Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2017

རེས་གཟའ་སྤེན་པ། ༢༠༡༧།༠༩།༣༠

ཉན་པ།: Listen ཕབ་ལེན། Download གྲོས་ཚོགས་ཚོགས་དུས་བཞི་པ་སྤྱི་ཡོངས་སྐོར་ལ་བཅར་འདྲི། http://www.youtube.com/watch?v=jw4HWWJxakI&list=PLE7Wm-v0hYnkLNvOcFbBDpH39BaeXJUkG&index=1 Saturday 30/09/2017 Interview with TPiE Speaker on the recently concluded session

རེས་གཟའ་པ་སངས། ༢༠༡༧།༠༩།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བོན་གྱི་བསྟན་བདག་སྨན་རི་ཁྲི་འཛིན་མཆོག་དགོངས་པ་རྫོགས་པར་ཐུགས་སྨོན་མཛད་འདུག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤ་ཡའི་ཚོགས་འདུ་ཐེངས་ ༦ པ་དབུ་འཛུགས་གནང་འདུག ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིའི་ཞི་བའི་སྒེར་ལངས་ཀྱི་པར་རིས་ཁག་ཅིག་འདོན་སྤེལ་དང་སྦྲགས་ཏེ་ཉིན་མོ་དེ་རྗེས་དྲན་ཞུས་སོང་། བོད་ཀྱི་འདས་མ་ད་གསུམ་གྱི་དངོས་ཡོད་གནས་སྟངས་དང་རེ་བ་མཚོན་པའི་འགྲེམས་སྟོན་ཁང་ཞིག་གསར་རྒྱག་གནང་རྒྱུ། རྒྱ་རིགས་བེུད་སྤུན་གཉིས་ནས་བོད་ཀྱི་མཁའ་རླུང་ཚོང་འགྲེམས་བྱེད་བཞིན་འདུག བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ལེ་ཚན། ཏཱ་ལིའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་སྐོར། Friday 29/09/2017 Dalai Lama condoles demise of Menri Trizin Rinpoche Tibet activists meet in Taipei for Asia Regional Strategy Meeting Tibet rights group launches new report on 30th anniversary of Lhasa Uprising New Tibet Museum slated to open in 2018 Chinese sisters open online shop selling fresh air from Tibet DIASPORA FEATURE: Dr. B Tsering on Dalai Lama Institute of Higher Education

༸གོང་ས་མཆོག་གིས་བོན་གྱི་བསྟན་བདག་སྨན་རི་ཁྲི་འཛིན་མཆོག་དགོངས་པ་རྫོགས་པར་ཐུགས་སྨོན་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་གཡུང་དྲུང་བོན་གྱི་བསྟན་བདག་སྨན་རི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཐུགས་སྨོན་བཀའ་ཡིག་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་ཉེ་བའི་ཟླ་ཤས་གོང་རིན་པོ་ཆེ་དམ་པ་ཁོང་དང་ངོ་མཇལ་གྱིས་སྤྱི་སྒེར་གྱི་དོན་གནད་དུ་མ་ནང་མོལ་དུ་བྱུང་བ་རྣམས་ཡིད་ལ་འཁོར་བཞིན་སྐྱོ་སྣང་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག་ཏུ་རྗེས་འཇུག་རྣམས་ཀྱི་ངོས་ནས་ཞི་གཤེགས་དམ་པའི་ཐུགས་བཞེད་ལྷུན་གྱིས་འགྲུབ་ཐབས་དང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སྔར་བཞིན་གནང་དགོས་གལ་ཡིན་པ་བཀའ་བསྩལ་འདུག དེ་ཡང་གཡུང་དྲུང་བོན་གྱི་དྲ་རྒྱ་ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་སྩལ་བའི་ཐུགས་སྨོན་བཀའ་ཡིག་དེ་འདོན་སྤེལ་གནང་འདུག་པའི་ནང། མགོན་པོ་༸གང་ཉིད་མཆོག་གིས་ཉེ་ལམ་ངོས་རང་ཡོ་རོབ་ཏུ་བསྐྱོད་སྐབས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དགོངས་པ་ཞི་དབྱིངས་སུ་ཐིམ་པར་ཐོས་ཤིང་། སྤྱིར་སྔོན་བྱོན་གྱི་དམ་པ་ཡོངས་ལ་མཚོན་ནའང་གཟུགས་སྐུ་རགས་པའི་ཆོས་ཉིད་ལས་མི་འདའ་བ་དེ་ལྟར་ཡིན་མོད། བོད་བསྟན་སྲིད་ཀྱི་ངང་ཚུལ་ཆེས་ཆེར་ཉག་ཕྲ་བའི་སྐབས་འདིར་ངོས་དང་སྐྱིད་སྡུག་མཉམ་མྱོང་གིས་བཙན་བྱོལ་དུ་ཞལ་འཚོ་བཞུགས་རིང་བསྟན་སྲིད་སྤྱི་ལ་སྨན་པའི་མཛད་པ་སྤྱི་དང་ཉེ་བའི་ཟླ་ཤས་གོང་རྒྱལ་ས་ལྡི་ལིར་ངོ་མཇལ་གྱིས་སྤྱི་སྒེར་གྱི་དོན་གནད་དུ་མ་ནང་མོལ་དུ་བྱུང་བ་རྣམས་ཡིད་ལ་འཁོར་བཞིན་སྐྱོ་སྣང་བྱུང་རུང་། གཙོ་བོར་དམ་པ་རྣམས་གཤེགས་བཞུགས་ཇི་ལྟར་ཡང་བསྟན་འགྲོའི་དོན་ལས་གཞན་དུ་མ་མཆིས་སྟབས་དམ་པ་དེ་ཉིད་ཀྱི་བསྟན་འགྲོར་སྨན་པའི་དགོངས་བཞེས་རྣམས་ལྷུན་གྱིས་འགྲུབ་པའི་མཆོག་གསུམ་ལ་གསོལ་འདེབས་དང་སྨོན་ལམ་གནད་སྨིན་དུ་བྱས། རྗེས་འཇུག་རྣམས་ནས་ཀྱང་ཞི་གཤེགས་དམ་པའི་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་རང་རེའི་བོད་ཀྱི་གདོད་མའི་ཆོས་བརྒྱུད་གཡུང་དྲུང་བོན་གྱི་བསྟན་པ་བཤད་སྒྲུབ་ཟུང་གིས་འཛིན་པ་སྔར་བཞིན་མི་ལྷོད་པ་གལ་འགངས་ཆེ་བ་དེ་དོན་ཐུགས་འཇགས་འཚལ་ཞེས་བཀའ་བསྩལ་འདུག གཞི་རྩའི་གཡུང་དྲུང་བོན་གྱི་མངའ་བདག་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཟླ་ ༩ ཚེས་ ༡༤ ཕྱི་དྲོ་ཚོུད་ ༦་༢༥ སྟེང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ Sirmour རྗོང་དུ་རྟེན་གཞི་བྱས་པའི་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་༸སྐུ་གདུང་རིན་པོ་ཆེ་ཐུགས་དམ་དུ་བཞུགས་ཡོད་པ་དང། ཟླ་བ་ ༡༠ ཚེས་ ༢ ཉིན་༸སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་རྒྱུ་ཡིན་པ་རེད།  

