Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཏོག་དབྱིབས་ནད་དུག་ཞི་བར་ཐུགས་སྨོན་མཛད་པ།

དེ་རིང་ཕྱི་ ༡ ཚེས་ ༢༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཐེ་ལན་ཌི་དང་ཝེ་ཏི་ནམ་གྱི་དད་ལྡན་ཁག་གཅིག་ལ་མཇལ་ཁ་བཀའ་དྲིན་བསྩལ་བར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་དུག་འམ་ Corona virus ཞེས་པ་དེ་ཞི་བར་དམིགས་བསལ་ཐུགས་སྨོན་མཛད་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་ཡིག་གི་ངོ་དེབ་ཐོག་བརྙན་ཐུང་ཞིག་སྤེལ་གནང་བར་༸གོང་ས་མཆོག་གིས་རྒྱ་ནག་དེ་ལོ་རྒྱུས་ཀྱི་ཐོག་ནས་ནང་པ་ཡིན་པར་བཀའ་བསྩལ་བ་དང་འབྲེལ། དེ་རིང་འདིར་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམས་ལྷན་འཛོམས་བྱུང་ཡོད་སྟབས། ང་ཚོ་ཐུན་མོང་གི་ཐོག་ནས་ནད་ཡམས་དེ་ཞི་བར་སྨོན་ལམ་གསུང་འདོན་གནང་དགོས་པ་མ་ཟད་ནང་ཆོས་ལ་དད་པ་དང་རྣམ་ཀུན་གཟུངས་སྔགས་གསོག་རྒྱུའི་གོམས་གཤིས་ཡོད་མཁན་རྣམས་ཀྱི་ངོས་ནས་ཀྱང་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་དགོས་པ་དང་དེ་ལྟར་གནང་ཚེ་རིམས་ནད་དེ་ཞི་བར་ཕན་ཐོགས་ཆེན་པོ་ཡོད་པར་ལམ་སྟོན་མཛད་འདུག རྩ་བའི་ཏོག་དབྱིབས་ནད་དུག་དེའི་རྐྱེན་པས་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་ད་བར་མི་གྲངས་ ༡༣༢ འདས་གྲོངས་སུ་གྱུར་ཟིན་ཡོད་པ་མ་ཟད། མི་གྲངས་ ༦༠༠༠ ལྷག་ལ་ནད་ཡམས་དེ་ཕོག་ཡོད་པ་ར་འཕྲོད་བྱུང་ཡོད་སྟབས་ཉེ་ལམ་རྒྱ་ནག་སྐམ་ས་ཆེན་པོའི་དད་ལྡན་མང་པོ་ཞིག་གིས་དྲྭ་ལམ་བརྒྱུད་དེ་༸གོང་ས་མཆོག་ལ་ནད་ཡམས་དེ་ཞི་བར་ལམ་སྟོན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར་༸གོང་ས་མཆོག་གིས་རྒྱ་ནག་ནང་ཡོད་པའི་དགོན་པ་ཁག་དང་། དད་ལྡན་མང་ཚོགས་ཀྱི་ངོས་ནས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་ཚེ་ནད་ཡམས་དེ་ཞི་བར་ཕན་ཐོགས་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེའི་བར་ན་བཙན་བྱོལ་བོད་མི་རྣམས་ཀྱིས་ནད་ཡམས་དེ་ཁྱབ་གདལ་བྱུང་ཟིན་པའི་རྒྱ་ནག་རྒྱལ་ཁབ་སྤྱི་དང་སྒོས་བོད་ནང་ཀྱི་མང་ཚོགས་ཚོར་དངངས་སྐྲག་ཆེ་བའི་དུས་སྐབས་འདིར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག སྐུལ་ལྕག་གི་ཚུལ་དུ་ཡིད་གཟབ་གནང་དགོས་པའི་འབོད་སྐུལ་གནང་བཞིན་འདུག གཞི་རྩའི་ནད་ཡམས་དེ་དང་འབྲེལ་ཏེ་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཀྱང་རྒྱ་སྐད་ནང་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཏེ་ང་ཚོའི་ངོས་ནས་མཉམ་རུབ་ཀྱིས་འབད་བརྩོན་གནང་ཚེ་དཀའ་ངལ་ལས་མཉམ་དུ་སྒྲོལ་ཐུབ་ངེས་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག ས་སྐྱ་ནད་བཅོས་ཞེས་པའི་ནད་མེད་པར་བཟོ་བ་དང་གནོད་འཚེ་སེལ་བའི་ཡི་གེ་ཞིག་གསར་སྤེལ་གནང་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༢༨ ཉིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་སྤྱི་ཚོགས་དྲྭ་ལམ་བརྒྱུད་བརྙན་ཐུང་ཞིག་འདོན་སྤེལ་གནང་སྟེ་རྒྱ་ནག་ནང་གི་ནད་ཡམས་དེ་ཞི་བར་ལོ་གྱོན་མའི་མཚན་སྔགས་གསུང་འདོན་དང་སྦྲགས་ཏེ་མཚན་གཟུངས་གསུང་འདོན་གནང་ཚེ་ཕན་ཐོགས་ཆེན་པོ་ཡོད་པར་བཀའ་བསྩལ་འདུག

ཨ་རིའི་གྲོས་འོག་མས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས།

ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ Tibetan Policy and Support Act ཞེས་ཨ་རི་བོད་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ངོ་ཡོད་གྲོས་ཚོགས་འཐུས་མི་ ༤༣༠ ནས་གྲོས་ཚོགས་འཐུས་མི་ ༣༩༢ ནས་རྒྱབ་སྐྱོར་གནང་སྟེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་འདུག གཞི་རྩའི་ཨ་རིའི་བོད་དོན་རྒྱབ་བསྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ནི་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༣ དང་ ༢༤ སོ་སོར་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཚོགས་ཆུང་དེའི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་གཉིས་ནས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གནང་བ་ཞིག་ཡིན་པ་དང་། འདས་པའི་ཟླ་བ་གསུམ་ལྷག་གི་རིང་ཁྲིམས་འཆར་དེ་ཨ་མི་རི་ཀའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་སོགས་སུ་ཞིབ་དཔྱད་ཀྱིས་རྒྱབ་སྐྱོར་ཐོབ་ཐོག་ད་རེས་དངོས་སུ་གྲོས་ཚོགས་འོག་མའི་ནང་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། ཁ་སང་ཁྲིམས་འཆར་གཏན་འབེབས་ཀྱི་ལས་རིམ་ཐོག་ཁྲིམས་འཆར་ཆེད་འདོན་གནང་མཁན་སྐུ་ཞབས་ Jim McGovern ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་སླད་བོད་མིའི་འགོ་ཁྲིད་ལྷན་དུ་དོན་དམ་གྱི་གྲོས་མོལ་མ་གནང་བའི་ཁར་བོད་ནང་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཇེ་ཞན་ཇེ་སྡུག་ཏུ་བཏང་སྟེ་བོད་དེ་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པར་སྒོ་བརྒྱབས་ཡོད་པ་དང་། དམ་དྲག་ཅན་གྱི་སྒྲིག་ཁྲིམས་གཏན་འབེབས་བྱས་ཏེ་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཚོད་འཛིན་དང་། བོད་ཀྱི་རང་བྱུང་ཁོར་ཡུལ་གཏོར་རྒོལ་སོགས་གཏོང་བཞིན་པའི་སྐབས་འདིར་ཨ་མི་རི་ཀའི་ངོས་ནས་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ཤུགས་ཆེ་རུ་བཏང་སྟེ་ཨ་རིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཙོ་གྱུར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་མི་ཡོངས་ཀྱི་མངོན་འདོད་མཚོན་པའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་གནང་དགོས་པ་སོགས་གསུངས་འདུག  དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་ Nancy Pelosi མཆོག་གིས་བོད་དོན་ཁྲིམས་འཆར་དེ་ཆེད་འདོན་གནང་མཁན་དང་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དོན་ཁྲིམས་འཆར་གསར་པ་བརྒྱུད་དེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་གཞི་རྩའི་འགྲོ་བ་མིའི་ཐོང་རྡོག་རོལ་གཏོང་བཞིན་ཁག་འགན་ཁུར་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་ངེས་ཡིན་པ་སོགས་གསུངས་འདུག སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dean Phillips ལགས་དང་སྐུ་ཞབས་ Ted Yoho ལགས་དང་སྐུ་ཞབས་ Michael McCaul ལགས། ལྕམ་ Eleanor Holmes Norton ལགས། སྐུ་ཞབས་ Tom Souzzi ལགས་བཅས་ཀྱིས་ཀྱང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་གི་གནས་སྟངས་དེ་ནི་བྱང་ཀོ་རི་ཡ་ལས་ཞན་པ་གྱུར་ཡོད་པ་སོགས་རྒྱ་ནག་གཞུང་སྐྱོན་བརྗོད་དང་འབྲེལ། ཨ་རིའི་ཆབ་སྲིད་ཚོགས་པ་དང་གཞུང་འཛིན་པ་ཨ་རིའི་གཞི་རྩའི་རིང་ཐང་ཁག་སྲུང་སྐྱོབ་ཐོག་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུངས་ཏེ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག ད་རེས་ཨ་རིའི་གྲོས་ཚོགས་འོག་མས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་བ་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཞུགས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་རྒྱ་ནག་གཞུང་ལ་བོད་དོན་ཐོག་ཨ་རིའི་རྒྱབ་སྐྱོར་ཉམས་གུད་ཕྱིན་མེད་པའི་བརྡ་ལན་གསལ་པོ་ཞིག་མཚོན་པར་མ་ཟད་རིམ་པས་འདི་ལོའི་ཕྱི་ཟླ་དྲུག་པའི་སྔོན་ལ་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་གོང་མར་གཏན་འབེབས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང་། གཞི་རྩའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པའི་ནང་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་དབང་མེད་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། བོད་མིའི་སྒྲིག་འཛུགས་འདི་བོད་མི་ཡོངས་ཀྱི་མངོན་འདོད་མཚོན་པའི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་ཞུ་རྒྱུ་སོགས་འཁོད་ཡོད་པ་རེད།

ཏོག་དབྱིབས་ནད་དུག་ཞི་བར་སྒྲོལ་མའི་མཚན་སྔགས་གསུང་འདོན་གནང་དགོས་པར་ལམ་སྟོན་བསྩལ་བ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་དུག་འམ་ Corona virus ཞེས་པ་དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ཏུ་ཁྱབ་གདལ་དུ་བྱུང་བའི་གནས་ཚུལ་རིམ་པ་འཐོན་བཞིན་པའི་ཁྲོད་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་ཡམས་དེ་ཞི་བར་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གསུང་འདོན་གནང་དགོས་པར་ལམ་སྟོན་བསྩལ་འདུག