་འགུལ་ཁྲོད་བོད་ཀྱི་ཐོུང་མ་ཡིན་པའི་གླུ་གཞས་སྒྱུ་རྩལ་ལམ་ནས་མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་རེད། བློ་རྣམ་གླིང་ལགས་ཀྱིས་བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་བོད་དོན་སྐོར་སྐྱོད་ལས་འགུལ་དེ་སྦེལ་ཇམ་དང་འཇར་མི་ནི། ནི་ཐར་ལན་ཌི། ཨི་ཊ་ལི། ཕ་རན་སོགས་ཡོ་རོབ་རྒྱལ་ཁབ་མང་པོར་སྐོར་སྐྱོད་གནང་གི་ཡོད་པ་རེད། བོད་པའི་གཞས་པ་བློ་ལྡན་རྣམ་གླིང་ལགས་ནས་རྒྱུན་དུ་རང་ཉིད་གླུ་གཞས་སྒྱུ་རྩལ་ལམ་ནས་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་ལས་འགུལ་མི་ཉུང་བ་ཞིག་སྤེལ་བཞིན་ཡོད་པ་དང། ཕྱི་ལོ་ ༢༠༡༢ ལོར་ཁོང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་མང་ཚོགས་ལ་གོ་རྟོགས་སྤེལ་བའི་བོད་རང་དབང་གི་འགྲུལ་བཞུད་ཅེས་པའི་མིང་བྱང་འོག་སུད་སི་རྒྱལ་ས་སྦན་ནས་ཇི་ནི་ལྦར་སྤུར་སྒམ་འགྲུད་དེ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་པ་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་རེད།

