འཛམ་གླིང་འདིར་བོད་ཐོག་དོ་སྣང་གསར་པ་ཞིག་སླེབས་པ་དེ་ནི་བཙན་བྱོལ་བའི་བྱས་རྗེས་རེད།


vot.org
Facebooktwittergoogle_plusmail
འཛམ་གླིང་འདིར་བོད་ཐོག་དོ་སྣང་གསར་པ་ཞིག་སླེབས་པ་དེ་ནི་བཙན་བྱོལ་བའི་བྱས་རྗེས་རེད།

དེ་རིང་ཕྱི་ཟླ་༡༢་ཚེས་༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་གི་palace Ground རྒྱལ་ཁང་ཐང་ཆེན་དུ་སྦེང་ལོར་དང་མེ་སོར། མེང་ལོར། ཧེ་ཏར་སྦ་ཐ། ཅེ་ནའི་སོགས་ལྷོ་ཕྱོགས་གྲོང་ཁྱེར་ཁག་ནང་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་དང་དེ་བཞིན་འབྲུག་པ་སོགས་ཧི་མ་ལ་ཡའི་ས་ཁུལ་ཁག་ནས་ཕེབས་པའི་མཐོ་རིམ་སློབ་མ་དང་མང་ཚོགས་བཅས་༣༠༠༠ ཙམ་ལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བརྩལ་གནང་མཛད་འདུག
སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ས་ཤོར་བ་ནས་ད་བར་གཙོ་བོ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་ལྷག་བསམ་སྙིང་སྟོབས་དང་ལ་རྒྱ་བཅས་གཡོ་བ་མེད་པའི་སྒོ་ནས་བོད་ཀྱི་སྐད་ཡིག་རིག་གཞུང་བཅས་སྲུང་སྐྱོབ་བྱས་ཡོད་པ་དང་ཕྱོགས་མཚུངས་བཙན་བྱོལ་བོད་མི་ཚོས་ཀྱང་ད་བར་གཞི་ལུས་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་བཅོལ་བ་བཞིན་ཧུར་ཐག་བྱས་ཏེ་འདས་པའི་ལོ་ངོ་དེ་དག་རིང་ང་ཚོས་མི་གོ་ཆོད་པ་ཞིག་བྱས་ཡོད་པ་མ་ཟད་འཛམ་གླིང་འདིར་བོད་ཐོག་དོ་སྣང་གསར་པ་ཞིག་སླེབས་པ་དེ་ཡང་བཙན་བྱོལ་བའི་བྱས་རྗེས་གཙོ་བོོ་ཞིག་ཡིན་པའི་བཀའ་བརྩལ་གནང་མཛད་ཡོད།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ ༡༩༧༤ ལོ་ནས་རྒྱ་ནག་དང་གྲོས་མོལ་བྱས་ཏེ་ཞི་བའི་ཐོག་ནས་བོད་ཀྱི་གནད་དོོན་ཐག་གཅོད་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱས་པ་དང་སྲིད་ཇུས་དེ་ལ་རྟེན་ནས་༡༩༧༩ ཙམ་ནས་བོད་ནང་ཕྱི་ནང་གཉེན་འཕྲད་འགྲོ་འོང་དང་བོད་རྒྱ་འབྲེལ་མོལ་གྱི་ལམ་ཁ་ཕྱེས་ཐུབ་པ་བྱུང་བ་སོགས་ངོ་སྤྲོད་དང་འབྲེལ་རྒྱ་ནག་གཞུང་གིས་ད་བར་ཏཱ་བླའི་བླ་མར་གཞི་མེད་སྐྱོན་བརྗོད་བྱས་ཡོད་ཀྱང་དེར་ཕན་འབྲས་གང་ཡང་མ་ཐོན་སྟབས་དེང་སྐབས་རྒྱ་ནག་དཔོན་རིགས་ནང་ཏཱ་བླའི་བླ་མར་སྐྱོན་བརྗོད་བྱེད་པ་ལས་འབྲེལ་བ་བྱེད་རྒྱུའི་བསམ་ཚུལ་འཛིན་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པ་སོགས་འགྱུར་ལྡོག་གི་གནས་སྟངས་མང་དག་ཞིག་ལ་བརྟེན་ནས་བོད་དོན་བདེན་མཐའ་སེལ་ངེས་ཡིན་སྟབས་གཙོ་བོ་གཞོན་སྐྱེས་ཚོས་ཤེས་ཡོན་ལ་སྦྱངས་བརྩོན་བྱེད་དགོས་པའི་ལམ་སྟོན་མཛད་གནང་ཡོད་པ་རེད།
རྩ་བའི་ཁ་སང་ཕྱི་ཚེས་༢༤ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་Seshadripuram ཤེས་ཡོན་བསྟི་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་༢༥ འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་མཛད་པ་མ་ཟད་སློབ་ཕྲུག་༥༠༠༠ཙམ་ལ་༸གང་ཉིད་མཆོག་གིས་དེང་སྐབས་རྒྱ་གར་གནའ་བོའི་རིག་གཞུང་བསྐྱར་གསོའི་མཛད་འཁུར་བཞི་པ་བཞེས་བཞིན་པ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད། སང་ཉིན་ཕྱི་ཚེས་༢༦ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་གི་ཏུམ་ཀུར་གཙུག་ལག་སློབ་ཆེན་དུ་ཁུལ་དེའི་མང་ཚོགས་སྟོང་ཕྲག་མང་པོར་བཟང་སྤྱོད་དང་འབྲེལ་བའི་སྐོར་ལམ་སྟོན་བཀའ་སློབ་བརྩལ་རྒྱུ་མ་ཟད་གནངས་ཉིན་སྔ་དྲོ་༸གོང་ས་མཆོག་སྦེང་ལོར་ནས་ལྡི་ལི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་འཆར་ཡོད་པ་རེད།