Tibetan Royal Year of 2151 | Year of the Wood Dragon

དགེ་ལེགས་རིན་པོ་ཆེ་མཆོག་ཨ་རིའི་མི་ཆི་གྷན་མངའ་སྡེ་ནང་དགོངས་པ་རྫོགས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཨ་རིར་བཞུགས་པའི་དགེ་ལེགས་རིན་པོ་ཆེ་མཆོག་ཁ་སང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ Michigan མངའ་སྡེའི་གྲོང་ཁྱེར་ Ann Arbor ནང་དུ་དགོངས་པ་རྫོགས་འདུག
ཁ་སང་ཟླ་ ༢ ཚེས་ ༡༥ ཉིན་ཨ་རིར་ཡོད་པའི་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཆོས་ཚོགས་ The Jewel Heart ཞེས་པའི་དྲ་གནས་ཐོག་རིན་པོ་ཆེ་མཆོག་ཁ་སང་སྔ་དྲོ་ཚོུད་ ༦།༠༠ སྟེང་གྲོང་ཁྱེར་ Ann Arbor ནང་དུ་དགོངས་པ་རྫོགས་སྐོར་བཀོད་པ་དང་སྦྲགས། ཆོས་ཚོགས་དེའི་སློབ་མ་དང་ལས་བྱེད་ཡོངས་ཀྱིས་རིན་པོ་ཆེ་མཆོག་གི་བཀའ་དྲིན་དུས་རྟག་ཏུ་དྲན་བཞིན་ཡོད་ཅེས་མྱ་ངན་གུས་འདུད་ཞུས་གནང་འདུག
རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐད་ཁོང་གི་སློབ་མ་དང་རྗེས་འབྲང་པ་ཙམ་མིན་པར་རྒྱུན་དུ་རིན་པོ་ཆེ་མཆོག་དང་འབྲེལ་བ་ཆེ་བའི་ཚོགས་སྐྱིད་ཁག་གིས་ཀྱང་མྱ་ངན་གུས་འདུད་དང་ཐུགས་གསོའི་གསུང་འཕྲིན་སོགས་ཀྱང་སྤེལ་འདུག་པ་དང་། ལྷག་པར་དུ་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རིན་པོ་ཆེ་དམ་པ་དེ་ཉིད་ནི་བོད་ཀྱི་ནང་ཆོས་མཁས་པ་དང་། སློབ་དཔོན་ཆེན་པོ་ཞིག་ཡིན་པར་འགྲེལ་བརྗོད་གནང་པ་དང་སྦྲགས། རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས་འདུག
དེ་བཞིན་ཚོགས་པ་དེའི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་རིན་པོ་མཆོག་གི་མཛད་རྗེས་རྣམས་ནང་པའི་སྤྱི་ཚོགས་ཙམ་མ་ཟད། རྒྱལ་སྤྱིའི་ཚོགས་པ་འདྲ་མིན་ནང་ལ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དང་། ལྷག་དོན་རིན་པོ་མཆོག་གིས་ད་བར་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ལས་དོན་སོགས་ཀྱི་ཐད་ལ་སྐུ་ངལ་འཛེམས་མེད་ཀྱིས་ལམ་སྟོན་བསྩལ་ཡོད་པ་སོགས་ལུང་འདྲེན་དང་ཆབས་ཅིག ད་ལན་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་རྫོགས་སྟབས་རིན་པོ་མཆོག་གི་ནང་མི་སྤུན་མཆེད་དང་སློབ་མ་ཡོངས་ལ་ཐུགས་གསོ་ཡོད་ཅེས་གསུངས་འདུག

གཞི་རྩའི་དགེ་ལེགས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༣༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་ཆུང་དུས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཁྲི་སྟོན་དང་སློབ་གཉེར་སོགས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་སྐབས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཏེ་རིམ་པས་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་ལྡི་ལི་བོད་ཁང་གི་འགན་འཛིན་དང་། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལས་རིམ་གཙོ་སྐྱོང་བ་སོགས་ཀྱི་ཕྱག་ལས་གནང་སྟེ་བོད་ཀྱི་ངག་རྒྱུན་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་བཅར་འདྲི་ལེ་ཚན་སྟོང་ཕྲག་ལྷག་གནང་མྱོང་ཡོད་པ་རེད།  ཕྱིས་སུ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ནང་ཆོས་ཀྱི་གཞུང་ལུགས་རྣམས་མི་སྒེར་སོ་སོའི་མི་ཚེའི་ནང་ལག་ལེན་དོན་འཁྱོལ་ཡོང་ཐབས་སོགས་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༡༩༨༨ ལོར་ཨ་རིའི་ Michigan མངའ་སྡེའི་གྲོང་ཁྱེར་ Ann Arbor ནང་དུ་ The Jewel Heart ཞེས་པའི་ཆོས་ཚོགས་ཤིག་གསར་འཛུགས་གནང་སྟེ་ས་གནས་བོད་རིགས་གཙོས་པའི་དོན་གཉེན་ཅན་གྱི་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་སོགས་ཀྱི་སློབ་ཁྲིད་མང་དག་གནང་གི་ཡོད་པ་མ་ཟད། good life good dead དང་། freedom of wisdom དེ་བཞིན་ nature of mind བློ་སྦྱོང་སོགས་ཀྱི་ཕྱག་དེབ་མི་ཉུང་བ་ཞིག་ཀྱང་ལྗགས་རྩོམ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།