རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་བཞུགས་སྒར་དུ་ཚོགས་རྒྱུ།


vot.org
Facebooktwittergoogle_plusmail
རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་བཞུགས་སྒར་དུ་ཚོགས་རྒྱུ།

འདི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། དབུས་བོད་མིའི་སྒྲིག་འཛུགས་ནས་ཟླ་ ༤ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། གཞུང་འབྲེལ་གནད་ཡོད་མི་སྣ་སོགས་གདན་ཞུ་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་ཚོགས་གཏན་འཁེལ་ཡོད་ཀྱང་། རྒྱ་དཀར་ནག་གཉིས་ཀྱི་དབར་ཚོར་བ་རྣོ་བའི་འབྲེལ་ལམ་སོགས་དང་འབྲེལ། མཛད་རིམ་དེ་རྒྱལ་ས་ལྡི་ལི་ནས་ཕྱིེར་འཐེན་གནང་སྟེ་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་དྷ་རྨ་སཱ་ལཱར་ཚོགས་གནང་རྒྱུ་རེད་འདུག

ཐེངས་འདིའི་མཛད་རིམ་ལ་འགྱུར་ལྡོག་ཕྱིན་པ་དང་འབྲེལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མིའི་སྒྲིགས་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཉེ་ཆར་རྒྱ་གར་ཕྱི་སྲིད་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་བརྒྱུད་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་དྲུང་ཆེ་ PK Sinha ལགས་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོའི་དཔོན་རིགས་མཐོ་གྲས་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་བརྡ་ཁྱབ་ཞིག་བཏང་ཐོག་ད་ལྟའི་དུས་སྐབས་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་ལ་ཆེས་ཚོར་བ་རྣོ་བའི་དུས་ཚིགས་ཤིག་ཆགས་ཡོད་སྟབས་རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོའི་དཔོན་རིགས་དང་ལས་བྱེད་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོའི་ལས་རིམ་ཁག་ལ་མཉམ་ཞུགས་གནང་རྒྱུ་མེད་པར་ལམ་སྟོན་གནང་ཡོད་པ་རེད། དེས་ན་མཛད་རིམ་དེ་རྒྱལ་ས་ལྡི་ལིར་ཚོགས་རྒྱུ་དཀའ་བར་བརྟེན་༸རྒྱལ་བའི་བཞུགས་སྒར་དྷ་རྨ་སཱ་ལཱར་ཚོགས་གཏན་འཁེལ་ཡོད་ཀྱང་། ད་ལྟའི་ཆར་བཞུགས་སྒར་གྱི་ས་གནས་གང་དུ་ཚོགས་གནང་མིན་ཐད་ལ་བཀའ་བསྡུར་གནང་མུས་ཡིན་སྐོར་གསུངས་ཡོད།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་ཟླ་ ༣ ཚེས་ ༣༡ ཉིན་མོ་ཙམ་མིན་པར་ཕྱི་ལོ་ ༢༠༡༨ ལོ་འཁོར་མོ་འདི་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་དང་སྦྲགས། བོད་མི་གནས་ཡུལ་རྒྱ་གར་གི་ས་ཁུལ་གང་སར་གཞུང་འབྲེལ་གྱི་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་པ་རེད།


འབྲེལ་ཡོད་གསར་འགྱུར།