ཁ་སང་༸གོང་ས་མཆོག་གི་རྒྱ་ཡིག་ངོ་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་སྐམ་ས་ཆེན་པོའི་དད་ལྡན་མང་པོ་ཞིག་གིས་དྲྭ་ལམ་བརྒྱུད་༸གང་ཉིད་མཆོག་ལ་ནད་གཞི་དེ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་གྱིས་གཙོས་པའི་འཛམ་གླིང་ཡུལ་གྲུ་གཞན་ཁག་ཏུའང་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན་ཏོག་དབྱིབས་ཅན་ནད་དུག་གློ་ཚད་རིམས་ནད་དེ་ཞི་བའི་ཕྱིར་ལམ་སྟོན་བསྩལ་གནང་ཡོང་བ་ཞེས་གསོལ་འདེབས་ཞུས་འདུག་པ་ལྟར་༸གོང་ས་མཆོག་གིས་རྒྱ་ནག་ནང་ཡོད་པའི་དགོན་པ་ཁག་དང་། དད་ལྡན་མང་ཚོགས་ཀྱི་ངོས་ནས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་གནང་ཚེ་ནད་ཡམས་དེ་ཞི་བར་ཕན་ཐོགས་ཡོད་ཅེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག་པར་མ་ཟད། དེ་དང་ལྷན་དུ་མགོན་པོ་༸གང་ཉིད་མཆོག་གིས་ཞལ་སྔ་ནས་སྒྲོལ་མའི་མཚན་སྔགས་ལྗགས་ལུང་མཛད་པའི་གསུང་སྒྲ་ཞིག་ཀྱང་མཉམ་སྦྱར་གནང་འདུག སྤྱིར་ནད་གཞི་དེ་ད་ཆ་ཨ་རི་དང་ཉི་ཧོང་།  ཐེ་ལན་ཌི། ཨོ་སི་ཊོ་ལི་ཡ། ཧོང་ཀོང་སོགས་སུ་ཁྱབ་གདལ་འགྲོ་བཞིན་པ་དང་ལྷག་པར་དུ་རྒྱ་གར་ནང་མི་རེ་ཟུང་ལ་ནད་གཞི་དེ་ཕོག་པར་དོགས་གཞི་ཡོད་པའི་གནས་ཚུལ་སོགས་ཐོན་ཡོད་པ་ལྟར། བོད་མི་ཁག་གཅིག་གིས་ངོ་དེབ་གཙོས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག་ནས་རྫ་དྲག་གི་དུས་ཚིགས་འདིའི་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་མཁན་རིགས་ངེས་པར་དུ་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་གནང་མཁན་ཡང་འདུག རྩ་བའི་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་བལྟས་ན། ནད་གཞི་དེ་ད་ཆ་མི་གྲངས་ ༤༥༠༠ ལྷག་ལ་ཕོག་ཡོད་པ་དང་དེའི་ཁྲོད་ཝུ་ཧན་གྱི་གྲོང་ཁྱེར་ནང་ནད་གཞི་དེའི་རྐྱེན་པས་ད་བར་མི་གྲངས་ ༡༠༦ ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་འཁོད་པ་དང་། ད་ལྟའི་ཆར་རྒྱ་གཞུང་གིས་ནད་ཡམས་དེ་འབྲེལ་ཞིབ་དཔྱད་བྱེད་པར་དམ་དྲག་ཤུགས་ཆེ་བྱས་དང་བྱེད་བཞིན་པར་བརྟེན་བརྒྱུད་ལམ་ཁག་ཏུ་སྤེལ་བའི་ནད་གཞི་དེ་ཕོག་ནས་འདས་གྲོངས་སུ་གྱུར་བ་དང་ནད་ཕོག་གི་གྲངས་འབོར་ལས་མང་བ་ཡོད་པར་ཚོད་དཔག་གནང་གི་འདུག

སེམས་ཀྱི་ཞི་བདེ་བསྐྲུན་པར་ནང་ཆོས་ལས་ལྷག་པ་མེད་པར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་ནང་ཆོས་ལས་ལྷག་པ་མེད་པར་བཀའ་བསྩལ་འདུག དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བལ་ཡུལ་ནས་ཆེད་བཅར་ཞུས་པའི་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་དགེ་ལས་སློབ་མ་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་སྦྲགས། དེང་གི་འཛམ་གླིང་ཐོག་ཡོད་པའི་ཤེས་ཡོན་དེ་དག་ནུབ་ཕྱོགས་ནས་དར་བ་ཞིག་ཡིན་པ་དང་། ང་ཚོས་ནུབ་ཕྱོགས་ཀྱི་ཤེས་ཡོན་དེ་དག་ཁོ་ནའི་ཐོག་མི་ཚེ་བསྐྱལ་ཚེ་ང་རྒྱལ་དང་ཕྲག་དོག འགྲན་སེམས། རང་གཅེས་འཛིན་སོགས་ཀྱི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་མི་ཚེ་སྐྱིད་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པར་བཀའ་བསྩལ་བ་དང་ཆབས་ཅིག དཀའ་ངལ་དེ་དག་སེལ་ཐབས་སུ་ནང་པའི་གཞུང་ནས་གསུང་པའི་ལྟ་གྲུབ་དང་ཚན་རིག་གི་རྣམ་གཞག་ཐོག་སློབ་གཉེར་གནང་དགོས་པའི་ལམ་སྟོན་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་མང་རིང་སྐུ་ལས་བསྐྱོན་ཏེ་ཕྱོགས་བསྒྲིགས་ཞུས་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དཔེ་ཞིག་དགེ་སློབ་ཚོར་གསོལ་བསྩལ་དང་སྦྲགས། ནང་པ་སངས་རྒྱས་པའི་གཞུང་འདི་ཆོས་ཕྱོགས་དང་ཚན་རིག དེ་བཞིན་ལྟ་གྲུབ་བཅས་སྡེ་ཚན་གསུམ་རུ་དབྱེ་ཡོད་པ་ལྟར་ཕྱག་དཔེ་ནང་གཙོ་བོ་བོད་ཀྱི་ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་ཡོད་པ་དེ་ནི་ཆོས་དད་ཡོད་མེད་ཚང་མར་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དུས་ཚོད་སྟོང་པ་ནམ་ཡིན་ལ་སློབ་མ་ཚོར་སློབ་ཁྲིད་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་དེང་གི་འཛམ་གླིང་ཐོག་ནང་པའི་ལུང་པ་མང་པོ་ཡོད་ཀྱང་ཚན་རིག་དང་མཐུན་པའི་ཐོག་གཞུང་ཆེན་ཁག་འགྲེལ་བརྗོད་གནང་ཐུབ་མཁན་བོད་པ་ཁོ་ན་ཡིན་པ་འདི་ནི་བོད་མི་རིགས་ཀྱི་སྤོབས་པ་དང་སེམས་ཤུགས་འཕར་གཞི་ཞིག་ཀྱང་ཡིན་པས་ངེས་དུ་རིག་གནས་དེ་དག་ཐོག་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། གཞི་རྩའི་༸གོང་ས་མཆོག་ཉེ་ཆར་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གསུམ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།