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤ་ཡའི་ཚོགས་འདུ་ཐེངས་ ༦ པ་དབུ་འཛུགས་གནང་།

དེ་རིང་ཟླ་ ༩ ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་རྒྱལ་ས་ཐེ་པེ་ནང་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་Freddy Lim ལགས་དང་ལྕམ་སྐུ་ Yu Mei Nu ལགས་རྣམ་གཉིས་གཙོས་པའི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ Alison Reynolds ལགས། རྒྱ་གར་དང་ཨོ་སི་ཊོ་ལི་ཡ། ཐེ་ཝན། ཉི་ཧོང་། ནིའི་ཛར་ལན་ཌི། འབར་མ་བཅས་ནས་ཁྱོན་མི་གྲངས་༣༢ ལྷག་ལྷན་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་གནང་འདུག ཚོགས་འདུ་དེ་དེ་རིང་ཚེས་ ༢༩ ནས་ཟླ་ ༡༠ ཚེས་ ༡ བར་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་བཅར་རྣམས་ནས་གཙོ་བོ་ཨེ་ཤ་ཡའི་ནང་གི་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཆེ་རུ་གཏོང་ཐབས་དང་བོད་ཀྱི་འཐབ་རྩོད་ཀྱི་དགེ་སྐྱོན་ལ་ངོས་འཛིན་ཡོད་པའི་ཐོག་མ་འོངས་པར་ལས་འགུལ་སྤེལ་ཕྱོགས། དེ་བཞིན་བོད་ནང་གི་ཛ་དྲག་གནས་བབས་ལ་གཞིགས་པའི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་བཅས་ཀྱི་ཐོག་བགྲོ་གླེང་དང་གོ་བསྡུར་གནང་རྒྱུ་རེད་འདུག དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ Alison Reynolds ལགས་ནས་ཚོགས་པ་དེའི་ངོ་སྤྲོད་དང་འབྲེལ་ནས་ད་བར་འབྲེལ་མཐུད་ལས་ཁང་གིས་བོད་ཀྱི་གནད་དོ ན་དེ་རྒྱལ་སྤྱིའི་སྡིངས་ཆའི་བའི་ཐོག་སྐྱེལ་ཐབས་དང་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཤུགས་གཅིག་ཏུ་སྤུངས་ཐབས་བཅས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་སོགས་གསུངས་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་གཉིས་ཀྱི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་དང་རྒྱ་གཞུང་གིས་དམ་དྲག་འོག་ཐེ་ཝན་དང་བོད་གཉིས་ཀར་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་ཡོད་པ་གསུངས་པ་དང་སྦྲགས། བོད་ཀྱི་དཀའ་རྙོག་དེ་སེལ་ཐབས་སུ་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་བ་གང་མང་འཚོལ་ཐབས་ཀྱིས་བོད་དོན་ལས་འགུལ་གྱི་ནུས་ཤུགས་ཆེ་རུ་གཏང་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་འགོ་འཛུགས་གནང་སྟེ་ད་ལྟའི་ཆར་རྒྱལ་ཁབ་མི་འདྲ་བ་ ༢༠ ལྷག་གི་ནང་ཚོགས་པ་ཁག་ ༢༠༠ ཐམ་པ་ཡོད་ཐོག་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་གནང་མུས་ཡིན་པ་རེད།

