རྒྱལ་སྤྱིའི་གཞུང་ཁག་ནས་བཀྲིས་དབང་ཕྱུག་ལགས་སུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་བྱས་འདུག


vot.org
Facebooktwittergoogle_plusmail
རྒྱལ་སྤྱིའི་གཞུང་ཁག་ནས་བཀྲིས་དབང་ཕྱུག་ལགས་སུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་སུ་ལོ་ལྔ་ཡིས་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ།  དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་བཅས་ནས་སྐྱོན་བརྗོད་ཤུགས་ཆེར་བྱེད་མུས་ཁྲོད། ཕ་རན་སི་དང་། ཡོ་རོབ། ཁེ་ན་ཌ་གཞུང་ནས་ཀྱང་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག

france Diplomatie གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟྲར་ན། ཕ་རན་སི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་བཀྲིས་དབང་ཕྱུག་ལགས་ཀྱིས་རང་གི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པའི་ཐོག་རྒྱ་གཞུང་ལ་བོད་ཀྱི་སྐད་ཡིག་ཐོག་ཐུགས་ཁུར་བཞེས་དགོས་པའི་དགོས་འདུན་བཏོན་པ་དེར་ཡུ་ཤུ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཁ་བྲལ་བའི་ཉེས་མིང་འོག་ལོ་ ༥ ཡི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ལ་ཧ་ཅང་བློ་ཕམ་ཡོད་གསུངས་པ་དང་སྦྲགས།   རྒྱ་ནག་གཞུང་ནས་ཁྲིམས་ཀྱི་སྒྲོམ་གཞི་དང་མཐུན་པའི་ཐོག་རྒྱ་ནག་གཞུང་འཛིན་པ་དང་ས་གནས་བོད་རིགས་དབར་གྲོས་མོལ་གྱི་ཐོག་ནས་གནད་དོན་སེལ་དགོས་པ་སྐུལ་མ་གནང་འདུག

དེ་བཞིན་ཁ་ས་ཕྱི་ཚེས་ ༢༣ ཉིན་ཡོ་རོབ་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་སྲིད་བྱུས་ལས་ཁུངས་ཀྱི་མགྲིན་ཚབ་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་རང་ཉིད་ཀྱི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་དྲང་བདེན་གྱི་ཁྲིམས་གཤེར་དང། དུས་གྱང་མེད་པའི་ཐོག་ནས་ཁྲིམས་གཤེར་འཕྲལ་མར་ཉིད་དུ་བྱ་རྒྱུ་སོགས་འཁོད་ཡོད་ནའང་དེར་གུས་རྩིས་མེད་པ་མ་ཟད། ཕྱི་ལོ་ ༡༩༨༡ ལོར་རྒྱ་ནག་གཞུང་རང་ཉིད་ཀྱིས་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ཁྲིམས་ཡིག་བཀའ་ཁྱབ་གནང་བ་བཞིན་གྲངས་ཉུང་མི་རིགས་ལ་ཐོབ་ཐང་འདྲ་མཉམ་དང་། སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས་ངེས་ཡིན་པ་ཐེར་བཏོན་གནང་ཡོད་པ་མ་ཟད། རྒྱ་ནག་རང་ཉིད་ནས་ཁ་དན་ཟིན་པའི་རྒྱལ་སྤྱི་ཁྲིམས་དང་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་ལྟར། རྒྱ་ནག་གཞུང་འཛིན་པ་ཚོས་སྨྲ་བརྗོད་ཀྱི་རང་དབང་ལ་གུས་བརྩི་ཞུ་རྒྱུའི་རེ་བ་ཡོད་བཅས་གསུངས་འདུག   དེ་བཞིན་རྒྱ་གཞུང་ལ་བཀྲིས་དབང་ཕྱུག་ལགས་གཙོས་པའི་སྐུ་ཞབས་ Ilham tohti ལགས་དང་རྒྱ་རིགས་ཁྲིམས་རྩོད་པ་རྣམས་གང་མགྱོགས་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་འདུག

དེ་དང་ཕྱོགས་མཚུངས་ཁེ་ན་ཌ་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་གཞུང་ཚབ་ལས་ཁུངས་བརྒྱུད་བཀྲིས་དབང་ཕྱུག་ལགས་གང་མགྱོགས་གློད་བཀྲོལ་དགོས་པ་དང་རྒྱ་ནག་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། དེ་བཞིན་རང་ཉིད་ཀྱིས་ཁ་དན་ཟིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱ་དགོས་པའི་རེ་འདུན་ཤུགས་ཆེར་བཏོན་གནང་འདུག