གཞོན་སྐྱེས་ཚོས་གོ་ལ་འདིའི་མི་སེར་གཅིག་གྱུར་གྱི་བསམ་བློ་ཡོད་ཐོག་མཉམ་ལས་གནང་གལ་ཡིན་པ་བཀའ་བསྩལ་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Empowering the Vision Project འམ་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་གོ་སྒྲིག་འོག་ཁ་སང་ཕྱི་ཚེས་ ༢༡ ནས་ཚེས་ ༢༥ བར་རྒྱ་གར་བྱང་ཤར་སྒང་ཏོག་གྱི་ཁུལ་དུ་ Global vision for  young Tibetans Conference འམ་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་ལྔ་པ་དེ་འཚོགས་འདུག་པ་དང་། ལྷན་ཚོགས་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཞིག་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་དུ་ན་གཞོན་ནུས་སྤེལ་ལས་གཞིའི་ངོས་ནས་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཞེས་པའི་བརྗོད་གཞིའི་འོག་རྒྱ་གར་དང་བལ་ཡུལ་ནས་བོད་རིགས་གཞོན་སྐྱེས་དྲུག་ཅུ་ལྷན་འཛོམས་བྱུང་བར་འཚམས་འདྲི་མཛད་པ་དང་སྦྲགས། འཛམ་གླིང་འདིའི་ནང་དུ་དུས་རབས་ ༢༠ པའི་ནང་འཚེ་བའི་ལས་ཁོ་ན་བྱུང་ཡོད་སྟབས་དུས་རབས་ཉེར་གཅིག་པ་འདི་མི་གསོད་ཁྲག་སྦྱོར་དང་སྡུག་བསྔལ་ཅན་གྱི་དུས་རབས་ཤིག་མི་ཡོང་བར་བོད་རིགས་གཞོན་སྐྱེས་གཙོ་གྱུར་དེང་རབས་ཀྱི་གཞོན་སྐྱེས་རྣམས་འགན་འཁྲི་ཡོད་པ་བཀའ་གནང་བ་དང་འབྲེལ། གཞོན་སྐྱེས་རྣམས་ནས་གོ་ལ་འདིའི་མི་སེར་གཅིག་གྱུར་གྱི་བསམ་བློ་ཡོད་ཐོག་མཉམ་རུབ་ཀྱིས་འགན་བླངས་དགོས་པ་མ་ཟད། འདི་ལྟ་བུའི་བློ་རྒྱ་ཡངས་པའི་བསམ་བློ་དེ་བོད་ཀྱི་བདེ་དོན་དང་འབྲེལ་ནས་རེ་བ་བཟང་ཕྱོགས་ཀྱི་ཐོག་ནས་བོད་ཀྱི་བདེ་དོན་སེལ་རྒྱུར་ཧ་ཅང་གནད་འགག་ཆགས་ཀྱི་ཡོད་པ་བཀའ་བསྩལ་འདུག ད་དུང་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྤྱིའི་ཁྲོད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོ་གྱུར་རང་དབང་དང་དྲང་བདེན། དེ་བཞིན་ཞི་བདེར་ངོས་བཞེས། ཕོ་མོ་དབྱེར་མེད་ཐོག་ནས་བེུད་རྣམས་ལ་གུས་བརྩི་དགོས་པའི་བསམ་ཚུལ་གཅིག་མཚུངས་འབྱུང་བཞིན་པའི་ཁྲོད་ང་ཚོར་རེ་བ་ཡོད་པ་ཞིག་ཡིན་ཀྱང་གདོང་ལེན་གནང་དགོས་པ་མང་དག་ཅིག་ཡོད་པ་བཀའ་བསྩལ་བ་དང་སྦྲགས། དེང་གི་འཛམ་བུ་གླིང་འདིའི་ནང་གི་དཀའ་ངལ་མང་དག་ཅིག་ང་ཚོ་མིས་བཟོས་པ་ཆགས་ཀྱི་ཡོད་པ་མ་ཟད། དཀའ་ངལ་དེ་དག་ནི་ཕུགས་རྒྱང་རིང་པོར་བསམ་བློ་འཁོར་མ་ཐུབ་པ་དང་། གཞན་གྱི་བསམ་ཚུལ་ལ་མི་ཉན་པའི་དབང་གིས་བྱུང་བ་ཞིག་ཡིན་སྟབས་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་ཆས་པའི་བྱམས་པ་དང་། འཚེ་བ་མེད་པ། དེ་བཞིན་སྙིང་རྗེ་སོགས་ནི་ད་ལྟའི་དུས་འདི་ཉེ་བར་མཁོ་བ་ཅིག་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚོགས་བདེ་སྐྱིད་དང་ལྡན་པ་ཞིག་གི་ནང་དུ་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར སེམས་བཟང་པོ་དང་སྙིང་རྗེ་ནི་ལྡེ་མིག་ལྟ་བུ་ཡིན་པར་བཀའ་བསྩལ་བ་དང་སྦྲགས། རང་ཉིད་དཀའ་ངལ་ནང་ལྷུང་ཚེ་ཕྱོགས་གང་ས་ནས་རྒྱུ་རྐྱེན་ལ་དཔྱད་ཞིབ་བྱས་ནས་སྐྱོབ་ཐབས་ལ་འབད་དགོས་པ་དང་། ཅི་སྟེ་དེ་ལྟར་བྱེད་ཐུབ་ཚེ་སྤྱིར་གོ་ལ་ཁྱོན་ཡོངས་ཀྱི་བདེ་སྡུག་དང་བྱེ་བྲག་ཏུ་བོད་མི་རིགས་ཀྱི་བདེ་དོན་སླད་དུ་ཞབས་འདེབས་ཞུ་ཐུབ་ངེས་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག རྩ་བའི་ Empowering the Vision Project འམ་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པ་དེ་ནི་བོད་མི་གཞོན་སྐྱེས་རྣམས་ཀྱི་ནུས་པ་གོང་སྤེལ་གནང་རྒྱུར་དམིགས་ནས་ཕྱི་ལོ་ ༢༠༠༧ ལོར་གསར་འཛུགས་གནང་བ་ཞིག་དང་། བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༠ ལོར་བཞུགས་སྒར་དུ་ཚོགས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྩལ་ཡོད་རེད། སྐབས་དེར་༸གོང་ས་མཆོག་གིས་བོད་པ་ཞིག་ཡིན་པའི་ཆ་ནས་བློ་སྤོབས་མི་ཞུམ་ བྱེད་དགོས་པ་དང་། རང་ཉིད་བཙན་བྱོལ་བ་ཅིག་དང་ལྷག་པར་དུ་རང་དབང་གི་ལུང་པར་ཡོད་སྟབས། རང་མགོ་གང་ཐོན་མི་བྱེད་པར་མི་རིགས་གྱི་འགན་དེ་མ་བརྗེད་པ་བྱེད་དགོས་པ་མ་ཟད་གོ་ལ་ཁྱོན་ཡོངས་ལ་ཕན་ཐོགས་སྒྲུབ་དགོས་གལ་ཡིན་པ་བཀའ་བསྩལ་ཡོད་པ་རེད།  

༸གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་གསུམ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་གྷོ་བ་དང་། ལྷོ་ཕྱོགས་མོན་གྷོ་འདོད་རྒྱུ་གླིང་བོད་མིའི་གཞིས་སྒར་དུ་རྟེན་རྟེན་གཞི་བྱས་པའི་གནད་ས་ཁག དེ་བཞིན་གནས་མཆོག་རྡོ་རྗེ་གདན་བཅས་ནང་གི་ཟླ་བ་གཅིག་ལྷག་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སོང་། དེ་ཡང་མགོན་པོ་གང་ཉིད་མཆོག་མངའ་སྡེ་ཆེ་ཁག་གསུམ་ནང་གི་མཛད་འཕྲིགས་ཁག་ཡོངས་སུ་གྲུབ་སྟེ་དེ་རིང་སྔ་ཐོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སོགས་ནས་ཕེབས་བསུ་དང་སྦྲགས། ཆིབས་འགྲོ་བརྒྱུད་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་ས་གནས་དད་ལྡན་མང་ཚོགས་ཡོངས་ནས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་བཟང་བདུག་སྤོས་སོགས་བསྣམས་ཏེ་དགའ་བསུའི་ཕེབས་སུ་གཟབ་རྒྱས་ཞུས་ཡོད། གཞི་རྩའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མ་སྟེ། ཕྱི་ཟླ་ ༡༢ ཀྱི་ཕྱི་ཚེས་ ༩ ཉིན་རྒྱ་ག ར་གྱི་མངའ་སྡེ་གྷོ་བ་དང་ཀར་ན་ཊ་ཀ། དེ་བཞིན་བྷི་ཧར་གསུམ་ནང་གི་བཀའ་སློབ་ལམ་སྟོན་དང་ཆོས་འབྲེལ་སོགས་ཀྱི་མཛད་འཆར་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་ཡོད་པ་དང་། འདས་པའི་ཟླ་བ་གཅིག་དང་བདུན་ཕྲག་གཅིག་ལྷག་གི་མཛད་འཕྲིན་ཁྲོད་ཕྱི་ཟླ་༡༢ ཕྱི་ཚེས་ ༡༡ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྷོ་བ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་ལས་སློབ་མ་རྣམས་ལ་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད། གྷོ་བ་ནང་གི་མཛད་འཕྲིན་ཁག་གྲུབ་མཚམས་ཏེ་ཕྱི་ཚེས་ ༡༢ ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་ཞབས་སོར་བདེ་བར་འཁོད་མཚམས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་ཁྲི་ཟུར་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་འདུས་མང་དང་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་གིས་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་ཆེན་མོར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེའི་ཕེབས་སྟོན་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་མང་ཚོགས་ཡོངས་ལ་འཚམས་འདྲི་དང་སྦྲགས། དེ་སྔ་བོད་ནང་ལ་དཔལ་ལྡན་འབྲས་དཀར་སྤུངས་པ་ཞེས་པ་དེ་བོད་གངས་ཅན་ལྗོངས་སུ་དཔལ་ནཱ་ལེནྡཱ་ཞེས་གསུང་སྲོལ་ཡོད་པ་ལྟར་དོན་ལ་གནས་པའི་སློབ་གཉེར་ཁང་ཞིག་ཡིན་པ་སོགས་བཀའ་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་གདན་ས་འབྲས་སྤུངས་དང་གདའ་ལྡན་སོ་སོའི་དགོན་ཁག་ཏུ་དད་ལྡན་ཆིག་ཁྲི་བརྒལ་བར་ནང་ཆོས་ངོ་སྤྲོད་དང་ཚེ་དབང་བཅས་བཀའ་དྲིན་བསྩལ་བ་མ་ཟད། དགོན་སྡེ་ཁག་གི་རྟགས་གསལ་ལ་གཟིགས་ཞིབ་སོགས་མཛད་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རི་བོ་དགེ་ལྡན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་༸སྐུ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བ་དང་བསྟུན་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་དེ་༸རྗེ་རིན་པོ་ཆེ་མཆོག་ནི་སྔོན་གྱི་མཁས་པ་ཚོའི་ཡིད་འཕྲོག་ཐུབ་མཁན་གྱི་མཁས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་སོགས་བཀའ་བསྩལ་ཡོད། ལྷག་པར་དུ་ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པའི་དགོངས་རྫོགས་མཆོད་འབུལ་ཐོག་དབུ་བཞུགས་མཛད་དེ་རྗེ་དགེ་འདུན་གྲུབ་ཀྱི་མཛད་པའི་ཤར་གངས་རི་མའི་བཀའ་ཆོས་བཀའ་དྲིན་བསྩལ་ཡོད་པ་དང་། སྐབས་དེའི་མཆོད་འབུལ་མཛད་སྒོའི་ཐོག་འཇམ་མགོན་རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དགེ་ལྡན་པ་ཡོངས་ཀྱི་ཚབ་མཛད་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དུ་འཇམ་མགོན་བླ་མའི་བསྟན་པར་མཛད་རྗེས་དང་བཀའ་དྲིན་འགྲན་ཟླ་མེད་པར་བསྐྱངས་པར་ཆེ་བསྟོད་དང་སྦྲགས། རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་ཞེས་པ་ཞིག་འབུལ་ལམ་ཞུས་ཡོད། ༸གོང་ས་མཆོག་མོན་གྷོ་འདོད་རྒྱུ་གླིང་ཁུལ་གྱི་ཉིན་གྲངས་ ༡༤ ལྷག་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་གནས་མཆོག་རྡོ་རྗེ་གདན་ཕྱོགས་སུ་ཆིབས་བསྒྱུར་མཛད་དེ་ཁུལ་དེར་རྟེན་གཞི་བྱས་པའི་དུས་འཁོར་ཐང་ཆེན་དུ་དད་ལྡན་སྟོང་ཚོ་བརྒལ་བར་ལག་ལེན་སོ་བདུན་མ་དང་། ཉེ་བརྒྱུད་འཇམ་དབྱངས་ཆོས་འཁོར་གྱི་བཀའ་ཆོས་དང་། སྤྱན་རས་གཟིགས་དང་སྒྲོལ་དཀར་། དེ་བཞིན་༸རྗེ་བཙུན་མ་ནག་མའི་བཀའ་དབང་བཅས་བསྩལ་ཡོད་པ་མ་ཟད། ཁུལ་དེར་སྐུ་ལྷོད་བཞུགས་མཛད་པའི་རིང་ལ་ཕྱི་ནང་གི་དད་ལྡན་མང་ཚོགས་ལ་མཇལ་ཁ་དང་བཀའ་སློབ། ལྷག་པར་དུ་དྲ་ཐོག་བརྒྱུད་ཨ་མི་རི་ཀའི་གྲོང་ཁྱེར་ New York ནང་འདུ་འཛོམས་བྱུང་བའི་རྒྱ་རིགས་དང་བོད་པའི་མཐོ་རིམ་སློབ་གྲའི་སློབ་ཕྲུག་སུམ་བརྒྱ་ཙམ་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་དང་འཇིག་རྟེན་སྤྱི་སྨན་གྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་། གྷ་ཡ་རྫོང་ཁོངས་སུ་ཆགས་པའི་ Indian Institute of Management