བོད་ཀྱི་འདས་མ་ད་གསུམ་གྱི་དངོས་ཡོད་གནས་སྟངས་དང་རེ་བ་མཚོན་པའི་འགྲེམས་སྟོན་ཁང་གསར་རྒྱག་གནང་རྒྱུ།

བཙན་བྱོལ་བོད་མའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་དུ་བོད་མིའི་སྒྲིག་འཛུགས་ནས་ཨ་སྒོར་ས་ཡ་གཅིག་ལྷག་གི་འགྲོ་གྲོན་གནང་ཐོག་བོད་ཀྱི་འདས་མ་ད་གསུམ་གྱི་དངོས་ཡོད་གནས་སྟངས་དང་རེ་བ་མཚོན་ཐུབ་པའི་འགྲེམས་སྟོན་ཁང་ཞིག་གསར་རྒྱག་གནང་རྒྱུ་རེད་འདུག བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་འཆར་དེ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་སྔ་ལོ་ཕྱི་ལོ་༢༠༡༦ ལོ་ནས་དབུ་འཛུགས་གནང་ཡོད་པ་དང། ད་རེས་གསར་རྒྱག་གནང་རྒྱུའི་འགྲེམས་སྟོན་ཁང་ལ་གཞིགས་ན། བོད་ཀྱི་རྒྱལ་རབས། ལོ་རྒྱུས། ཁོར་ཡུག ཆོས། རིག་གཞུང། རྒྱ་གཞུང་གི་བོད་ལ་བཙན་འཛུལ་བྱས་པ་ནས་ད་བར་བོད་ནང་གི་དངོས་ཡོད་གནས་སྟངས་དང། བོད་དོན་ཆེད་རྒྱ་གཞུང་བཙན་གནོན་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་དྲན་རྟེན། དེ་བཞིན་ད་བར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་རིམ་པར་འགོག་རྒོལ་སྔ་རྗེས་གནང་པའི་སྐོར། ༸གོང་མཆོག་གི་ མཛད་རྣམ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་སོགས་ཀྱི་ཚན་ཁག་ཅིག་དང། དེ་བཞིན་པར་རིས་འགྲེམས་སྟོན་ནང་དུ་མ་ཚུད་པའི་ལོ་རྒྱུས་དང་ངག་རྒྱུན་ཁག་གློག་ཀླད་དང་བརྙན་འཕྲིན་ཐོག་གསན་གཟིགས་གནང་རྒྱུ་ཚན་པ། བོད་པའི་སྒྱུ་རྩལ་ཁག་ལ་རང་ཉིད་ཀྱི་བརྩམས་ཆོས་སྟོན་རྒྱུའི་དེང་གི་འགྲེམས་སྟོན་ཚན་པ་སོགས་ཁྱོན་ཚན་པ་མི་འདྲ་བ་ ༡༡ ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་གསར་རྒྱག་གནང་རྒྱུའི་འགྲེམས་སྟོན་ཁང་དེ་སྔར་ཡོད་བོད་ཀྱི་འགྲེམས་སྟོན་ཁང་ལས་ལྡབ་འགྱུར་གསུམ་གྱིས་ཆེ་བ་དང་། པར་རིས་ཙམ་མ་ཟད་ཅ་དངོས། ལྷག་པར་དུ་དེང་དུས་ཀྱི་འཕྲུལ་ཆས་སོགས་བརྒྱུད་ནས་བོད་དོན་འགྲེམས་སྟོན་གནང་རྒྱུ། བོད་ཀྱི་འདས་མ་ད་གསུམ་གྱི་དངོས་ཡོད་གནས་སྟངས་མཚོན་ཐུབ་པ་ཞིག་བཟོ་རྒྱུ་ཡིན་སྐོར་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ངོས་ནས་གསར་རྒྱག་གནང་རྒྱུའི་བོད་ཀྱི་འགྲེམས་སྟོན་ཁང་དང་འབྲེལ་ཆེད་ལས་མི་སྣ་ཁག་གདན་ཞུས་ཀྱིས་གོ་བསྡུར་ཚོགས་འདུ་ཚོགས་ཀྱི་ཡོད་པ་མ་ཟད། ཁ་སང་དང་དེ་རིང་བཅས་ཉིན་གཉིས་རིང་བཞུགས་སྒར་དུ་འགྲེམས་སྟོན་ཁང་གསར་པའི་ནང་དོན་བཀོད་སྒྲིག་གནང་མཁན་ཚན་པ་ཁག་གི་ཆེད་ལས་མི་སྣ་ཁག་གདན་ཞུས་ཐོག་ཚོགས་འདུ་ཞིག་ཀྱང་བསྐོང་ཚོགས་གནང་ཡོད་པ་རེད། རྩ་བའི་ད་ལྟའི་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་འདི་བོད་མིའི་ངོ་བ་དང་ཁྱད་ཆོས་མཚོན་པའི་ཐུབ་ཕྱིར་དབུས་ལས་ཁུངས་ཁག་གི་ཕྱིའི་བཀོད་པ་ཡོངས་རྫོགས་བོད་པའི་རྣམ་པ་ལྡན་པའི་བཟོ་དབྱིབས་ཡོད་པ་དང། བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དེ་ཕྱི་ལོ་ ༢༠༡༨ ནང་དབུ་འབྱེད་གནང་རྒྱུ་ཡིན་འདུག