ཨ་རིའི་རྒྱལ་སྲུང་གི་ཉེན་ཁ་དང་པོ་དེ་རྒྱ་ནག་ཆགས་ཡོད་པ་མངོན་གསལ།

བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ཡུལ་དེའི་རྒྱལ་སྲུང་གི་འཐབ་བྱུས་དང་འབྲེལ་བའི་སྙན་ཐོ་ཞིག་གྲོས་ཚོགས་ལ་ཕུལ་བའི་ནང་དུ། རྒྱ་ནག་ནི་ཨ་རིའི་རྒྱལ་སྲུང་བདེ་འཇགས་ཀྱི་ཉེན་ཁ་དང་པོ་དེ་ཆགས་ཡོད་པ་མངོན་གསལ་གྱིས། ཨ་རིའི་ངོས་ནས་རྒྱ་ནག་དང་མཉམ་དུ་འཐབ་བྱུས་རང་བཞིན་གྱི་འགྲན་རྩོད་ལ་ཕྱོགས་ཡོངས་ནས་ཁ་གཏད་གཅོག་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུགདེ་ཡང་སྙན་ཐོ་དེའི་ནང་དུ། ཨ་རིའི་རྒྱལ་སྲུང་དང་འབྲེལ་ནས་ཉེན་ཁ་ཆེན་པོ་བཞི་གསལ་བསྒྲགས་གནང་བའི་ནང་དུ། རྒྱ་ནག་ནི་ཕྱོགས་ཡོངས་ནས་ཨ་རིར་ཉེན་ཁ་བཟོ་མཁན་དང་པོ་དེ་ཆགས་ཡོད་པ་དང་། ཨ་རིའི་ཉེན་ཁ་བཞི་ལས་གསུམ་པའི་ཁོངས་སུ། ཨ་རིས་ཨ་རྒྱ་གཉིས་ཀྱི་དཀའ་རྙོག་ཁྱབ་བརྡལ་དང་འབྲེལ་ནས་རྒྱ་ནག་གི་བཙན་ཤེད་ལ་ནུས་ཤུགས་ལྡན་པའི་སྒོ་ནས་ཁ་གཏད་གཅོག་རྒྱུ་དང་། ཨ་རིའི་རྒྱལ་སྲུང་བདེ་འཇགས་ཀྱི་ཉེན་ཁ་གཉིས་བའི་ཁོངས་སུ་ཨུ་རུ་སུའི་སྲིད་འཛིན་ Vladimir Putin གྱིས་ཡུག་ཀི་རེན་ལ་བཙན་འཛུལ་བྱས་པ་དེ་ཆགས་ཡོད་པར་མངོན་གསལ་གྱིས། ཨ་རིའི་ངོས་ནས་ཨུ་རུ་སུའི་ཨུ་ཚུགས་རང་བཞིན་གྱི་ཉེན་ཁ་ཡི་གཙོ་བྱས་པའི་བྱང་ཀོ་རི་ཡ་དང་། དེ་བཞིན་ཨེ་རན་དང་དྲག་སྤྱོད་རིང་ལུགས་ལ་ཁ་གཏད་གཅོག་རྒྱུ་ཡིན་པར་བསྒྲགས་འདུགགཞན་ཡང་ཨ་རིའི་སྙན་ཐོ་དེའི་ནང་གཙིག་ཆེན་དུ་བརྩི་བའི་ལས་གཞི་གཞན་ཞིག་ནི་ཨ་རིའི་ཕྱོགས་གཏོགས་ཀྱི་རྒྱལ་ཁབ་རྣམས་ལ་ཕྱོགས་གཞན་ནས་འཐབ་བྱུས་རང་བཞིན་གྱི་དྲག་རྒོལ་བྱེད་བཞིན་པ་དེ་ཡིན་པར་ལུང་འདྲེན་གྱིས། ཨ་རིའི་ངོས་ནས་ཕྱོགས་གཏོགས་རྒྱལ་ཁབ་རྣམས་དང་མཉམ་འབྲེལ་གྱི་ནུས་པ་སོར་ཆུད་ཡོང་རྒྱུར་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བསྒྲགས་འདུགཨ་རིའི་རྒྱལ་སྲུང་གི་འཐབ་བྱུས་དང་འབྲེལ་བའི་སྙན་ཐོ་ཆ་ཚང་ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་ལ་ཕུལ་བ་མ་གཏོགས་སྙན་ཐོའི་ནང་དོན་ཆ་ཚང་ཡོང་གྲགས་གནང་མེད་པ་དང་། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་སྲིད་བྱུས་དང་འབྲེལ་བའི་དྲུང་གཞོན་ལས་རོགས་སྐུ་ཞབས Colin Kahl ལགས་ཀྱིས་རང་ཉིད་ཀྱི་འཕྲུལ་སྒྲའི་ཐོག་གནས་ཚུལ་སྤེལ་བའི་ནང་དུ།  སྙན་ཐོ་དེའི་ཆ་ཤས་ཤིག་རིང་མིན་ཟླ་བ་ཁ་ཤས་ནང་དུ་ཨ་རིའི་མང་ཚོགས་ལ་ཡོངས་གྲགས་ཀྱི་ཐོག་ནས་འདོན་སྤེལ་བྱེད་རྒྱུ་ཡིན་པར་བསྒྲགས་འདུག གཞི་རྩའི་ཨ་རིའི་རྒྱལ་སྲུང་གི་འཐབ་བྱུས་དེ་ནི་རྒྱལ་སྲུང་ལས་ཁུངས་ཀྱི་འཐབ་བྱུས་ཀྱི་ལམ་སྟོན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། ལམ་སྟོན་དེར་བདེ་འཇགས་དང་འབྲེལ་བའི་ཨ་རིའི་དམག་མིའི་འགན་འཁྲི་གསལ་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་གྱིས་གཞི་རྒྱ་ཆེ་བའི་རྒྱལ་སྲུང་གི་འཐབ་བྱུས་ཇི་ལྟར་ལག་ལེན་བསྟར་ཕྱོགས་ཀྱང་གསལ་བོར་འཁོད་ཡོད་པ་དང་། ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་ཊན་ལགས་ཀྱིས་རྒྱལ་སྲུང་གི་བར་བརྒལ་འཐབ་བྱུས་ཀྱང་ལོ་སྔོན་མའི་ཟླ་བ་གསུམ་པའི་ནང་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་སྙན་ཐོ་ཕྱི་ལ་ཐོན་པ་དང་འབྲེལ་ནས། ཉིན་དེར་ཨ་རིའི་གཞུང་འཛིན་གྱི་ངོས་ནས་གྲོས་ཚོགས་ཀྱི་དབུས་སུ་རྒྱལ་སྲུང་བདེ་འཇགས་དང་འབྲེལ་ནས་ཨ་སྒོར་ཐེར་འབུམ་༧༧༣ ལྷག་གི་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་དང་དང་། མ་དངུལ་དེ་དག་ཀྱང་གཞི་རྩའི་རྒྱ་ནག་གི་ཉེན་ཁར་དམིགས་ནས་མཁོ་འདོན་བྱས་པ་ཞིག་ཡིན་པར་གསལ་འདུག

Latest news