ཞེས་རྒྱ་གར་གྱི་ཚོང་ལས་འཛིན་སྐྱོང་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་གལ་གནད་དང་། བྷི་ཧར་གྱི་རྒྱལ་ས་པཊ་ནར་རྟེན་གཞི་བྱས་པའི་བྷི་ཧར་གྱི་ཁྲིམས་ལུགས་རིག་པའི་ལྟེ་གནས་ཁང་དུ་ཆེ་མཐོ་ཁྲིམས་ཞིབ་པ་དང་ཁྲིམས་དཔོན་སོགས་ལ་བྱམས་པ་དང་རྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད། ལྷག་པར་དུ་ཐེངས་འདིའི་མཛད་འཕྲིན་ཁྲོད། མགོན་པོ་གང་ཉིད་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་རྣམ་གཉིས་མཇལ་མོལ་ཐེངས་གཉིས་མཛད་པ་མ་ཟད། རིང་མིན་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འཁྲིས་སུ་ཏཱ་ལའི་བླ་མའི་ནཱ་ལེནྡཱའི་རིག་གནས་སློབ་གཉེར་ཁང་ཞིག་ཆེད་འཛུགས་གནང་གཏན་འཁེལ་ཡོད་པ་ཡོངས་གྲགས་མཛད་ཡོད། མངའ་སྡེ་ཆེ་ཁག་གསུམ་ནང་གི་མཛད་འཕྲིན་ཁག་ཡོངས་སུ་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་ཁེ་ཉིན་ཕྱི་ཚེས་ ༡༨ ཉིན་མཁའ་ལམ་བརྒྱུད་པཊ་ན་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ་ཉིན་གྲངས་གཅིག་རིང་ཁུལ་དེར་སྐུ་བཞུགས་མཛད་པའི་རིང་སྐུའི་འཕྲོད་བཞེས་བརྟག་དཔྱད་གང་ལེགས་གནང་ཐོག་དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད།

༸གོང་ས་མཆོག་གིས་བྷི་ཧཱར་གྱི་ཁྲིམས་ལུགས་རིག་པའི་ལྟེ་གནས་ཁང་དུ་བྱམས་པ་དང་སྙིང་རྗེའི་ཐོག་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་བྷི་ཧཱར་གྱི་རྒྱ་ས་པཊ་ནར་རྟེན་གཞི་བྱས་པའི་བྷི་ཧཱར་གྱི་ཁྲིམས་ལུགས་རིག་པའི་ལྟེ་གནས་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ལྟེ་ཁང་དུ་༸ཞབས་སོར་བདེ་བར་འཁོད་མཚམས་སུ་ལྟེ་གནས་ཁང་དུ་བྱང་ཆུབ་ལྗོན་ཤིང་ཞིག་འདེབས་འཛུགས་ཀྱིས་ཐུགས་སྨོན་མཛད་གྲུབ་རྗེས་ཚོགས་ཁང་དུ་འདུ་འཛོམས་གནང་བའི་མང་ཚོགས་ཡོངས་ལ་བྱམས་པ་དང་སྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་དང་། སྐབས་དེར་མགོན་པོ་མཆོག་གིས་ང་ཚོ་ཕྲུ་གུ་ཆུང་ཆུང་སྐབས་སུ་ཆོས་ལུགས་དང་མི་རིགས་སོགས་ཀྱི་དབྱེ་བ་མེད་པར་འཛུམ་དམུལ་དམུལ་ཐོག་ནས་འཚར་ལོངས་འབྱུང་བཞིན་ཡོད་ཀྱང་། རིམ་པས་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་སྐབས་མི་རིགས་དང་རིགས་རུས། ཤ་མདོག ཆོས་ལུགས་བཅས་པ་དབྱེ་འབྱེད་བྱེད་ཤེས་ཀྱི་ཡོད་པར་བཀའ་བསྩལ་དང་སྦྲགས། འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས། མིས་བཟོས་པའི་དཀའ་ངལ་དེ་དག་སེལ་ཐབས་གནང་དགོས་པའི་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ལོ་ངོ་སྟོང་ཕྲག་ལྷག་ཕྱིན་ཟིན་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་སྤྱི་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་ནི་དེང་གི་འཛམ་གླིང་ལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་པ་སོགས་བཀའ་བསྩལ་ཡོད་པ་མ་ཟད། སྐབས་དེར་ལྷན་ཞུགས་གནང་བའི་ཁྲིམས་རྩོད་པའི་ཆེད་ལས་པ་རྣམས་ནས་དངུལ་གཅིག་པོའི་ཆེད་དུ་བསམ་བློ་བཏང་ནས་ཕྱིན་ཚེ་དཀའ་ངལ་སེལ་དཀའ་བར་བརྟེན་ཆེད་ལས་པ་ཚོས་སྤྱི་ཚོགས་དང་རྒྱལ་ཁབ་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་འབད་བརྩོན་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་ཡོད། གཞན་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ས་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་གར་གྱི་མགྲིན་ཚབ་པའི་ངོ་བོའི་ཐོག་ནས་རྒྱ་གར་གྱི་གནས་བོའི་རིག་གནས་ཀྱི་གལ་གནད་དང་། བྱམས་པ། སྙིང་རྗེ། དེ་བཞིན་འཚེ་བ་མེད་པའི་ལྟ་གྲུབ་སོགས་ཀྱི་སྐོར་ལ་བཀའ་སློབ་སྩོལ་བཞིན་ཡོད་པ་སོགས་ངོ་སྤྲོད་མཛད་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་གི་བཀའ་སློབ་མཛད་རིམ་ཐོག་མངའ་སྡེའི་ཁྲིམས་ཁང་གོང་མའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་སྐུ་ཞབས་ Sanjay Karol ལགས་ཀྱིས་གཙོས་པའི་མངའ་སྡེའི་ཁྲིམས་ཁང་གི་ཆེས་མཐོའི་ཁྲིམས་དཔོན་དང་ལྟེ་གནས་ཁང་གི་ཁྲིམས་རྩོད་པ་དང་ལས་བྱེད་སོགས་ཆེད་ཕེབས་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐབས་དེའི་མཛད་རིམ་ཁག་གྲུབ་མཚམས་སུ་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཉིན་གྲངས་ཁ་ཤས་རིང་ལྡི་ལིར་༸སྐུ་བཞུགས་དང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སོགས་མཛད་དེ་ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་མཛད་ཀྱི་འདུག