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་གནང་སོང་།

རྒྱ་གཞུང་ནས་བོད་ཀྱི་གནད་དོན་ལ་ལག་པ་མ་འཆང་བར་མུ་མཐུད་གནས་ཐུབ་ཐབས་མེད་པའི་བརྡ་ལན་དང་སྦྲགས། དེ་རིང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་གནང་སོང་། དེ་རིང་སྔ་དྲོ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གི་ལས་རིམ་གནང་པ་དང། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོར་བགྲོ་གླེང་། དེ་བཞིན་ཁྲིམས་བཟོའི་ལས་དོན་ཁག་ཅིག་བཅས་ཀྱི་ལས་རིམ་ཡོངས་སུ་གྲུབ་མཚམས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བཞི་པའི་མཇུག་བསྡོམས་གསུང་བཤད་གནང་དོན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཡི་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་འབྲེལ་ནས་གཏམ་བཤད་སྤེལ་སྐབས་སུ་གནད་དོན་གང་ཡིན་རུང་ཕན་ཚུན་སྐད་ཆ་བཤད་ནས་ཐག་གཅོད་བྱེད་དགོས་སྐོར་བརྗོད་པ་ལུང་འདྲེན་གྱིས་དེང་སྐབས་རྒྱ་ནག་དང་དམར་པོའི་གཞུང་གི་ནང་དུ་འགྱུར་བ་མང་དག་ཞིག་འགྲོ་བཞིན་པ་དེ་དག་བཟང་ཕྱོགས་ཀྱི་འགྱུར་བར་ངོས་འཛིན་ན་མ་འགྲིག་པ་མེད་སྐོར་གསུངས་པ་དང་ཆབས་ཅིག གཞིས་ལུས་རྒྱ་ཆེ་བོད་མི་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འཁུར། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་དོན་ལ་ཐུགས་སྣང་གནང་པ་བཅས་ལ་གཞིགས་ན། རྒྱ་ གཞུང་གིས་བོད་ཀྱི་གནད་དོན་མ་སེལ་བར་མུ་མཐུད་གནས་ཐུབ་ཐབས་མེད་པའི་བརྡ་ལན་གནང་སོང་། དེ་བཞིན་ཚོགས་གཙོ་མཆོག་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་ནས་ཚོགས་དུས་གཅིག་ཚོགས་མ་ཐུབ་པའི་གནས་སྟངས་ཆགས་ཡོད་ཀྱང། ད་ལྟའི་ཆར་གནད་དོན་ཡོངས་རྫོགས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་སེལ་ཟིན་པ་ཡིན་སྟབས། སྤྱི་འཐུས་དང་མང་ཚོགས་རྣམས་བློ་བདེ་པོ་གནང་རོགས་ཞེས་དང་། མ་འོངས་པར་གནད་དོན་དེ་རིགས་ཐོག་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་མང་ཚོགས་ནས་འགན་ཁུར་བཞེས་དགོས་གལ་ཡིན་པར་འབོད་སྐུལ་ནན་པོ་གནང་སོང་། དེ་བཞིན་ཐེངས་འདིའི་གྲོས་ཚོགས་ཐོག་སྤྱི་འཐུས་སྒེར་གྱི་གྲོས་ཆོད་འདོན་པ་དང་སྦྲགས་ཏེ་བོད་ཀྱི་སྐད་ཡིག་གི་གལ་གནད་ལ་གཞིགས་པའི་མི་ཉམས་རྒྱུན་འཛིན་དང་སླར་གསོ་གོང་འཕེལ་ཆེད་གྲོས་ཆོད་གཏན་འབེབས་གནང་ཐུབ་པར་དགའ་ཚོར་ཡོད་སྐོར་གསུངས་པ་དང་འབྲེལ། དེང་སྐབས་བོད་ཀྱི་སྐད་ཡིག་ཐོག་མང་ཚོགས་ཁྲོད་ནས་དོ་སྣང་ཤུགས་ཆེ་གནང་བཞིན་ཡོད་པ་དང་། སྐད་ཡིག་གོང་འཕེལ་ཐད་གོ་སྐབས་དམ་འཛིན་གནང་དགོས་སྐོར་གསུངས་སོང། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་དང་བགྲོ་གླེང་གི་ལས་རིམ་གནང་ཡོད་པ་དང་འབྲེལ། ལྷན་ཁང་ཁག