Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ནས་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་ཆེ་བ་གནང་དགོས་པར་བཀའ་བསྩལ་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ Italy འི་ Sicily དང་ Tuscany མངའ་སྡེའི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་དང་། དེ་རིང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ Tuscany མངའ་སྡེའི་ Pisa གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Piazza dei Cavalieri ཞེས་པར་ས་གནས་ཀྱི་སློབ་ཕྲུག་དང་དགེ་ལས། ས་གནས་མང་ཚོགས་བཅས་ལ་ཤེས་ཡོན་དང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།

སྐབས་དེར་མགོན་པོ་མཆོག་ནས་ང་ཚོས་རྒྱུན་དུ་ཕྱི་ལུས་པོའི་འཕྲོད་བསྟེན་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར། ནང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐད་ལ་ཡང་དེ་མཚུངས་ཀྱི་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སེམས་ཁམས་ཀྱི་འཕྲོད་བསྟེན་བདེ་པོ་བྱུང་ཚེ་རང་ཉིད་ཀྱི་ལུས་པོ་དེ་བདེ་ཐང་དང་སྐྱིད་པ་ཡོང་གི་རེད་ཅེས་བཀའ་སྩལ་དང་འབྲེལ། གཙོ་བོ་སེམས་ཁམས་ཀྱི་འཕྲོད་བསྟན་དེ་ཁྲོམ་ར་ནས་ཉོ་རྒྱུ་དང་སྨན་ཁང་ནས་བཟོ་རྒྱུ་སོགས་མེད་སྟབས། རྒྱུན་དུ་རང་ཉིད་ཀྱི་རྣམ་དཔྱོད་ཐོག་ནས་ཁོང་ཁྲོ་དང་ཞེ་སྡང་སོགས་སེམས་ཁམས་དང་འབྲེལ་བའི་སེམས་ཚོར་དྲག་པོ་རྣམས་ལ་གདོང་ལེན་གནང་གལ་ཡིན་པར་ལམ་སྟོན་མཛད་འདུག

མགོན་པོ་མཆོག་གིས་དགེ་སློབ་རྣམས་པར་གཙོ་བོར་དམིགས་ཏེ་དེང་སང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ནང་འཁྲུག་རྩོད་སོགས་ཀྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་དེ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ཞན་ཆ་ཞིག་ཡིན་སྟབས། ཚང་མས་དེར་བསྒྱུར་བཅོས་གང་དགོས་མིན་ཐད་བསམ་བློ་གཏང་དགོས་པ་དང་། ལྷག་པར་དུ་མ་འོངས་པའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདག་པོ་དེ་ནི་ད་ལྟ་འཚར་ལོངས་བྱུང་བཞིན་པའི་སློབ་ཕྲུག་རྣམས་ཡིན་པས་སློབ་མ་ཚོའི་ངོས་ནས་ད་ལྟ་ནས་འཛམས་གླིང་འདི་ཞི་བདེ་དང་དྲང་བདེན། དེ་བཞིན་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་གནང་དགོས་པ་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་མང་ཚོགས་ནས་བཀའ་འདྲི་ཞུས་པར་བཀའ་ལན་གནང་པ་ལས་དེང་གི་སྤྱི་ཚོགས་ཁྲོད་དུ་གང་ཟག་བྱེ་བྲག་པའི་བྱ་སྤྱོད་ལ་གཞིགས་ཏེ་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་དང་། ཡི་ཤུའི་འཇིགས་སྐུལ་རིང་ལུགས་པ་སོགས་ཐ་སྙད་བེད་སྤྱོད་བྱེད་བཞིན་པ་དེ་ཆེས་ནོར་འཁྲུལ་ཅན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་དྲག་སྤྱོད་པའི་ལས་རིགས་ཐོག་ཞུགས་མཁན་རྣམས་ཆོས་ཡང་དག་པ་ཁས་ལེན་མཁན་ཞིག་མ་རེད་ཅེས་བཀའ་ནན་བསྩལ་འདུག

རྩ་བའི་ཐེངས་འདིའི་ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་ཀླད་ཁམས་དང་དངོས་ཁམས་རིག་པའི་ཚན་རིག་པ། དེ་བཞིན་ལྟ་གྲུབ་མཁས་པ་དང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Richard Gere ལགས། གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་དང་ས་གནས་མང་ཚོགས་བཅས་མཉམ་ཞུགས་གནང་ཐོག་སེམས་ཁམས་ཚན་རིག་ཐད་ལ་བགྲོ་གླེང་གནང་ཡོད་པ་རེད།

གཞི་རྩའི་ཁ་སང་ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་  Tuscany མངའ་སྡེའི་ Florence ནས་པི་ས་གྲོང་ཁྱེར་ཕྱོགས་སུ་ཆིབས་ཐོན་མ་མཛད་པའི་གོང་དུ་ཧྥལོ་རེན་སི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Mandela Forum ཞེས་པའི་ཚོགས་ཁང་དུ་ས་གནས་མང་ཚོགས་རྣམས་ཤེས་ཡོན་ཐོག་ནས་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བའི་བརྒྱུད། དམག་འཁྲུག་ཞེས་པ་དེ་ནི་སེམས་ཅན་གཞན་གྱི་སྤྱི་ཚོགས་ནང་མེད་པ་གང་ཞིག་འགྲོ་བ་མི་རྣམས་ནས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་ཕྱིན་ཅི་ལོག་གིས་བཟོས་པ་ཞིག་རེད་ཅེས་བཀའ་སྩལ་དང་སྦྲགས། འགྲོ་བ་མི་རྣམས་ནས་རང་ཉིད་ཀྱི་རྣམ་དཔྱོད་དེ་བཟང་ཕྱོགས་སུ་བེད་སྤྱོད་ཐོག་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་གལ་ཡིན་པ་གསུངས་སོང་།

མཛད་འཆར་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཨི་ཊ་ལིའི་ Pisa གྲོང་ཁྱེར་ནང་འཚོགས་བཞིན་པའི་ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་བགྲོ་གླེང་ལྷན་ཚོགས་གྲུབ་པའི་རྗེས་ཁུལ་དེ་ནས་ཡོ་རོབ་ལཊ་ཝི་ཡའི་རྒྱལ་ས་རི་གྷར་ཆིབས་ཐོན་མཛད་དེ་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ལ་མགོན་པོ་༸གང་ཉིད་མཆོག་ནས་རི་གྷ་གྲོང་གྱི་ Skonto ཚོགས་ཁང་དུ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བསྩལ་གྱི་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ལ་ཚོགས་ཁང་དེའི་ནང་དུ་ས་གནས་མང་ཚོགས་རྣམས་ལ་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།