རྒྱ་དང་གྲོགས་སྒྲིག་ནས་དཀའ་ངལ་སེལ་དགོས་གལ་ཡིན་པ་བཀའ་བསྩལ་བ།


vot.org
Facebooktwittergoogle_plusmail
རྒྱ་དང་གྲོགས་སྒྲིག་ནས་དཀའ་ངལ་སེལ་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་རྒྱ་ལ་གྲོགས་པོ་སྒྲིག་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་ལས་དགྲ་ལ་ལྟས་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ཅེས་བཀའ་བསྩལ་སོང།

དེ་རིང་ཟླ་ ༡༢ ཚེས་ ༤ ཉིན་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་བོད་མི་ ༢༥༠ མན་གཙོ་འགྱུར་བཙན་བྱོལ་ནང་གི་བོད་མི་ཁག་ཅིག་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་སྐར་མ་ ༤༠ ལྷག་གི་བཀའ་སློབ་བཀྲིན་བསྩལ་སོང་བ་དང། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ལ་ཡོད་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་སྲོག་ལ་ཉེན་ཁ་དང་འཇིགས་སྣང་ཆེ་བའི་གནས་སྟངས་འོག་ལོ་ངོ་ ༦༠ མན་ཙམ་རིང་བོད་མི་རིགས་ལ་བཅངས་པའི་ཞུམ་པ་མེད་པའི་སྙིང་སྟོབས་དང་སེམས་ཤུགས་འཁྱེར་ནས་བཞུགས་པར་ཐུགས་རྗེ་ཆེ་ཞེས་བཀའ་གནང་བ་དང་ཆབས་ཅིག ད་བར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ལ་བརྟེན་ནས་བཙན་བྱོལ་དུ་ཡོད་མཁན་ཚོ་ལའང་བདེན་པ་ཡོད་བསམ་པ་ཞིག་དང་། དེ་བཞིན་བོད་རྒྱ་གཉིས་ཀྱི་འཐབ་རྩོད་ནི་བདེན་པའི་སྟོབས་ཤུགས་དང་གོ་མཚོན་གྱི་སྟོབས་ཤུགས་གཉིས་འགྲན་བསྡུར་བྱེད་རྒྱུའི་དུས་ཚོད་ཞིག་ཆགས་ཡོད་ནའང། འཕྲལ་སེལ་མ་གཏོགས་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་དེ་ཤུགས་ཆེ་བ་ཡོད་སྟབས། གཏན་གཏན་བདེན་པའི་མཐའ་སེལ་གྱི་རེད་ཅེས་བཀའ་བསྩལ་ཡོད།

ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་མུ་མཐུད་བཀའ་སྩལ་བར་བོད་རྒྱ་གཉིས་ཀྱི་དཀའ་ངལ་དེ་དག་སེལ་བར་རྒྱ་ལ་གྲོགས་པོ་སྒྲིག་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་ལས་དགྲ་ལ་ལྟས་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ཅེས་བཀའ་ནན་བསྩལ་སོང།

ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཐོག་དྲག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་ནས་བརྟན་ལྷིང་དང་འཆམ་མཐུན་ཡོང་ཐབས་མེད་པས་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ལ་ལྟས་ནས་བོད་མི་ཚོར་བྱམས་ཀྱིས་སྐྱོང་དགོས་པ་མ་ཟད། ལྷག་དོན་བོད་མིའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུ་ནས་ངལ་བ་དེ་དག་དགོས་ཞེས་བཀའ་སྩལ་སོང་། གསར་དུ་འབྱོར་བའི་བོད་མི་ཚོར་ད་ལྟའི་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་ནི་དེང་གི་འཛམ་གླིང་ཐོག་ཆོས་དད་ཡོད་མེད་ལྟོས་མེད་ཚང་མར་རིགས་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཡོད་པ་ཞིག་དང་། ལྟ་གྲུབ་ལ་གཞི་བཞག་ནས་ནང་ཆོས་ཉམས་ལེན་བྱེད་རྒྱུ་དེ་བོད་མི་ཁོ་ན་མ་གཏོགས་གཞན་སུ་གང་ལ་མེད་སྟབས་དེ་ནི་སྤོབས་པ་སྐྱེས་འོས་པ་ཞིག་དང་། ལྷག་དོན་བོད་མི་རིགས་ཀྱི་སེམས་ཤུགས་སྐྱེས་གཞི་ཞིག་ཆགས་ཡོད་པ་བཀའ་སྩལ་དང་ཆབས་ཅིག བོད་མི་སེར་སྐྱ་ཁྱད་མེད་ཚོས་ནང་ཆོས་ལ་བསླབ་པ་སློབ་གཉེར་རྒྱ་གང་ཆེ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་བསྩལ་ཡོད།