་གི་ལས་ཁུངས་མ་ལག་དང་བཅས་པས་སླད་མར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཆེད་འཛུགས་གནང་མི་དགོས་པའི་གནས་སྟངས་བཟོ་ཐུབ་དགོས་གལ་སྐོར། དེ་བཞིན་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐོག་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་མང་ཤོས་གནང་ཡོད་པ་དང། དེའི་ཁོངས་སུ་དམིགས་བསལ་བེུད་ཀྱི་ཉིན་མོ་སྲུང་བརྩི་དང་འབྲེལ་བ གྲོ་གླེང་མང་ཤོས་བྱུང་ཡོད། དེ་སྔའི་ཚོགས་དུས་གསུམ་པའི་ཐོག་ལ་ཡང་གནད་དོན་དེའི་སྐོར་གླེང་གློང་མ་པོ་བྱུང་ཡོད་པ་ལྟར། འཛིན་སྐྱོང་བཀའ་ཤག་ནས་གོ་བསྡུར་སྦྱང་བཤད་སོགས་གནང་དགོས་རིགས་ལ་དེ་ལྟར་གནང་སྟེ་མ་འོངས་པར་དེའི་ཐོག་བགྲོ་གླེང་འཕར་མ་གནང་མི་དགོས་པའི་ལམ་སྟོན་གནང་སོང་། ལྷག་པར་དུ་གྲོས་ཚོགས་འཐུས་མི་དང་འཛིན་སྐྱོང་བཀའ་ཤག དེ་བཞིན་མང་ཚོགས་བཅས་ཚང་མའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མིའི་ཆེད་དུ་༸སྐུ་ངལ་འཛེམས་མེད་ཀྱིས་ཐུགས་འཁུར་ཆེ་བཞེས་མཛད་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་འགྲོ་ཐུབ་པར་འབད་བརྩོན་གནང་དགོས་གལ་དང། ཆིག་སྒྲིལ་གྱི་གལ་གནད་དང་ནུས་པ་མཉམ་སྤུངས་གནང་དགོས་པ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད། རྩ་བའི་དེ་རིང་ཉིན་མཐའ་མའི་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་དུས་གཉིས་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ཐོག་བགྲོ་གླེང་གནང་པའི་ཁྲོད། སྤྱི་འཐུས་ ༩ ཙམ་ནས་མཉམ་ཞུགས་གནང་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ལ་ས་གནས་ཀྱི་སྨན་ཁང་ཁག་དང་གཞིས་ཆགས་ཁག་གི་ནང་དུ་འཐུང་ཆུའི་དཀའ་ངལ་གྱི་གནད་དོན་དང། ཆབ་སྲིད་བཙོན་ཟུར་རྣམས་ལ་འཕྲོད་བསྟེན་མཐུན་འགྱུར་སྦྱར་ཕྱོགས། བོད་པའི་སྨན་ཁང་ནང་དུ་སྨན་ཞབས་པ་དང་སྨན་པ་མ་འདང་བའི་དཀའ་ངལ། དེ་བཞིན་སྨན་ཁང་ཁག་ལ་དེང་དུས་དང་མཐུན་པའི་མཐུན་རྐྱེན་སྦྱོར་སྤྲོད་སོགས་ཀྱི་ཐོག་དྲི་བ་མང་དག་ཕེབས་པར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༨ བར་ཉིན་གྲངས་ ༩ རིང་ཚོགས་པའི་གྲོས་ཚོགས་དུས་འདིའི་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ ༥ དང་དོན་ཚན་ ༧ ཅན་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད། བོད་ཀྱི་སྐད་ཡིག་ཐོག་གྲོས་ཆོད་ཁག་ཅིག་གཏན་འབེབས། དེ་བཞིན་ཁྲིམས་སྒྲིག་བསྐྱར་གཅོས་ཁག་ཅིག་གནང་ཡོད་པའི་ཁྲོད་གྲོས་ཚོགས་ཀྱི་དུས་ཚོད་མང་ཆེ་བ་བཀའ་བློན་ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་པའི་སྙན་ཐོའི་ཐོག་བགྲོ་གླེང་དང་ལན་འདེབས་གསལ་བཤད་སོགས་གནང་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༧།༠༩།༢༨