སྐུ་པར་ཁག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་འཆར་གཞིར་བཟུང་ད་བར་བོད་དོན་སྙན་ཐོ་འགོད་འབུལ་ཞུས་མེད་པར་བློ་འཚབ།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱི་གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གནང་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་ཏེ་གཏན་འབེབས་གནང་བ་ Reciprocal Access to Tibet Act ཞེས་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཐོབ་ཐང་དགོས་པའི་ཁྲིམས་གཞི་དེའི་ཁྲོད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་བོད་ནང་འགྲུལ་བསྐྱོད་གནང་བར་བཀག་སྡོམ་བྱེད་མཁན་རྒྱ་ནག་དཔོན་རིགས་ཚོའི་མིང་ཐོ་དང་བཅས་པའི་བོད་དོན་སྙན་ཐོ་ཞིག་ལོ་གཅིག་གི་མཚམས་སུ་གྲོས་ཚོགས་སུ་འགོད་འབུལ་ཞུ་དགོས་པ་ལྟར། ཟླ་བ་སྔོན་མར་ཕྱི་སྲིད་ལས་ཁུངས་ནས་སྙན་ཐོ་དེ་གྲོས་ཚོགས་སུ་འགོད་འབུལ་ཞུ་དུས་རན་ཡོད་ཀྱང་ད་བར་དེ་ལྟར་ཕུལ་མེད་སྐོར་ཐེར་འདོན་གནང་འདུག དེ་རིང་ཕྱི་ཚེས་ ༡༨ ཉིན་ལྷོ་རྒྱ་ནག་སྔ་དྲོའི་ཆ་འཕྲིན་གྱིས་ཨ་རིའི་གྲོས་ཚོགས་ཀྱི་གནས་ཚུལ་ཡོང་ཁུངས་གསུམ་ཙམ་ལུང་འདྲེན་དང་འབྲེལ་གནས་ཚུལ་སྤེལ་བར་སྲིད་འཛིན་ Trump གྱི་གཞུང་འཛིན་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་ལ་གནོན་ཤུགས་སྤྲད་རྒྱུའི་ཐོག་སླེབས་སྐབས་ཧ་ཅང་ལྷོད་ཡངས་ཀྱི་རྣམ་པ་སྟོན་བཞིན་ཡོད་པའི་ཁྲོད། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་དེར་བློ་འཚབ་དང་འབྲེལ་ཨ་རིའི་གཞུང་ལ་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་འཆར་དང་འབྲེལ་སྙན་ཐོ་དེ་འདོན་སྤེལ་གནང་རྒྱུར་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད་འདུག གསར་ཤོག་དེས་ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ པ་ནང་འདོན་སྤེལ་གནང་བའི་སྙན་ཐོར་ལོ་དེར་ཨ་རིའི་གཞུང་འབྲེལ་མི་སྣ་ ༩ ཡི་བོད་ནང་བསྐྱོད་རྒྱུའི་ཆོག་མཆན་ཞུས་ཡོད་ཀྱང་། རྒྱ་གཞུང་གིས་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་ Terry Branstad  ལགས་ཀྱིས་གཙོས་པའི་གཞུང་འབྲེལ་མི་སྣ་ ༥ ལ་མཐོང་མཆན་སྤྲད་མེད་པའི་གནས་ཚུལ་ཐོན་ཡོད་པ་ལུང་འདྲེན་གནང་བ་མ་ཟད། སྤྱིར་དེ་སྔ་ཨ་རིའི་གཞུང་འཛིན་རིམ་པས་གྲོས་ཚོགས་སུ་འགོད་འབུལ་ཞུ་དགོས་པའི་སྙན་ཐོ་ཁག་དུས་འགྱངས་བྱས་པའི་གནད་དོན་བྱུང་མྱོང་ཡོད་ཀྱང་། འདས་ལོའི་ནང་ད་ལྟའི་གཞུང་འཛིན་གྱི་སྲིད་འཛིན་གཞོན་པ་ Mike Pence ལགས་གཙོས་ཨ་རིའི་སྲིད་གཞུང་གི་གནད་ཡོད་མི་སྣ་རྣམས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་རིགས་གནང་རྒྱུ་ཕྱིར་འཐེན་དང་དུས་འགྱངས་བྱས་པ། རྒྱ་གཞུང་གིས་ Xinjiang ཡུ་གུར་མང་ཚོགས་ཐོག་ཉེས་ཆད་གཏང་རྒྱུའི་གསལ་བསྒྲགས་ཕྱིར་འགྱར་བྱས་པ། དེ་བཞིན་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་གསལ་སྐུ་ཚབ་ཀྱི་ས་དམིགས་ད་ལྟའང་སྟོང་པ་བཞག་པ། ལྷག་པར་དུ་ད་ལྟའི་གཞུང་འཛིན་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་བདེ་སྲུང་དང་ཕྱི་འབྲེལ་སྲིད་བྱུས་ཐད་ཕྱི་གསལ་ནང་གསལ་དེ་ཙམ་གནང་གི་མེད་པས་གནད་དོན་དེ་དག་ཐོག་གྲོས་ཚོགས་ཀྱི་སྐུ་དབང་ལ་བརྩི་བཀུར་ཞུ་གནང་གི་མེད་པ་བཅས་ལ་བརྟེན་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་བོད་དོན་ཁྲིམས་འཆར་དང་འབྲེལ་བའི་སྙན་ཐོ་དུས་ཐོག་ཏུ་འགོད་འབུལ་ཞུ་རྒྱུར་ཐུགས་སྣང་དང་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད་འདུག རྒྱལ་ས་ Washington DC ནང་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Meccaci ལགས་ཀྱིས་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་འཆར་དེ་ལག་བསྟར་གནང་མིན་དང་འབྲེལ་ཏེ་ཨ་རིའི་གཞུང་འཛིན་གྱི་ངོས་ནས་ཚོང་འབྲེལ་ཁེ་ཕན་ལས་ལྷག་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྒོས་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་འཆར་དེར་དོན་དམ་གྱི་ཐུགས་འཁུར་བཞེས་ཀྱི་ཡོད་མེད་ཚོད་ལྟ་ལྟ་བུ་ཞིག་ཆགས་ཡོད་པ་གསུངས་འདུག རྩ་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་ཐོག་གོ་སྒྲིག་ཞུས་པའི་མཛད་སྒོར་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་འཆར་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་རན་ཡོད་སྐོར་གསུངས་ཡོད་པ་རེད། ལྷོ་རྒྱ་ནག་སྔ་དྲོའི་ཆ་འཕྲིན་གྱིས་དེང་སྐབས་ཨ་རི་དང་རྒྱ་ནག་གཉིས་དབར་ཚོང་གི་འབྲེལ་ལམ་ཡག་པོ་མེད་པའི་གནས་སྟངས་ཁྲོད་ཉེ་ཆར་ Trump སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བསྐྱར་གསོ་བྱེད་རྒྱུའི་གན་རྒྱ་རིམ་པ་དང་པོ་དེ་བཞག་ཡོད་པ་ལྟར། ཨ་རི་གཞུང་གིས་སྙན་ཐོ་གྲོས་ཚོགས་སུ་འགོད་འབུལ་ཞུ་དབང་དུ་བཏང་ཡང་། སྙན་ཐོ་བཞེས་མཁན་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་སོགས་ཀྱི་སྙན་ཐོ་དེའི་ཁོངས་ནས་གང་ཙམ་ཞིག་ཡོངས་གྲགས་གནང་མིན་དེའང་ད་ལྟའི་ཆར་ཚོད་དཔག་གནང་དཀའ་བའི་གནས་ཡིན་པ་གསུངས་འདུག རྩ་བའི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གཙོས་ཚོགས་ཆུང་བཞིའིསྙན་ཐོ་དེ་ངོས་བཞེས་གནང་རྗེས་སྙན་ཐོ་དེ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཚོགས་ཚུང་ལ་ཕུལ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་བྷི་ཧཱར་གྱི་རྒྱལ་ས་པ་ཊ་ནར་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་བྷི་ཧཱར་གྱི་རྒྱལ་ས་པ་ཊ་ནར་ཆིབས་༸ཞལ་མ་བསྒྱུར་བའི་སྔོན་དུ་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་མཛད་དེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་རིན་པོ་ཆེར་ཐུགས་སྨོན་མཛད་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ནང་གི་གསར་འགོད་པའི་བཀའ་འདྲི་དང་ལེན་གྱིས་བདེ་སྐྱིད་ཀྱི་རྩ་བ་ནི་སེམས་པ་བཟང་པོ་བྱེད་རྒྱུ་ཡིན་པ་དང་ད་ཆ་ཚན་རིག་མཁས་པ་ཚོས་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་པ་ཡིན་པ་སྒྲུབ་བཞིན་ཡོད་སྟབས། ཆོས་དད་དང་ཡིད་ཆེས་ཡོད་མེད་ལ་བལྟོས་མེད་ཚང་མས་སེམས་པ་བཟང་པོ་བྱེད་རྒྱུར་དོ་སྣང་གནང་གལ་ཡིན་པར་ལམ་སྟོན་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ནཱ་ལེནྡཱ་ནས་བརྒྱུད་པའི་རིག་གནས་དེ་དག་དད་པ་རྐྱང་པའི་ཐོག་ནས་བྱེད་རྒྱུ་མིན་པར་རིགས་པའི་ལམ་ནས་དཔྱད་རྒྱུ་ཡོད་པ་དང་། དེང་གི་གོ་ལའི་ཐོག་ཚན་རིག་དང་དཔུང་པ་མཉམ་གཤིབས་འགྲོ་ཐུབ་མཁན་གྱི་ཆོས་གཅིག་པོ་དེ་ཆགས་ཡོད་པ་བཀའ་བསྩལ་འདུག བྱང་ཆུབ་མཆོད་རྟེན་དྲུང་དུ་གནས་གཟིགས་གྲུབ་མཚམས་སུ་༸གོང་ས་མཆོག་མཁའ་ལམ་བརྒྱུད་བྷི་ཧཱར་གྱི་རྒྱལ་ས་པ་ཊ་ནར་ཆིབས་བསྒྱུར་མཛད་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་ཆུ་ཚོད་ ༡༡ ཡོལ་ཙམ་ལ་རྒྱལ་ས་པ་ཊའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་གཙོས་པའི་ས་གནས་ཀྱི་དད་ལྡན་མང་ཚོགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག ཉིན་དགུང་གི་ལྗགས་སྨིན་དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་དང་ལྷན་བཞེས་གནང་སྟེ་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་གནང་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་གི་ཕྱག་ལས་རྣམས་ལམ་ལྷོངས་ཡོང་རྒྱུར་ཐུགས་སྨོན་སླད་ཆོས་ཀྱི་འཁོར་ལོའི་༸སྐུ་བརྙན་ཞིག་ཕྱག་རྟགས་སུ་གསོལ་བསྩལ་དང་། སྤྱི་ཁྱབ་བློན་ཆེན་མཆོག་ནས་མགོན་པོ་༸གང་ཉིད་མཆོག་ལ་བདག་ཅག་གི་སྟོན་པའི་༸སྐུ་བརྙན་ཞིག་ཕུལ་འདུག མཛད་འཆར་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་པ་ཊ་ནར་༸སྐུ་ཞུགས་མཛད་དེ་སང་ཉིན་སྔ་ཐོག་ཁུལ་དེར་རྟེན་གཞི་བྱས་པའི་ཁྲིམས་ལུགས་རིག་པའི་སློབ་གཉེར་ཁང་དུ་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་དང་དེ་རྗེས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་པ་ནས་བཟུང་སྟེ་ཁུལ་དེའི་དུས་འཁོར་ཐང་ཆེན་དུ་དད་ལྡན་སྟོང་ཚོ་བརྒལ་བར་ཉིན་གྲངས་དྲུག་གི་རིང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་སྤྱན་རས་གཟིགས་དང་སྒྲོལ་དཀར་གྱི་བཀའ་དབང་། དེ་བཞིན་འདི་ལོའི་མགོ་སྟོད་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་བཅས་བཀའ་དྲིན་བསྐྱངས་ཡོད་པ་རེད།བཀའ་ཆོས་ཀྱི་མཛད་འཕྲིན་ཡོངས་རྫོགས་ལེགས་པར་བསྐྱངས་གྲུབ་པའི་རྗེས་སུའང་ཁུལ་དེར་༸སྐུ་བཞུགས་མཛད་རིང་ལ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་གཙོས་པའི་འཛམ་གླིང་ཤར་ནུབ་བཅས་ཕྱོགས་མཐའ་གང་སར་ནས་བཅར་བའི་དད་ལྡན་མང་ཚོགས་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་བཀའ་སློབ་བསྩལ་བ། དེ་བཞིན་ཁ་ཉིན་ཕྱི་ཚེས་ ༡༤ ཉིན་གྷ་ཡ་རྫོང་ཁོངས་སུ་ཆགས་པའི་ Indian Institute of Management ཞེས་རྒྱ་གར་གྱི་ཚོང་ལས་འཛིན་སྐྱོང་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་གར་གྱི་གནའ་བོའི་རིག་གནས་སྐོར་ལ་བཀའ་སློབ་ལམ་སྟོན་བསྩལ་ཡོད་པ་རེད། ༸སྐུ་པར་ཁག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

Latest news