Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་དབུ་བཞུགས་ཐོག་ཧི་མཱ་ཅལ་མངའ་སྡེའི་མཐོ་སློབ་ཏུ་ཚན་རིག་དང་ཆོས་ལུགས། འཛམ་གླིང་ཞི་བདེ་ཞེས་པའི་ལྷན་ཚོགས་ཚོགས་གནང་པ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

དེ་རིང་ཟླ་ ༡༡ ཚེས་ ༤ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་Haryana གྲོང་ཁྱེར་ Karnal ནང་རྟེན་གཞི་བྱས་པའི་ Bhaktivedanta ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ཚན་རིག་དང་ཆོས་ལུགས། འཛམ་གླིང་ཞི་བདེ་ཞེས་པའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་བ་དང་། ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གཙུག་ལག་སློབ་གྲྭ་ཆེན་མོའི་གཙོ་འཛིན་སྐུ་ཞབས་ PB Sharma ལགས། Bhaktivedanta ཤེས་ཡོན་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་ K. Vasudeva Rao ལགས་གཙོས་པའི་ཤེས་ལྡན་མི་སྣ་ཁག་ཅིག ཧི་མཱ་ཅལ་མངའ་སྡེའི་མཐོ་སློབ་གཙོས་པའི་ཉེ་འཁོར་རྒྱ་གར་སློབ་གྲྭ་ཁག་གི་སློབ་མ། རྡ་ཤོད་བོད་ཁྱིམ་སློབ་གྲྭ། སྨན་རྩིས་ཁང་གི་མཐོ་སློབ་སློབ་མའི་སྐུ་ཚབ། དེ་བཞིན་དོ་དབྱིངས་ཅན་གྱི་ཕྱི་ནང་གི་མི་སྣ་མང་དག་ཞིག་ནས་མཉམ་ཞུགས་གནང་འདུག

ལྷན་ཚོགས་ཀྱི་ཐོག་མ་དེར་ Bhaktivedanta ཤེས་ཡོན་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་ K. Vasudeva Rao ལགས་ནས་ཐེངས་འདིའི་ལྷན་ཚོགས་འདི་གཙོ་བོ་མིའི་མི་ཚེའི་ནང་ལ་ཚན་རིག་དང་ཆོས་གཉིས་ཀ་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། དེ་གཉིས་ཟུང་འབྲེལ་ཐོག་འཛམ་གླིང་སྟེང་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་ཐད་ལ་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ང་ཚོ་འགྲོ་བ་མིའི་མི་འཚེ་འདི་ཐོག་མར་ཨ་མའི་བྱམས་སྐྱོང་དང་བརྩེའི་འོག་ནས་འགོ་འཛུགས་ཀྱིས་འཚར་ལོངས་བྱུང་བ་ཞིག་ཡིན་པ་མ་ཟད། དེང་སྐབས་རྒྱལ་སྤྱིའི་ཚན་རིག་མཁས་པ་མང་པོས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་པ་ར་འཕྲོད་ཐོག་དེ་ལྟར་ངོས་ལེན་བྱེད་མུས་ཡིན་སྟབས། ང་ཚོ་ཚང་མས་འདས་ཟིན་པའི་དུས་རབས་ ༢༠ ནང་དམག་འཁྲུག་དང་འཚེ་བའི་བྱ་སྤྱོད་ཁག་ལས་ལེགས་བྱ་བླངས་ཏེ་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུར་འབད་རྩོན་གནང་གལ་ཡིན་པ་བཀའ་སྩལ་སོང་།

ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་འདས་པའི་དུས་ཚོད་ནང་ལ་ཚན་རིག་མཁས་མང་པོས་རང་ཉིད་ཀྱི་ཤེས་བྱ་དང་རྣམ་སྤྱོད་ཡོད་པ་དེ་དག་གོ་མཚོན་རིགས་བཟོ་རྒྱུར་བེད་སྤྱོད་གནང་པ་དང་། དེང་སྐབས་སྤྱི་ཚོགས་ཁྲོད་དུ་ཆོས་ཀྱི་མིང་བྱང་འོག་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བཞིན་པ་འདི་དག་ནི་ཤིན་ཏུ་ནས་བློ་ཕམ་དགོས་པའི་གནས་སྟངས་ཤིག་ཡིན་པས་ཚང་མས་ཆོས་དད་ཡོད་མེད་སོགས་ལ་ལྟོས་མེད་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མ་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་པའི་བསམ་བློ་གོང་འཕེལ་གཏང་དགོས་གལ་ཡིན་པར་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་སོང་།

མགོན་པོ་༸གང་ཉིད་མཆོག་ནས་ཀྱང་བར་སྐབས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ཁག་ཅིག་གཏན་འབེབས་ཀྱིས་སློབ་གྲྭ་ཁག་ཅིག་ཏུ་ཚོད་ལྟའི་ཚུལ་དུ་སློབ་ཁྲིད་གནང་འགོ་བཙུགས་ཟིན་ཡོད་པ་སོགས་ངོ་སྤྲོད་མཛད་སོང་བ་དང་ཆབས་ཅིག ཚོགས་བཅར་བའི་ཁྲོད་རྡ་ཤོད་བོད་ཁྱིམ་སློབ་གྲྭ་དང་སྨན་རྩིས་ཁང་གི་མཐོ་སློབ་སློབ་མ་གཙོས་པའི་བོད་རིགས་རྣམས་ལ་དེང་གྱི་དུས་སྐབས་འདིར་དཔལ་ན་ལནྡྲའི་ཆོས་བརྒྱུད་སྤྱི་དང་སྒོས་སུ་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་དེ་དག་ཆ་ཚང་བའི་འགྲེལ་བཤད་དགོས་ཚེ་བོད་ཀྱི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་མེད་སྟབས་ངེས་པར་དུ་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་གནང་དགོས་གལ་ཡིན་པ་ལམ་སྟོན་མཛད་ཡོད་པ་རེད།

གཞི་རྩེའི་ཐེངས་འདིའི་ཉིན་གཅིག་གྱི་ལྷན་ཚོགས་ཐོག་འབྲེལ་ཡོད་སློབ་གྲྭ་ཁག་གི་སློབ་མའི་དབར་ཚན་རིག་དང་ཆོས་ཀྱི་ཐོག་གྲོས་བསྡུར་སྦྱང་བཤད། དེ་འབྲེལ་གྱི་དཔེ་དེབ་འགྲེམས་སྟོན་དང་སོ་སོའི་རིག་གཞུང་གཞནས་ཁག་འཁྲབ་སྟོན་སོགས་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།