ཉན་པ།: Listen ཕབ་ལེན། Download སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་གནང་སོང་། བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་ཐབས་བྱུས་དང་འབྲེལ་བའི་ཚོགས་འདུ་ཚོགས་རྒྱུ། རྒྱ་གཞུང་ལ་དགུ་པའི་ཉེར་བདུན་དྲན་གསོའི་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་བ། ཚན་རིག་པ་དང་ནང་པའི་མཁས་པའི་དབར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ ༦ དབུ་འཛུགས། བཞུགས་སྒར་དུ་འཛམ་གླིང་ Rabies ཉིན་མོ་སྲུང་བརྩི། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ལེ་ཚན། Rabies ནད་གཞིའི་སྐོར། Thursday 28/09/2017 Fourth session of 16th TPiE concludes with a call for China to solve Tibet issue CTA to convene Five Fifty Strategy Meet in Dharamsala Tibetan activists mark 1987 Lhasa Uprising : NY Buddhist scholars and scientists debate on Compassion, Virtue and Character World Rabies Day observed in Dharamsala HEALTH FEATURE: Jigmey Choekyi speaks on Rabies

བཀའ་ཤག་ནས་ལྔ་དང་ལྔ་བཅུའི་ཐབས་བྱུས་དང་འབྲེལ་བདུན་ཕྲག་རྗེས་མའི་ནང་རྡ་སར་ནང་མོལ་ཚོགས་འདུ་འཚོགས་རྒྱུ།

ཁ་སང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་པའི་ཁྲོད། ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་ནས་ལྔ་དང་ལྔ་བཅུའི་ཐབས་བྱུས་དང་འབྲེལ་བདུན་ཕྲག་རྗེས་མའི་ནང་བཞུགས་སྒར་དུ་ནང་མོལ་ཚོགས་འདུ་འཚོགས་འཆར་ཡོད་པ་གསུངས་སོང་། དེའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བརྒྱད་པའི་སྐབས་སྤྱི་འཐུས་རྣམས་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་སྐོར་དང་འབྲེལ། རྒྱ་ནག་གི་འཁྱོག་བཤད་ལ་རྒོལ་ལན་ཐེངས་ཅི་ཙམ་གནང་ཡོད་མེད་དང་དེ་དག་གང་གི་ནང་དུ་འགྲེམས་སྤེལ་ཐུབ་མིན་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐེ་ཝན་བོད་རིགས་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ཚོགས་འདུ་དེའི་གྲུབ་འབྲས་ཇི་སོན་གྱི་གནད་དོན་སྐོར། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་ཁང་ཁག་གི་འབྲེལ་ཡོད་ས་གནས་སོ་སོར་ཆབ་སྲིད་ཀྱི་ལས་འགུལ་གང་སྤེལ་ཡོད་མེད་སོགས་ཀྱི་གནད་དོན་མང་དག་ཐོག་དྲི་བ་དྲིས་ལན་དང་བགྲོ་གླེང་གནང་སོང་། ཁྱད་པར་དུ་ཁ་སང་ཉིན་རྒྱབ་ཀྱི་ཚོགས་ཐུན་སྐབས་སྤྱི་འཐུས་གཅིག་གིས་བཀའ་ཤག་གིས་ལྔ་དང་ལྔ་བཅུ་སྐོར་དང་འབྲེལ་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་རྣམས་ཀྱི་ནུས་པ་དེ་བོད་མིའི་སྒྲིག་འཛུགས་ཐོག་སྤུངས་རྒྱུར་དགོངས་བཞེས་གནང་དགོས་པའི་དགོངས་འཆར་ཕུལ་བར་སྲིད་སྐྱོང་མཆོག་གིས་རིང་མིན་བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་ཚོགས་འདུ་བསྐོང་ཚོགས་ཐོག་ཕྱི་རྒྱལ་གྱི་མཁས་དབང་དང་གནད་ཡོད་མི་སྣ་བརྒྱད་ཅུ། ཕྱི་རྒྱལ་ནས་བོད་རིགས་བཞི་བཅུ་ལྷག དེ་བཞིན་རྡ་རམ་ས་ལ་ནས་བོད་མི་མཉམ་བཞུགས་ཀྱིས་མ་འོངས་པའི་ལོ་ལྔ་དང་ལྔ་བཅུ་སོ་སོའི་ནང་ལས་རིམ་བཀོད་སྒྲིག་གནང་ཕྱོགས་ཐད་དགོངས་ཚུལ་སྤེལ་རེས་གནང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་བཞུགས་སྒར་དུ་རིང་མིན་ཟླ་བ་རྗེས་མའི་ཚེས་ཤར་དུ་བོད་རིགས་འདྲེས་མའི་ཚོགས་འདུ་ཞིག་ཀྱང་འཚོགས་གཏན་འཁེལ་ཡོད་པ་དང་བསྟུན་སྤྱི་འཐུས་གཅིག་གིས་བཀའ་ཤག་ནས་འཚོགས་ལ་ཉེ་བའི་བོད་རིགས་འདྲེས་མའི་ཚོགས་འདུ་དེ་གཞུང་འབྲེལ་ཐོག་གོ་སྒྲིག་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་ནས་བོད་རིགས་འདྲེས་མའི་ཕྲུ་གུ་དེ་དག་བོད་པ་ཞིག་ལ་ངོས་འཛིན་གྱིས་འཚོགས་ལ་ཉེ་བའི་ཚོགས་འདུ་དེར་མཐུན་འགྱུར་སྦྱར་བ་ཙམ་མ་གཏོགས་གོ་སྒྲིག་དང་དེའི་འགན་བཞེས་མཁན་ཡོངས་རྫོགས་བོད་ཕྲུག་དེ་དག་ཆགས་ཀྱི་ཡོད་སྐོར་དང་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལྟར་གནང་ཐུབ་ཚེ་མ་འོངས་པར་བོད་ཕྲུག་དེ་དག་ནས་བོད་ཀྱི་རྩ་དོན་སླད་ནུས་པ་སྤུངས་སྲིད་པ་རེད་ཅེས་ཀྱི་ལན་འདེབས་གནང་སོང་། བགྲོ་གླེང་ཐོག་ཆ་ཤས་བཞེས་མཁན་སྤྱི་འཐུས་གཞན་ཞིག་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་དང་འབྲེལ། བོད་ནང་གི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་ཚོའི་གནས་བབས་ཐོག་རྒྱལ་སྤྱིའི་ཁྲོད་ཁ་ཚ་དགོས་གཏུགས་ཀྱི་བདེ་སྡུག་སྙན་ཞུ་དང་འབྲེལ་ལས་གཞི་མ་བརྩམ་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་ལས་ཁུངས་ངོས་ནས་རྒྱལ་སྤྱིའི་ཐོག་ཆབ་སྲིད་དང་དཔལ་འབྱོར། ཁོར་ཡུག་བཅས་ཀྱི་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་མུས་ཐོག་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་འབྲེལ་ཕྱི་ལོ་ ༢༠༡༨༌༡༩ ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་བཀག་བསྐྱར་ཞིབ་ཐོག་དེ་དོན་ལས་འགུལ་སྤེལ་འཆར་ཡོད་པ་གསུངས་སོང་། གཞན་ཡང་སྤྱི་འཐུས་གཅིག་ནས་ད་བར་བོད་ནང་རང་ལུས་མེར་སྲེག་གནང་པའི་ཁྲོད་བོད་མི་ག་ཚོད་གསོན་གནས་ཐུབ་ཡོད་མེད་དང་དེ་དག་གི་སྐུ་གཟུགས་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། དེའི་ཐོག་ཕྱི་དྲིལ་ལས་ཁུངས་ནས་ཞིབ་འཇུག་མཐིལ་ཕྱིན་ཞིག་པ་གནང་སྟེ་ཁོང་རྣམས་ཀྱི་འཕྲོད་བསྟེན་གནས་བབས་ལ་རྒྱུས་ལོན་དང་དོ་འཁུར་བཞེས་ནས་ཕྱི་ཕྱོགས་སུ་སྨན་བཅོས་ཡོང་ཐབས་སླད་ཐུགས་འཁུར་ཆེ་བཞེས་དགོས་པར་དགོངས་འཆར་ཕུལ་བར་སྲིད་སྐྱོང་མཆོག་ནས་ངེས་པར་དུ་དགོང་བཞེས་གནང་རྒྱུ་ཡིན་ཞེས་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་བརྒྱུད་བོད་མི་ཆབ་སྲིད་བཙོན་པ་དེ་དག་ཀློད་གྲོལ་དང་སྨན་བཅོས་ཐོབ་ཐབས་སུ་འབད་བརྩོན་ཞུ་མུས་ཡིན་པ་གསུངས་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་སྐོར་ལས་གཞན་ཡང་འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་དམིགས་བསལ་ཐུགས་རེ་གང་གནང་གི་ཡོད་མེད་དང་། ཕྱི་རྒྱལ་མཐོ་སློབ་ཁག་ཏུ་ཁུངས་རྩི་སློབ་གླིང་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཁྱབ་སྤེལ་མི་ཆོག་པའི་དཀའ་ངལ་ཁག་ཅིག་སྐོར་ལ་བཀའ་འདྲི་ཞུ་མཁན་ཡང་བྱུང་སོང་།

ཚན་རིག་པ་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་བཙུན་མ་གཙོ་བཞུགས་ཀྱིས་ཚན་རིག་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་དབུ་འཛུགས་དང་འབྲེལ། ཚོགས་འདུ་དང་ལས་གཞི་དེ་ལྟ་བུ་བརྒྱུད་ནས་བོད་ཀྱི་ཆོས་བརྒྱུད་ཕན་ཚུན་དབར་བློ་ཐག་ཉེ་རུ་གཏོང་རྒྱུར་ཕན་ཐོགས་ཡོང་གི་འདུག་ཅེས་གསུངས་སོང་། རྩ་བའི་ནང་པ་དང་ཚན་རིག་པ་དབར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ཞེས་པའི་བརྗོད་གཞི་ཐོག་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཁེལ་ཕོར་ནི་ཡ་ཡོད་པའི་དགེ་འདུན་པའི་ཆེད་ཀྱི་ཚན་རིག་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་༸གོང་ས་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༡ ལོ་ནས་འགོ་བཙུགས་གནང་པ་ཞིག་ཡིན་ཞིང་། དེ་ཡང་གཙོ་བོ་སེམས་དོན་རིག་པ་དང་ཚན་རིག་བརྟག་དཔྱད་གཉིས་ཀྱི་ཐོག་ནས་འགྲོ་བ་མིའི་སེམས་ཀྱི་རང་བཞིན། རྣམ་ཤེས། བདེ་སྐྱིད། འཆམ་མཐུན་ལ་སོགས་པའི་གོ་རྟོགས་ནུས་པ་གོང་སྤེལ་བརྒྱུད་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་ཕྱིར་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་ཚོགས་འདུ་གོ་སྒྲིག་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ཚོགས་འདུ་དང་ལས་གཞི་དེ་ལྟ་བུ་བརྒྱུད་ནས་བོད་ཀྱི་ཆོས་བརྒྱུད་ཕན་ཚུན་དབར་བློ་ཐག་ཉེ་རུ་གཏོང་རྒྱུར་ཕན་ཐོགས་ཡོང་གི་ཡོད་པ་གསུངས་སོང་། སྤྱིར་ད་བར་གྱི་ཚོགས་འདུ་རིམ་པའི་ནང་དུ་བོད་པའི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོ་གཙོ་བཞུགས་གནང་གི་ཡོད་པ་ལྟར། བོད་ཀྱི་དཔེ་མཛོད་ཁང་ནས་ཐེངས་འདིའི་ཚོགས་འདུ་ནང་དམིགས་བསལ་བཙན་བྱོལ་ནང་གི་བཙུན་མའི་དགོན་སྡེ་ཁག་གི་བཙུན་པ་ཚོར་གཙོ་བོར་དམིགས་པ་ཞིག་པ་རེད་འདུག དེ་རིང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བཙུན་པ་ཚོའི་ངོས་ནས་ཚོགས་འདུ་ནང་མཉམ་ཞུགས་གནང་པའི་ཕྱག་འཁྱེར་བླངས་རྒྱུ་ཙམ་མིན་པར། ལྷན་ཚོགས་དེའི་བརྒྱུད་ནས་གང་ཤེས་པ་ཁག་རྒྱུན་དུ་མི་ཚེ་དོན་འཁྱོལ་ཡོང་བར་ལག་བསྟར་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་སོང་། ཚན་རིག་པ་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཚོགས་འདུ་འདི་དེ་རིང་ཟླ་ ༩ ཚེས་ ༢༨ ནས་ཚེས་ ༣༠ བར་ཚོགས་གནང་གི་ཡོད་པ་རེད། རྩ་བའི་འདི་ལོའི་ཐེངས་དྲུག་པའི་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ཞེས་པའི་ཚོགས་འདུ་ཐོག་གཙོ་བོ་སྙིང་རྗེ་དང་། དགེ་བ། གཤིས་སྤྱོད་ཅེས་པའི་བརྗོད་གཞི་ཐད་ལ་ ནང་པའི་མཁས་དབང་དང་ཚན་རིག་པ་ཕན་ཚུན་དབར་བགྲོ་གླེང་གནང་གི་འདུག་པ་མ་ཟད། གཏམ་བཤད་གནང་མཁན་ཁོངས་སུ་ནུབ་ཕྱོགས་རྒྱལ་ཁབ་དང། རྒྱ་གར་བའི་ཚན་རིག་པ།  བོད་རིགས་ནང་པའི་མཁས་དབང་ཁག་ཅིག་བཅས་གདན་ཞུ་གནང་འདུག ཚོགས་བཅར་བའི་ཁོངས་སུ་བཙུན་དགོན་ཁག་གི་བཙུན་མ་དང། བོད་ཀྱི་སྨན་རྩིས་ཁང།  ས་རཱ་མཐོ་སློབ། མཐོ་སློབ་ཁག་གི་བོད་པའི་སློབ་མ། གྷོ་པཱལ་པུར་བོད་ཁྱིམ་སློབ་མ། ནོར་གླིང་མཐོ་སློབ་བཅས་ནས་ཚོགས་བཅར་བ་ ༣༠༠ འདུ་འཛོམས་བྱུང་འདུག

Latest news